༄༅།། དྭགས་པོ་ཐོར་འབུམ་སྐོར་ལ་དཔྱད་པ་བྱིས་བློའི་ཅོལ་ཆུང་།

ཚེ་རིང་རྣམ་རྒྱལ། ཁང་སར་བསོད་ནམས་འཆི་མེད། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 08-12


ཚེ་རིང་རྣམ་རྒྱལ། ཁང་སར་བསོད་ནམས་འཆི་མེད།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་གཙོ་བོར་དྭགས་པོ་ཐོར་འབུམ་གྱི་ལེའུ་གྲངས་དང་། མཛད་པ་པོ། མཛད་ལོ། མཛད་དགོས་པའི་རྒྱུ་མཚན།ཐོར་འབུམ་ནང་དུ་ཡོད་པའི་རིག་གཞུང་གི་ལྟ་བ་དང་དེས་ཕྱིས་བྱོན་གསོ་རིག་ལ་ཐེབས་པའི་ཤུགས་རྐྱེན་སོགས་ནང་དོན་ཆུང་བ་བདུན་གྱི་སྒོ་ནས་ཅུང་ཁ་ཚང་བའི་ངང་ནས་དཔྱད་པ་བྱས་ཡོད།
[བརྡ་ཆད་གཙོ་བོ།] དྭགས་པོ་ཐོར་འབུམ། དྭགས་པོ་ལྷ་རྗེ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0161-21
          དྭགས་པོ་ཐོར་འབུམ་ཞེས་པའི་གཞུང་རྙིང་དེ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་གོ་གནས་ཅུང་གལ་ཆེན་ཟིན་ཡོད་པའི་གཞུང་ཞིག་ཡིན་ལ། ད་བར་དུ་གཞུང་དེའི་པར་མ་གཅིག་ཀྱང་པར་བསྐྲུན་བྱས་མེད་པས་གཞུང་རྙིང་དེ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་གཅིག་ཀྱང་མེད། སྤྱིར་དྭགས་པོ་ཐོར་འབུམ་ཞེས་པ་ནི་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པར་འདོད་པ་དང་། དེ་ལ་མ་བུའི་ཚན་པ་བརྒྱ་དང་དྲུག་ཅུ་རེ་བརྒྱད་ཡོད་པར་གྲགས་པས་དེ་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་ནི་རང་ཉིད་ལྟ་བུ་སྐྱེས་སྟོབས་ཀྱི་ཤེས་རབ་དབེན་པ་ཞིག་གི་ལས་ཀ་ག་ལ་ཡིན། འོན་ཀྱང་སྟབས་ལེགས་པ་ཞིག་ལ་སྤྱི་ལོ་2015ལོའི་ཟླ་12པའི་ནང་དུ་གྲོགས་མཆོག་ཞིག་གི་རོགས་རམ་ལ་བརྟེན་ནས་དྭགས་པོ་ཐོར་འབུམ་གྱི་པར་སློག་ཅིག་ལག་ཏུ་སོན་པ་དང་། པར་སློག་དེ་ནི་དབུ་མེད་བྲིས་མ་ཞིག་ཡིན་ལ། དེ་ལ་ཤོག་གྲངས་བརྒྱ་དང་གྱ་དགུ་ཡོད་ཅིང་ཤོག་ངོས་རེར་ཡིག་ཕྲེང་བཅུ་རེ་ཡོད།དཔེ་རྙིང་ནང་དུ་བརྡ་རྙིང་གང་མང་ཞིག་ཡོད་པ་དང་དེང་དུས་སུམ་རྟགས་ཀྱི་འབྲི་སྲོལ་དང་མི་མཐུན་པ་ཡོད་པ་སོགས་ལ་བརྟེན་ནས་དཔེ་རྙིང་ཡིན་པར་ཐག་བཅད། དཔེ་རྙིང་དེ་ལག་ཏུ་སོན་པ་དང་ཆབས་ཅིག་དེ་ལ་ཞིབ་འཇུག་ཅུང་ཟད་བྱས་ན། རྗེས་ཕྱོགས་བོད་ལུགས་གསོ་རིག་གི་ཡིག་རྙིང་ཞིབ་འཇུག་དང་། གསར་སྐྱེས་གཞོན་གསར་ཚོས་དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་མཛད་འཕྲིན་ལ་ངེས་ཤེས་ཇེ་ཆེར་འགྲོ་སྙམ་པ་བྱུང་བས་གཞུང་རྙིང་དེ་ལ་ཞིབ་འཇུག་རགས་ཙམ་བྱས་པའི་ནང་དོན་གཤམ་གསལ་ལྟར།
          དང་པོ། དྭགས་པོ་ཐོར་འབུམ་གྱི་གཞུང་ཚད་སྐོར་ལ་དཔྱད་པ།
          སྤྱིར་དྭགས་པོ་ཐོར་འབུམ་གྱི་ནང་དོན་ཆ་ཚང་བཀོད་ཡོད་པའི་གསོ་རིག་གི་ཆོས་འབྱུང་ནི་དེའུ་དམར་རིན་པོ་ཆེས་མཛད་པའི་གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་དགའ་སྟོན་ཞེས་པ་དེ་ཡིན།ཆོས་འབྱུང་དེའི་ནང་དུ། “སྤྱིར་གདམས་པའི་མཛོད་འདི་ལ་རྩ་བ་མའི་ཡིག་སྣ་བརྒྱ་དང་ཉེར་གཅིག གསལ་བྱེད་བུའི་ཡིག་སྣ་སུམ་ཅུ་རྩ་བརྒྱད། གབ་སྦས་གསལ་བྱེད་འཁོར་ལོ་དགུ་དང་། ཁྱོན་བསྡོམས་པས་ཡིག་སྣ་མ་བུའི་ཚན་པ་བརྒྱ་དང་དྲུག་ཅུ་རེ་བརྒྱད་བཞུགས་པ་དངོས་མཇལ་དང་གཞན་ཡང་གསོ་རིག་བསྟན་བཅོས་ཁ་ཤས་ཡོད་པར་གྲགས་ཀྱང་མ་མཇལ་”②ཞེས་པ་ལྟར་དེའུ་དམར་རིན་པོ་ཆེས་དྭགས་པོ་ཐོར་འབུམ་འདི་མཇལ་མྱོང་ཡོད་ལ་ཐོར་འབུམ་དེ་ལ་མ་བུའི་ཚན་པ་བརྒྱ་དང་དྲུག་ཅུ་རེ་བརྒྱད་ཡོད་པ་དང་། དཀར་ཆག་ཆ་ཚང་བཀོད་ཡོད་ལ་དཀར་ཆག་གི་ནང་དོན་དགུ་བཅུ་རྩ་བདུན་ཡོད། འོན་ཀྱང་བདག་གི་ལག་ཏུ་སོན་པའི་པར་སློག་ཐོར་འབུམ་དེའི་དཀར་ཆག་ནང་དུ། བསྟོད་པ་གསོལ་འདེབས་བཀྲ་ཤིས་དང་བཅས་པ་དང་། ཞུས་ལེན་ལུང་བསྟན་སྨོན་ལམ་དང་བཅས་པ་དང་། ཞུས་ལེན་ཆེན་མོ་མན་ངག་བཞི་བཅས་པ་དང་། གདམས་པའི་འབྱུང་ཁུངས་རྒྱུད་ཚིག་དང་བཅས་པ་དང་། རྗེ་བཙུན་ཉིད་ཀྱི་རྣམ་པར་ཐར་བའི་ཚིག་དོན་བསྡུས་པ་དང་། ཉིད་ཀྱི་གསུང་སྒྲོས་ཁྱད་པར་ཅན་གདམས་པ་དང་བཅས་པ་དང་། མགོ་དཔྱད་ཡིད་བཞིན་ནོར་བུ་ཡིག་ཆུང་བཅུ་བདུན་འཁོར་ལོ་དང་བཅས་པ་དང་། ཚ་དཔྱད་འཕྲུལ་གྱི་ལྡེ་མིག་ཡིག་སྣ་དང་བཅས་པ་དང་། ཆུང་དཔྱད་འཕྲུལ་གྱི་ལྡེ་མིག་ཡིག་ཆུང་དང་བཅས་པ་དང་། གང་དུ་མུར་བ་དྲན་བཅོས་ཡིག་སྣ་དང་། རྩ་དཔྱད་ཉི་མའི་སྒྲོན་མེའི་ཡིག་སྣ་དང་། སྨན་དཔྱད་ཆེ་བ་དང་བཅས་པ་དང་། ལྷ་རྗེ་རེ་ལྡེའི་སྦྱོངས་འབུལ་གདམས་པ་དང་བཅས་པ་དང་། ལྷ་རྗེ་རེ་ལྡེའི་ཁྱོགས་དཀའི་ཡིག་སྣ་དང་།སྤྱིར་ཆོས་སྒོ་གདམས་པ་བཞི་བཅུ་རྩ་བཞི་བཞུགས་སོ།། ཡིག་ཆུང་མ་བུ་བརྒྱ་དང་བཅོ་ལྔ་བཞུགས་སོ།། མོ་ནད་བཅོས་ཀྱང་ཡོད།③ ཅེས་པས་དྭགས་པོ་ཐོར་འབུམ་གྱི་དཔེ་རྙིང་དེའི་ནང་དཀར་ཆག་བཅོ་ལྔ་ལས་མེད་པས་དེ་གཉིས་བར་ལ་མི་འདྲ་བའི་ཁྱད་པར་མཆིས་ཀྱང་ནང་དོན་ཕལ་ཆེར་འདྲ་མཚུངས་ཡིན། དེ་གཉིས་ཀྱི་དཀར་ཆག་གི་ནང་དོན་བར་ལ་བསྡུར་བ་བྱས་པ་གཤམ་གསལ་ལྟར།
དེའུ་དམར་བས་མཇལ་བའི་ཐོར་འབུམ་དང་པར་སློག་ཐོར་འབུམ་བར་གྱི་ཞིབ་བསྡུར།



          གོང་གི་གཤིབ་བསྡུར་རེའུ་མིག་ལས་ཤེས་ཐུབ་པ་ནི་པར་སློག་ཐོར་འབུམ་དེའི་ནང་དུ་ནང་དོན་གང་མང་ཞིག་ཚང་མེད་པས་དེའུ་དམར་བས་མཇལ་བའི་ཐོར་འབུམ་དེ་དང་པར་སློག་ཐོར་འབུམ་དེ་གཉིས་ཀྱི་གཞུང་ཚད་བར་ལ་ཁྱད་པར་མི་འདྲ་བ་ཡོད། གཞན་པར་སློག་ཐོར་འབུམ་དེའི་དཀར་ཆག་ཏུ་མོ་ནད་བཅོས་དང་ལྷ་རྗེ་རེ་ལྡེའི་སྦྱོངས་འབུལ་གདམས་པ་དང་བཅས་པ། གང་དུ་མུར་བ་དྲན་བཅོས་ཡིག་སྣ་དང་། ལྷ་རྗེ་རེ་ལྡེའི་ཁྱོགས་དཀའི་ཡིག་སྣ་སོགས་ཡོད་པར་བཤད་ཀྱང་ནང་དོན་དངོས་སུ་མེད་པ་སོགས་ཀྱི་གནས་ཚུལ་ཡོད་པ་དང་། ནང་དོན་ཁ་ཤས་བར་ལ་མགོ་མཇུག་ལོག་ཡོད་པ། ཡང་ལེའུ་གཅིག་གི་ནང་དུའང་ནང་དོན་ཁ་ཤས་ཚང་མེད་པ། ཁྱོན་ཡོངས་ལ་ནང་དོན་ལེའུ་དྲུག་ཅུ་རེ་བདུན་ལས་མེད་པ། ལེའུ་དོན་བརྒྱད་པ་རྗེས་ཀྱི་ནང་དོན་གཅིག་ཀྱང་མེད་པ་སོགས་ལ་དཔགས་ན་པར་སློག་ཐོར་འབུམ་དེའི་ནང་དོན་ལ་ཆད་ལྷག་གང་མང་ཡོད་པ་ཤེས།འོན་ཀྱང་དེའུ་དམར་བས་དྭགས་པོ་ཐོར་འབུམ་དངོས་སུ་མཇལ་མྱོང་བ་དང་། དེའི་ནང་དོན་དག་ཀྱང་དཀར་ཆག་ཏུ་བཏབ་ནས་ཚིག་བཅད་གང་མང་ཅིག་ལུང་འདྲེན་བྱས་ཡོད་ལ། དཀར་ཆག་དེ་དག་གི་གོ་རིམ་སྒྲིག་སྟངས་ཀྱང་སྤྱིའི་ཆ་ནས་པར་སློག་ཐོར་འབུམ་དེ་དང་གཅིག་པས་དེའུ་དམར་བས་གསུངས་པའི་དྭགས་པོ་ཐོར་འབུམ་ལ་མ་བུའི་ཚན་པ་བརྒྱ་དང་དྲུག་ཅུ་རེ་བརྒྱད་ཡོད་པར་འདོད་པ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་། པར་སློག་ཐོར་འབུམ་དེ་དྭགས་པོ་ཐོར་འབུམ་ཡིན་པ་དང་ནང་དོན་ཁ་ཚང་མིན་པའང་ཞོར་ལ་ཤེས་ཐུབ་བོ།།
          གཉིས་པ། དྭགས་པོ་ཐོར་འབུམ་གྱི་མཛད་པ་པོའི་སྐོར་ལ་དཔྱད་པ།
          སྤྱིར་དྭགས་པོ་ཐོར་འབུམ་གྱི་མཛད་པ་པོ་ནི་རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ཡིན་པར་འདོད་ཀྱང་། དྭགས་པོ་ཐོར་འབུམ་དེ་ཉིད་མགོ་ནས་མཇུག་བར་ཞིབ་བལྟ་བྱས་ན།དྭགས་པོ་ཐོར་འབུམ་ནི་རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་དང་ཞང་སྨན་ནག་གཉིས་ཞུ་བ་ཞུས་ལན་ཚུལ་དུ་བྲིས་པ་ཞིག་ཡིན་ལ། རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ཡིས་གསུངས་ནས་ཞང་སྨན་ནག་པས་ཡི་གེར་བཀོད་པ་ཞིག་ཡིན། དེ་ལ་དྭགས་པོ་ཐོར་འབུམ་ལས། “བུ་ལྷ་རྗེ་སྨན་ནག་ཉོན་དང་ན།།ཁྱོད་རྫུ་འཕྲུལ་ཅན་གྱི་སྐྱེས་བུ་ཅིག། དྲི་མཁས་པས་གདམས་ངག་ཉམས་སུ་བླངས།། འདི་བཞིན་དྲི་ཤེས་ཤིན་ཏུ་ལེགས།།ཐུགས་གཙེའ་གཅིག་མ་ཡེང་སྙན་གསོན་མཛོད།།”④ཞེས་དང་ཡང་། “དེ་ཕྱིར་ངའི་ཁ་ཆེམས་དེས།། བུ་སྨན་ནག་ཁྱོད་ཀྱི་ཡིད་ལ་ཟུངས།།”⑤ ཞེས་དང་ཡང་བདུད་རྩི་སྐྱེར་ཞུན་སྐབས། “ལྷ་རྗེ་དབུའ་བསིལ་ཐུགས་སུ་ཆུད།། ང་དགས་པོ་སྒོམ་པས་ཉམས་སུ་བླངས།། ཞང་སྟོན་དད་པའི་རྟོགས་སྤྱོད་མཛོད།། ཞེས་སོ།། གཞན་མགོ་སྨན་ཡིད་བཞིན་ནོར་བུ། ཀླུ་མོ་བཀའི་ཡང་སྡེ་སྐབས། འདིའི་རྒྱུད་པ་བསྟན་པ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ། འཛིའ་ན་མི་ཏྲ། ཁ་ཆེ་རྒྱལ་བའི་དབང་ཕྱུག གནུབ་རྒྱལ་བའི་ཡེ་ཤེས། རྩང་པ་ལྷ་རྗེ་དབུའ་སིལ། བླ་མ་དགས་པོ་ལྷ་རྗེ། ཞང་སྒོམ་སྨན་ནགཞང་སྒོམ་རྡོ་རྗེ་རྒྱལ་མཚན། རྩང་པ་དོན་གྲུབ་སེང་གེལྷས་པ་མཆེད་བཙུན། རྒྱ་ལག་དར་མ་རྒྱལ་མཚན། དེས་བདག་ལའོ།།”⑥ཞེས་པ་ཞིག་ཡོད་པ་དེ་ནི་མཆན་ཡིན་པར་འདོད་པ་ལས་བདག་ཅེས་པ་དེ་ཞང་སྨན་ནག་པ་མིན། དེ་མིན་གོང་གི་མི་སྣ་འདི་དག་དེའུ་དམར་བས་དྭགས་པོ་ཐོར་འབུམ་གྱི་གསོ་རིག་རྒྱུད་འཛིན་པའི་བརྒྱུད་པ་བཤད་པའི་སྐབས་ཀྱི་མི་སྣ་དང་གཅིག་ཡིན་པ་དང་གོ་རིམ་སྒྲིག་སྟངས་ཀྱང་གཅིག་པ་ཡིན་པས་པར་སློག་ཐོར་འབུམ་ནང་དེའི་སྐོར་ཐོན་ཡོད་པ་ནི་ཐོར་འབུམ་གྱི་མཆན་ཡིན་པ་ལས་ནང་དོན་དངོས་མིན། དེ་ཕྱིར་དྭགས་པོ་ཐོར་འབུམ་གྱི་མཛད་པ་པོ་ནི་རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་དང་ཞང་སྨན་ནག་པ་གཉིས་ཡིན་པས་དེ་གཉིས་ཀྱི་རྣམ་ཐར་རགས་ཙམ་བཀོད་ན།
          གཅིག རྗེ་དྭགས་པོ་ལྷ་རྗེ་ཡི་མཛད་རྣམ་་་་བཤད་པ།
          1.རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ཡི་རྣམ་ཐར་སྤྱིར་བཤད་པ། རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ནི་དབུས་ལ་དབུ་གཡོར་གཉིས་ཡོད་པ་ལས་གཡོར་གྱི་ནང་ཚན་གཉལ་གྱི་སེ་བ་ལུང་དུ་ཡབ་སྙི་བ་རྒྱལ་པོ་དང་། ཡུམ་ཤོ་མོ་བཟའ་ཆེ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་ལུག་ལོར་(སྤྱི་ལོ་1079)སྐུ་འཁྲུངས། དམ་པ་འདིའི་ཆུང་དུས་མཚན་ལ་《འབྲུག་པའི་ཆོས་འབྱུང་》དང་། 《བོད་སོག་ཆོས་འབྱུང》 《འབྲི་གུང་ཆོས་འབྱུང་》སོགས་སུ་དར་མ་གྲགས་ཟེར་བ་དང་དཔའ་བོ་གཙུག་ལག་ཕྲེང་བའི་(1504-1566)《ལྷོ་བྲག་ཆོས་འབྱུང་》དང་སྟག་ལུང་ངག་དབང་རྣམ་རྒྱལ་(1571-1626)གྱིས་《སྟག་ལུང་ཆོས་འབྱུང་》དུ་དར་མ་སྐྱབས་ཟེར། མིང་གཞན་སྙིང་པོ་ཀུན་དགའ་ཟེར་བས་《འབྲི་གུང་ཆོས་འབྱུང་》དུ་ཀུན་དགའ་སྙིང་པོ་ཟེར་བ་ནོར། མཚན་གྱི་རྣམ་གྲངས་གཞན་ལ་མེ་ཏོག་ཟླ་མཛེས། ཟླ་འོད་གཞོན་ནུ། རྣལ་འབྱོར་པ་སུ་ར།བསོད་ནམས་རིན་ཆེན། དབུས་པ་སྟོན་པ། དགེ་སློང་ཟླ་བ་རྒྱལ་མཚན། སྙི་སྒོམ་སྟོན་པ། དགེ་སློང་འཚོ་བྱེད། དྭགས་པོ་ལྷ་རྗེ། འཛམ་གླིང་གྲགས་པ། དགེ་སློང་རྡོ་རྗེ་འཛིན་པ།རྗེ་སྒམ་པོ་པ་སོགས་ཡོད།⑦ ཆུང་དུས་སུ་གསོ་དཔྱད་ལ་མཁས་པར་བསླབས་ནས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བསྐྱངས། མཆིམས་ཇོ་སྲས་ཀྱི་སྲས་མོ་ཁྱིམ་ཐབ་ཏུ་བཞེས་པ་ལ་སྲས་ཕོ་མོ་གཉིས་བྱོན་པ་དང་། ཇོ་མོ་དང་སྲས་གཉིས་ནད་ཀྱིས་འདས་རྗེས་འཁོར་བ་ལ་ངེས་འབྱུང་སྐྱེས་ནས་ཆིག་རྫོགས་ཀྱི་སྡོམ་པ་བཞེས། དེ་དུས་དམ་པ་འདི་དགུང་ལོ་ཉི་ཤུ་རྩ་དྲུག་ལ་བཞེད་པ་གཅིག་དང་། ལོ་ཉི་ཤུ་རྩ་བརྒྱད་ལ་འདོད་པ། དགུང་ལོ་བཞི་བཅུ་རྩ་བཞི་ལ་བཞེད་པ་སོགས་ཡོད་པ་ལས་《དེབ་ཐེར་སྔོན་པོ་》དང་《ལྷོ་བྲག་ཆོས་འབྱུང》《སུམ་པའི་ཆོས་འབྱུང》 《གུ་བཀྲ་ཆོས་འབྱུང》 《འབྲི་གུང་ཆོས་འབྱུང》 《བོད་སོག་ཆོས་འབྱུང་》སོགས་ཆོས་འབྱུང་དག་ཞལ་མཐུན་པར་རང་ལོ་ཉེར་དྲུག་སྟེང་དགེ་བཤེས་མང་ཡུལ་པ་བློ་ལྡན་ཤེས་རབ་དང་སློབ་དཔོན་ཤ་བ་གླིང་པའི་(1070-1141)མདུན་ནས་ཆིག་རྫོགས་མཛད་དེ་མཚན་བསོད་ནམས་རིན་ཆེན་དུ་གསོལ། དེའུ་དམར་བས་དགུང་ལོ་ཉི་ཤུ་རྩ་བརྒྱད་སྟེང་ཡིན་པར་འདོད་ལ། དྭགས་པོ་ཐོར་འབུམ་རང་དུ་དགུང་ལོ་བཞི་བཅུ་རྩ་གཉིས་ཡིན་པར་འདོད། དེ་རྗེས་དབུ་རུའི་བྱང་ཕྱོགས་སུ་བྱ་ཡུལ་བ་(1075-1138)དང་།སྙུག་རུམ་པ། (1042- 1120)ལྕགས་རི་གོང་ཁ་བ་སོགས་ལས་ཇོ་བོ་བཀའ་གདམས་པའི་ཆོས་མང་དུ་གསན། དགུང་ལོ་སོ་གཉིས་པ་ལྕགས་ཕོ་སྟག་གི་ལོར་(སྤྱི་ལོ་1110)རྗེ་བཙུན་མི་ལ་རས་པ་དང་མཇལ་ནས་ཕྱག་རྒྱ་ཆེན་པོའི་གདམས་ངག་མ་ལུས་པ་གསན། དགུང་ལོ་སོ་གསུམ་པ་ལྕགས་ཡོས་ལོར་(སྤྱི་ལོ་1111)དབུས་སུ་བྱོན་ནས་གཉལ་སེ་བ་ལུང་དུ་སྒོམ་སྒྲུབ་ལ་བརྩོན། དགུང་ལོ་ཞེ་གསུམ་སྟེ་ལྕགས་གླང་ལོར་(སྤྱི་ལོ་1121)དྭགས་ལྷ་སྒམ་པོ་བཏབ་ནས་སློབ་ཚོགས་མཐའ་ཡས་པ་བསྐྱངས། གཞན་བཀའ་ཕྱག་ཆུ་བོ་མཉམ་འདྲེས་ཀྱིས་སྲོལ་བཏོད་ནས་དྭགས་པོ་ཐར་རྒྱན་ཞེས་པའི་གཞུང་བརྩམས།དགུང་ལོ་དོན་ལྔ་པ་ཆུ་བྱ་ལོའི་(སྤྱི་ལོ་1153)ཁྲུམས་ཟླ་བའི་ཚེས་བཅོ་ལྔའི་ཉིན་དགོངས་པ་རྫོགས། འདི་ལ་《དེབ་ཐེར་དམར་པོ་》ལས་དགུང་ལོ་དོན་དགུ་སྟེང་གཤེགས་པར་འདོད་ཀྱང་ཆོས་འབྱུང་གཞན་དག་ཐམས་ཅད་ལས་དོན་ལྔ་སྟེང་གཤེགས་པར་འདོད་པས་དེ་བདེན་པར་ངེས་སོ།། དམ་པ་དེའི་རྣམ་ཐར་དྭགས་པོ་ཐོར་འབུམ་དུ་ཡོད་པ་རྗེ་བཙུན་ཉིད་ཀྱི་རྣམ་ཐར་ཚིག་དོན་བསྡུས་པ་ནི། “ཨོ་སྭ་སྟི། ཡུལ་དམྱལ་སྟོད་སེ་བ་ལུང་བྱ་བ་ན། ཡབ་ལྷ་རྗེ་མཁོན་ཚ་རྒྱང་འབར་བྱ་བ་དང་། ཡུམ་མཁོན་ཟ་རྡོ་རྗེ་བྱ་བ་གཉིས་ལ།སྲས་བཞི་སྐུ་འཁྲུངས་པ་ལ། ཆེ་བའི་མཚན་ནི། སྙེ་བ་ཀུན་དགའ་བྱ་བ་འདུགས། དགུང་ལོ་བཞི་བཅུའ་རྩ་བཞི་ལ་དགེ་བཤེས་ཤ་བ་གླིང་པ་ལ། རབ་ཏུ་བྱུང་བའི་མཚན་ནི།བསོད་ནམས་རིན་ཆེན་བྱ་བར་འདུག དགེའ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་པད་གྲག་བྱ་བར་འདུགས། ནུབ་ཕྱོགས་ཨུ་རྒྱན་ན་བཞུག་པའི་དུས་ན། རྣལ་འབྱོར་པ་སུ་ར་བྱ་བར་འདུག མདོའི་ཏིང་ངེ་འཛིན་ལས། མེ་ཏོག་ཟླ་མཛེས་བྱ་བར་འདུགའདུལ་བའི་མཚན་ནི། ཟླ་འོད་གཞོན་ནུ་བྱ་བར་འདུག ཐུབ་པས་ལུང་བསྟན་པའི་མཚན་ནི། རྒྱལ་བ་དྲི་མེད། ཉིད་ཀྱི་ཉིད་ལ་མཚན་བཏགས་པ་ནི། ཟླ་བའི་རྒྱལ་མཚན་བྱ་བར་འདུག དྭགས་ལ་སྒམ་པོར་བཞུགས་པའི་དུས་ན། དགས་པོ་ལྷ་རྗེ་བྱ་བར་འདུག་”⑧ཅེས་གསུངས་པ་དང་འབྲི་གུང་གདན་རབས་སུ་སྲས་བཞི་ཡོད་པ་ལས་ཆེ་བ་བདག་ཉིད་འདི་ཡིན་པར་འདོད་པ་དེ་ཆོས་འབྱུང་གཞན་དག་ཏུ་སྲས་གསུམ་ཡོད་པ་ལས་འབྲིང་བ་ཡིན་པར་བཤད་པ་དང་མི་གཅིག་པས་འབྲི་གུང་གདན་རབས་ཀྱི་བཞེད་པ་བདེན་པར་སེམས་སོ།།
          2. རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ཡི་གསོ་རིག་སྐོར་གྱི་མཛད་བཟང་བྱེ་བྲག་ཏུ་བཤད་པ། རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ཡི་ཆེས་ཐོག་མའི་གསོ་རིག་གསན་ས་ནི་རང་ཉིད་ཀྱི་ཕ་ཡིན་པར་འདོད་དེ། ཕ་དེ་ཉིད་ལྷ་རྗེ་ཡིན་ཚུལ་དྭགས་པོ་ཐོར་འབུམ་དང་ལྷོ་བྲག་ཆོས་འབྱུང་གཉིས་སུ་བཀོད་ཡོད་ལ། དེ་ལ་《ལྷོ་བྲག་ཆོས་འབྱུང་》དུ། “ཡབ་སྨན་དང་སྔགས་མཁྱེན་པའི་རྒྱལ་པོ་དགའ། ཡུམ་ཤོ་མོ་བཟའ་ཆེ་ལྕམ། ཆེ་བ་རྒྱ་པ་གསེར་རེ། ཆུང་བ་སྙི་ཆུང་བ། འབྲིང་པོ་རྗེ་འདི་ས་མོ་ལུག་ལ་འཁྲུངས། མཚན་དར་མ་སྐྱབས། སྨན་དང་སྔགས་ལ་མཁས་པར་གྱུར་”⑨ཞེས་པས་དམ་པ་དེས་ཕའི་མདུན་ནས་གསོ་རིག་གི་སྐོར་ལ་སྦྱངས་པ་བྱས་ཡོད་པ་རྟོགས། 《དེ་ལ་དེའུ་དམར་བའི་གསོ་རིག་ཆོས་འབྱུང་》ལས། “རང་གི་ཡབ་མེས་གཙོས་པའི་གསོ་རིག་གི་སློབ་དཔོན་སུམ་ཅུ་ཙམ་ལ་གཏུགས། དེའི་ནང་ནས་དབུས་པ་དར་གྲགས་དང་རོག་སྟོན་དཀོན་མཆོག་སྐྱབས་ཀྱིས་གཙོས་པའི་མཁས་པ་བཅུ་གསུམ་བསྟེན་”⑩ཞེས་གསུངས་ཀྱང་གཡུ་ཐོག་གསར་མ་ཐོག་དང་པོར་རོག་སྟོན་དཀོན་མཆོག་སྐྱབས་ལ་མཇལ་ནས་རྐང་འབམ་གསོ་བཅོས་བྱེད་དུས། རོག་སྟོན་མཆོག་དབུས་སུ་མཚན་ཉིད་སློབ་གཉེར་བྱེད་པར་ཕེབས་པའི་སྐབས་ཡིན་པས་རོག་སྟོན་དགུང་ལོ་ཅུང་ཆུང་བ་ཤེས། འོན་ཀྱང་དེ་དུས་དྭགས་པོ་ལྷ་རྗེ་དགུང་ལོ་དྲུག་ཅུ་རྩ་གཉིས་ལ་སླེབས་ཡོད་པ་དང་དེ་དུས་རོག་སྟོན་མཆོག་གིས་ཀྱང་གསོ་རིག་མཁྱེན་ཚུལ་མེད་པས་དྭགས་པོ་ལྷ་རྗེ་ཡི་དགེ་རྒན་ཡིན་མི་སྲིད་སྙམ། དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་སློབ་དཔོན་གཙོ་བོ་ནི་ལྷ་རྗེ་རྣམ་གསུམ་ཡིན་པ་སྟེ། དེའི་སྐོར་ལ་དྭགས་པོ་ཐོར་འབུམ་ལས། “སྒོས་རིག་པ་ཅན་གྱི་བླ་མ་ལ།། གཞན་དོན་དགེའ་བར་འདུག་བསྙམས་པས།། དབུས་ཙང་མཁས་པ་བཅུ་གསུམ་བསྟེན།། ཟབ་ཟབ་ཀྱི་ཁ་འཐོར་གདམས་ངག་ཞུས།། ཁྱད་པར་ལྷ་རྗེ་རྣམ་གསུམ་ལ།། སྨན་རྒྱུད་གཞུང་ལུང་དང་བཅས་པ་ཉན།། ཁོང་མཉེས་པ་ཙམ་གྱིས་འབུལ་བ་བྱས།། བཞུད་ཀ་ལུང་གི་གདམས་ངག་ཞུས།།”⑾ཞེས་དང་ཡང་།“དགེའ་སློང་ཟླ་བ་རྒྱལ་མཚན་འདིས།། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།། སྙིང་ནས་ཐག་ཆོད་མ་གོ་བས།།འགྲོ་དོན་རིག་པའི་སྨན་འདི་བསླབས།། རྒྱུད་བྱིན་བརླབ་ཅན་གྱི་བླ་མ་བསྟན།། རི་རབ་ལྟ་བུའི་དབུའ་བསིལ་ལ།། དྲོད་གཤེར་ལྟ་བུའི་བསྙེན་བཀུར་བྱས།། ལྗོན་ཤིང་ལྟ་བུའི་གདམས་ངག་ཞུས།། འབྲས་བུ་ཀུན་གྱི་གསོས་སུ་ཤོག། ནམ་མཁའ་ལྟ་བུའི་སྐྱེ་མེད་ལ།། སྤྲིན་བྲལ་ལྟ་བུའི་ཞབས་ཏོག་བྱས།། ཉི་ཟླ་ལྟ་བུའི་གདམས་ངག་ཞུས།། འོད་གསལ་ཀུན་གྱི་སྒྲོན་མར་ཤོག། ཀླུ་རྒྱལ་ལྟ་བུའི་སྨན་གཞོན་ལ།། འོ་མ་ལྟ་བུའི་འབུལ་བ་བྱས།། རྒྱ་མཚོ་ལྟ་བུའི་གདམས་ངག་ཞུས།།ཆར་བས་ཀུན་ལ་ཁྱབ་པར་ཤོག།”⑿ ཡང་། “ལྷ་རྗེ་དབུའ་བསིལ་མ་བསྟེན་ཚེ།། སྨན་རྩ་ལག་གཞུང་བཞི་འབྲེལ་མ་ཐུབ།། མཁས་པ་སྐྱེ་མེད་མ་བསྟེན་ཚེ།། ནང་དོན་སྣོད་མུན་པའི་བཟོའ་མ་ཤེས།། བེ་ཅི་སྨན་གཞོན་མ་བསྟེན་ཚེ།། རྩ་མྱིག་མང་གནད་ཀྱི་བརྡ་མ་གོ། འདི་གསུམ་རིག་པའི་སློབ་དཔོན་ལགས།།”⒀ ཞེས་པ་དང་ཡང་། “གྲུབ་ཐོབ་ཀྱི་རྒྱལ་པོ་ལྷ་རྗེ་དབུའ་བསིལ་དང་།། ལྟ་བ་རྟོགས་པའི་མཁས་པ་སྐྱེ་མེད་གཉིས།། ཟླ་བ་སུམ་ཅུ་རེ་རེ་བསྟེན།། རྒྱུད་ལུང་དང་བཅས་པའི་གདམས་ངག་གནང་།། བེ་ཅི་སྨན་གཞོན་ལ་སོགས་པ།། དབུས་ཙང་གི་མཁས་པ་བཅུའ་དང་འབྲེལ།།རིག་པའི་མན་ངག་འཐོར་བུ་བསྡུས།།”⒁ ཞེས་གསུངས་པས། རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ཡིས་སློབ་དཔོན་པདྨ་འབྱུང་གནས་དང་ཀླུ་སྒྲུབ་ཀྱི་དངོས་སློབ་དུ་གྱུར་པ་གྲུབ་ཐོབ་ཀྱི་རྒྱལ་པོ་ཆེན་པོ། རྒྱ་གར་གྱི་སྨན་པ་སྐྱེ་མེད་བྱ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྨན་པ་དེ་བོད་དུ་བྱོན་པ་ལ། རྒྱུད་ཨ་བ་རིན་ཆེན་ཕྲེང་བ། རིག་པའི་ལེགས་རྩེ་གསེར་ཕྲེང་།བྱང་ཁོག་འགྲེལ་པ་དཀར་ནག རིན་པོ་ཆེའི་དབྱིག ཀླུ་སྒྲུབ་ཀྱི་མན་ངག་ཆེ་ཆུང་། གསེར་གྱི་མིག་མངས་རིས་ཀྱི་རྒྱུད། རྒྱུད་རིག་པའི་མེ་གྲོ་གཟི་ཆེན་སོགས་ཀྱིས་གཙོས་པའི་དཀོར་མཛོད་རྒྱུད་མན་ངག་ལག་ལེན་དུ་མ་ཞུས། གཙང་གི་ལྷ་རྗེ་དབུ་བསིལ་ཞེས་པ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་སྨན་པ་དེ་ལས། མགོ་བཅོས་བདུད་རྩི་ལྷུང་བཟེད། སྲོག་བཅོས་ལྐུགས་པ་ཁ་འབྱེད། སོ་མ་ར་ཛཱ། རིག་པ་གསེར་མཛོད། བདུད་རྩི་བསེ་སྒྲོམ། སྦྱོར་བ་བརྒྱ་པ། དབྱིག་རྒྱུད་བཅུ་གསུམ་པ། རིན་ཆེན་དབྱིག་ལེའུ་བདུན་ཅུ་པ་ལ་སོགས་པའི་མན་ངག་མང་བ་དང་། གཙང་པ་བི་ཇི་སྨན་གཞོན་ཞེས་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེ་ལས་བི་ཇི་རང་གི་གསན་ཡིག་ཐམས་ཅད་གསན། བི་ཇི་སྨན་གཞོན་གྱི་ལོ་རྒྱུས་དང་གསན་ཡིག་སོགས་དེའུ་དམར་བའི་གསོ་རིག་ཆོས་འབྱུང་དུ་རྒྱས་པར་བཀོད་ཡོད་ཀྱང་གསན་ཡིག་དེའི་ནང་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་དཔེ་ཆ་གང་མང་ཅིག་ཡོད་པས་ལོ་རྒྱུས་ལོ་ཚིགས་མི་འགྲིག་པའི་གནས་ཚུལ་གང་མང་ཞིག་ལྡན་པ་སྟེ། བི་ཇི་སྨན་གཞོན་ནི་དྭགས་པོ་ལྷ་རྗེ་ཡི་དགེ་རྒན་ཡིན་པ་དང་། གཡུ་ཐོག་གསར་མ་ནི་དྭགས་པོ་ལྷ་རྗེ་ལས་དགུང་ལོ་བཞི་ཅུ་རྩ་བདུན་གྱིས་ཆུང་བས་གསན་ཡིག་དེ་དག་བདེན་པ་མིན་པར་སེམས། དེ་ཕྱིར་དྭགས་པོ་ལྷ་རྗེ་ཡི་བི་ཇི་སྨན་གཞོན་མདུན་ནས་གསན་པའི་གསོ་རིག་གི་དཔེ་ཆ་གཙོ་བོ་གང་ཡིན་ཁ་གསལ་མ་ཐུབ་ཀྱང་དྭགས་པོ་ཐོར་འབུམ་གཞུང་ནང་དུ་ལྟོས་ན་ཅུང་ཤེས་ཐུབ་པ་ནི།“གཙོ་བོར་བི་ཇི་པོ་ཏི་ཁ་སེར་གསན་ཡོད་པ་སྟེ། བི་ཇི་པོ་ཏི་ཁ་སེར་གྱི་མགོ་རྨ་གསོ་བའི་ནང་དོན་ཁག་ཅིག་ཐོར་འབུམ་འདིའི་ནང་དུ་མཐོང་ཐུབ། ཡང་རྩང་པ་མཁན་ཆེན་བཟང་སྟོན་ཞེས་པ་ཞིག་གི་མདུན་ནས་ཀྱང་གསོ་རིག་གསན་ཡོད་པ་སྟེ། དུག་སྦྱོང་སྐབས། དེ་ལ་སློབ་དཔོན་རྒྱལ་བ་ཡེ་ཤེས། དེ་ལ་ཁ་ཆེ་བྱང་ཆུབ་ཡེ་ཤེས། དེ་ལ་རྩང་པ་མཁན་ཆེན་བཟང་སྟོན། དེ་ལ་བདག་གིས་ཞུས་པ་ལགས་”⒂ཞེས་གསུངས་ཡོད་པ་དང་བླ་མ་འཁོན་གྱི་གདམས་ངག་ཀྱང་གང་མང་གསན་ཡོད་པས། མདོར་ན་དྭགས་པོ་མཉམ་མེད་ལྷ་རྗེ་རིན་པོ་ཆེའི་གསོ་རིག་གསན་ཡུལ་གཙོ་བོ་ནི་ལྷ་རྗེ་རྣམ་གསུམ་ཡིན་པ་དང་། གཞན་རྩང་པ་མཁན་ཆེན་བཟང་སྟོན་དང་བླ་མ་འཁོན་སོགས་དབུས་གཙང་གི་མཁས་པ་བཅུ་གསུམ་ལྷག རང་གི་ཕ་རྒྱལ་པོ་དགའ་སོགས་ཡིན་པའི་ལྟ་ཚུལ་དེ་ལོ་རྒྱུས་དོན་དངོས་དང་བདེན་པར་སྙམ།
          སྤྱིར་ཆོས་འབྱུང་དང་རྣམ་ཐར་དག་ཏུ་དམ་པ་འདི་རབ་ཏུ་མ་བྱུང་བའི་སྔ་རོལ་དུ་ལྷ་རྗེ་ཡི་ལག་ལེན་དག་མཛད་པ་དང་། རབ་ཏུ་བྱུང་ནས་རྗེ་བཙུན་མི་ལ་རས་པ་(1040-1123)ལས་གཏུམ་མོ་མེ་དྲོད་སོགས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་དག་གསན་རྗེས་གསོ་རིག་གི་བྱ་གཞག་མ་མཛད་པར་གྲགས་ཀྱང་། དེ་ནི་ལོ་རྒྱུས་དངོས་ཡོད་དང་མི་མཐུན་པའི་གཏམ་ཞིག་ཡིན་པ་སྟེ། དྭགས་པོ་ཐོར་འབུམ་མམ་སྨན་གཞུང་རིན་ཆེན་རྒྱ་མཚོ་ནི་དྭགས་པོ་ལྷ་རྗེ་ཡིས་དྭགས་ལྷ་སྒམ་པོའི་སྤྱིལ་བུར་ནས་ཞང་ལྷ་རྗེ་སྨན་ནག་ལ་གསུངས་པ་སྟེ། དྭགས་པོ་ཐོར་འབུམ་ལས། “བླ་མ་ལྷ་རྗེ་རིན་པོ་ཆེ།དག་ལ་སྤྱིལ་པོའི་སྨན་ཁང་ན། ཞང་ལྷ་རྗེ་སྨན་ནག་ལ།མྔག་ལུང་དང་བསྟུན་ནས་ནི། ཞལ་ཏ་རིམ་གྱིས་མཛད་པའོ།།”⒃ ཞེས་གསུངས་པས་དྭགས་པོ་ལྷ་རྗེས་དྭགས་ལ་སྒམ་པོའི་སྤྱིལ་པོ་ན་བཞུགས་དུས་དགུང་གྲངས་ཞེ་གསུམ་ལྷག་ལ་ཕེབས་པ་དང་། དེ་དུས་ཀྱང་དམ་པ་འདིས་གསོ་རིག་གི་དགེ་རྒན་བསྟེན་ཡོད་པ་སྟེ། དགེ་བསྙེན་སྒམ་པོའི་ཟང་ལུང་དེར། ང་བཀའ་གདམས་བོད་ཀྱི་རྣལ་འབྱོར་གྱིས། གཞན་དོན་རིག་པའི་སྨན་བསླབ་སྟེ། ཞེས་པས་ཟང་ལུང་ནི་ཕུག་པ་ཟངས་འདྲ་བ་ལ་སྤྱིལ་བུ་ལུང་ལྟར་བྱུང་འདུག་པའི་དོན་ཡིན་པ་དང་གནས་དེ་ནི་དྭགས་ལྷ་སྒམ་པོ་ཡིན་ཚུལ་བོད་སོག་ཆོས་འབྱུང་དུ་གསལ། གཞན་ཞང་སྨན་ནག་པས་དྭགས་པོ་ལྷ་རྗེ་ལོ་བཅོ་བརྒྱད་དུ་དགེ་རྒན་ལ་བསྟེན་ཡོད་པ་སོགས་ཕྱོགས་གང་ལ་དཔགས་ན་དམ་པ་འདིས་དགུང་ལོ་མཐོན་པོར་སླེབས་ཀྱང་ད་དུང་སྨན་དཔྱད་ཀྱི་མཛད་པ་བྱས་ཡོད་པར་འདོད། གཞན་གི་ཝང་གི་སྦྱར་ཐབས་སྐབས།“བདག་གི་དུག་དཔྱད་སྔར་མང་དུ་བྱས་པ་ཡིན་ཏེ། རྒྱའི་རྒྱལ་པོ་རྡེ་སེནྡེ་(ཡི་གེ་མི་གསལ་)ལ། མུ་སྟེགི་དུག་འབྱམ་མང་དུ་སོང་བར་ཡིན་པར་འདུག་པ་ལ། དབུས་ཙང་གི་མཁས་པ་མང་པོས་དཔྱད་བྱས། མ་སོས་ནས་ན་འདུག་པ་དང་། བདགི་དྲུང་ན་ཕྱིན་ནས། ཟང་ཟིང་གི་བསྙེན་བཀུར་༡་ཆེ་བར་བྱས། ཁོང་སྐོམ་ཤིན་ཏུ་ཆེ་བ་དང་། བདགིས་ཀྱང་བརྟག་པས་དུག་སྦྱོང་ལོག་པ་མང་དུ་སོང་བར་འདུག་སྟེ། བདགིས་ཀྱང་ཅི་ཤེས་ཅི་དྲན་ཀྱི་བློས་དཔྱད་ནས། བསྒྲུབ་པའི་གི་ཝང་དང་། (ཡི་གེ་མི་གསལ་)སྦྱོང་གི་རི་ལུ་དག་ནི།བདགི་དུག་སྨན་གྱི་རི་ལུ་བཏང་བ་ལགདེས་རྒྱལ་པོ་ཡང་སྙུང་དངས་བྲལ་ནས། སླར་ལ་ཁམས་བདེའི་སིང་སིང་བར་སོས། ཐུབ་པ་ལགས། དེ་ལྟར་བདགི་ཀྱང་ལག་ལེན་ཡིན་”⒄ཞེས་པ་སོགས་ལ་དཔགས་ན་དྭགས་པོ་ལྷ་རྗེ་འདི་ཉིད་ཀྱིས་མི་ཚེ་གང་པོར་གསོ་རིག་གི་མཛད་པ་ཤ་སྟག་བསྐྱངས་པ་ལྟ་བུ་གྱུར་ཡོད་པས། རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ནི་གསོ་བ་རིག་པའི་དེད་དཔོན་ཆེན་པོ་ཞིག་ཡིན་ཟེར་ན་མ་འགྲིག་པ་ཅི་ཡང་མེད། དྭགས་པོ་ཐོར་འབུམ་གཞུང་ནང་དུ་ལྟོས་ན་དམ་པ་འདི་བོད་ཀྱི་གསོ་རིག་ལས་མགོ་རྨ་གསོ་བ་དང་། སྨན་སྒྲོའི་ལག་ལེན། སྨན་ངོ་ངོས་འཛིན་དང་སྨན་གྱི་ཕན་ནུས། ག་བུར་སྦྱོར་ཐབས། ཆུ་ཤོར་བཅོས་ཐབས། ཏིག་ཏའི་སྦྱོར་སྡེ། དངུལ་ཆུའི་ལག་ལེན། དུག་ནད་གསོ་ཐབས་དང་དབང་རིལ་སྦྱོར་བཟོ་སོགས་ལ་ནང་བྱན་ཆུད་ཡོད་པ་དང་། དེང་དུས་བེད་སྤྱོད་བྱེད་པའི་དམ་པ་འདིས་མཛད་པའི་སྨན་སྦྱོར་ལའང་གསེར་མདོག་ལྔ་པ།བཅོ་ལྔ་དྲག་སྦྱོར། ནོར་བདུན་གློ་སྨན། ཆུ་སྦྲུལ་མཇིང་བསྣོལ། ཟངས་ཐལ་ཉེར་ལྔ། རྒྱ་རུ་མཇིང་བསྣོལ་སོགས་ཡོད་ལ། གཞན་ལ་ཕྱིའི་གངས་ཀྱི་རྭ་བ་ནས་ལ་ཕྱིའི་འབམ་ཐང་ཀྱང་གཏེར་ནས་དྲངས་པ་སོགས་དམ་པ་འདིས་གསོ་རིག་གི་མཛད་རྗེས་གང་མང་བསྐྲུན་ཡོད་དོ།།
          དམ་པ་འདིའི་གསོ་རིག་གི་སྲས་ཀྱི་ཐུ་བོ་ནི་ཞང་སྨན་ནག་པ་ཡིན་པ་དང་། གཞན་དེང་དུས་ཀྱི་གསོ་རིག་ལོ་རྒྱུས་ཡིག་ཆ་གང་མང་ཞིག་གི་ནང་དུ་དམ་པ་འདིའི་སློབ་མའི་གྲས་སུ་དགེ་སྦྱོང་པྲ་བྷ་རཏྣ་ཟེར་བ་ཞིག་ཡོད་ལ། དེ་དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་སློབ་མ་ཡིན་པའི་རྒྱུ་མཚན་ནི་མཁས་པ་དེས་མཛད་པའི་གསོ་རིག་གི་གསུང་རྩོམ་གྲས་སུ་《དྭགས་པོ་ལྷ་རྗེ་ཡི་གསུང་སྒྲོས་ཕན་བྱེད་རིག་པའི་མཛོད་》ཅེས་བྱ་བ་ཞིག་ཡོད་པ་དང་། དེ་མིན་གསུང་རྩོམ་དེའི་མཇུག་བྱང་དུ་“ཆོས་འཁོར་གྲོ་མཁར་གྱི་གཙུག་ལག་ཁང་དུ་སྦྱར་བའོ་”⒅ཞེས་པ་ལ་དཔགས་ནས་དེང་དུས་ཀྱི་གསོ་རིག་ལོ་རྒྱུས་སྨྲ་བ་ཚོས་དྭགས་པོ་ལྷ་རྗེ་ཡི་སློབ་མ་ཡིན་པར་འདོད། འོན་ཀྱང་དམ་པ་དེ་ནི་དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་སློབ་མ་ཡིན་མི་སྲིད་དེ། རྒྱུ་མཚན་དང་པོ་ནི་གསུང་རྩོམ་དེའི་ཁ་བྱང་དུ་དྭགས་པོ་ལྷ་རྗེ་ཡི་གསུང་སྒྲོས་ཟེར་ཡོད་པས་དྭགས་པོ་ལྷ་རྗེ་ཡི་ཞལ་ནས་དངོས་སུ་ཐོས་པ་ཡིན་ན་གསུང་སྒྲོས་ཟེར་ན་མི་འཐད་པར་སེམས། རྒྱུ་མཚན་གཉིས་པ་ནི་དེའུ་དམར་བའི་གསོ་རིག་ཆོས་འབྱུང་སོགས་སྔོན་ཆད་ཀྱི་ཆོས་འབྱུང་དང་རྣམ་ཐར། དེ་མིན་དྭགས་པོ་ཐོར་འབུམ་སོགས་ཚད་ལྡན་གྱི་གཞུང་ཡོད་ཚད་ནང་དུ་དྭགས་པོ་ལྷ་རྗེ་ཡི་སློབ་མའི་གྲས་སུ་དགེ་སྦྱོང་པྲ་བྷ་རཏྣ་ཟེར་བ་ཞིག་མེད་པ་དང་། དེ་མིན་དགེ་སྦྱོང་པྲ་བྷ་རཏྣ་བོད་སྐད་དུ་འགྱུར་ན་རིན་ཆེན་འོད་ཟེར་ཞེས་འགྱུར་བས་མཚན་དེ་དང་ལྡན་པ་ཞིག་ཀྱང་སློབ་མའི་གྲས་སུ་མེད། རྒྱུ་མཚན་གསུམ་པ་ནི་ཆོས་འཁོར་གྲོ་མཁར་གཙུག་ལག་ཁང་དུ་བརྩམས་ཞེས་པ་ལ་དཔགས་ཡོད་ཀྱང་། ཆོས་འཁོར་གཙུག་ལག་ཁང་ཆེས་ཐོག་མའི་ཕྱག་འདེབས་པ་པོ་ནི་མར་མི་གཉིས་ཡིན་ཀྱང་ཆོས་འཁོར་དུ་བསྒྱུར་མཁན་ནི་དཔའ་བོ་ཆོས་དབང་ལྷུན་གྲུབ་ཡིན་པ་དང་དམ་པ་དེ་ནི་དུས་རབས་བཅོ་ལྔ་པའི་ནང་དུ་བྱོན་པ་ཡིན་པས་ལོ་ཚིགས་འབྲེལ་མི་ཐུབ། གཞན་ཆོས་འཁོར་གྲོ་མཁར་ཟེར་ན་ལྷོ་བྲག་གྲོ་བོ་ལུང་དགོན་ཡིན་པའི་ངེས་པའང་མ་མཆིས། རྒྱུ་མཚན་བཞི་པ་ནི་གསུང་རྩོམ་དེའི་ནང་གི་གཉན་བཅོས་སྨན་སྦྱོར་བྱང་གཏེར་དག་ལས་བཏོན་ཡོད་པས། བྱང་གཏེར་ནི་རིག་འཛིན་རྒོད་ལྡེམ་(1325-1408)གྱིས་གཏེར་ནས་བཏོན་ཡོད་པས་རིག་འཛིན་རྒོད་ལྡེམ་དང་དྭགས་པོ་ལྷ་རྗེ་བར་དུ་ལོ་བརྒྱ་དང་ལྔ་བཅུ་ལྷག་གི་བར་ཁྱད་ཡོད་པ་དང་དྭགས་པོ་ལྷ་རྗེ་ཡི་སློབ་མ་དག་ལའང་ལོ་བརྒྱ་ལྷག་གི་ཁྱད་ཡོད། རྒྱུ་མཚན་ལྔ་པ་ནི་གསུང་རྩོམ་འདིའི་རཀྟ་གཅོད་པའི་ལེའུ་སྐབས་དྭགས་པོ་ལྷ་རྗེ་ལ་བླ་མ་སྒམ་པོ་བ་སྙི་སྒོམ་ཟེར་ནས་དེའི་སྔགས་གཅིག་གཞུང་འདིར་དྲངས་ཡོད་པ་དང་རང་ཉིད་ཀྱི་བླ་མ་མི་གཞན་ཞིག་ཡོད་པར་བཤད་ཡོད། རྒྱུ་མཚན་དྲུག་པ་ནི་རིམས་ནད་གསོ་བའི་སྐབས་རིམས་ཀྱི་དབྱེ་བ་ལྔ་ཡོད་པར་འདོད་པ་དེ་ཆག་སྨན་པའི་ལུགས་ཡིན་པར་བཤད་ཡོད་པ་དང་། ཆག་སྨན་རིན་རྒྱལ་གྱི་ཁུ་ཚུར་འབུམ་དུ་ཡོད་པ་དང་གཅིག་ཡིན། ཆག་སྨན་རིན་རྒྱལ་ལམ་ཕྱག་སྨན་རིན་རྒྱལ་ནི་བྷ་རོ་ཕྱག་རྡུམ་གྱི་སློབ་མའི་ཡང་སློབ་ཅིག་ཡིན་པས་ཕལ་ཆེར་དུས་རབས་བཅུ་གསུམ་པའི་མཇུག་ནས་བཅུ་བཞི་པའི་གཡས་གཡོན་ཅིག་ཡིན་པ་དང་། དྭགས་པོ་ལྷ་རྗེ་ནི་དུས་རབས་བཅུ་གཉིས་པའི་མགོར་བྱོན་པའི་མི་སྣ་ཞིག་ཡིན་པས། དམ་པ་དེའི་དངོས་སློབ་ཡིན་ན་མ་མཐའ་ཡང་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་དགོས་པས་དེ་གཉིས་བར་ལ་བར་ཁྱད་ལོ་བརྒྱ་ཙམ་མཆིས། རྒྱུ་མཚན་བདུན་པ་ནི་གསུང་རྩོམ་འདིའི་ནང་ལང་འགྲོའི་སྤྲུལ་པའི་གཏེར་སྟོན་གྱི་གཏེར་སྐོར་ལས་ལུང་དྲངས་པ་དང་། ལང་འགྲོའི་སྤྲུལ་པའི་གཏེར་སྟོན་ནི་ཨོ་རྒྱན་རིན་ཆེན་གླིང་པ་(1340-1396)ཡིན་པས་དེ་གཉིས་ཀྱི་བར་ལའང་ལོ་ཚིགས་བརྒྱ་ཙམ་གྱི་བར་ཁྱད་མཆིས། གོང་གི་རྒྱུ་མཚན་དེ་དག་ལ་དཔགས་ན་དགེ་སྦྱོང་པྲ་བྷ་རཏྣ་དང་དྭགས་པོ་ལྷ་རྗེ་བར་དུ་ལོ་ཚིགས་གང་མང་ཞིག་བསྒྲིགས་མི་ཐུབ་པས་དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་སློབ་མ་ཡིན་པའི་ལྟ་ཚུལ་དེ་ལ་ལོ་རྒྱུས་ཀྱི་བདེན་དཔང་ཅི་ཡང་འཇོག་མི་ཐུབ་བོ།།
          གཉིས། ཞང་སྨན་ནག་པའི་མཛད་རྣམ་བཤད་པ། ལྷ་རྗེ་ཞང་སྨན་ནག་གམ་ཞང་སྒོམ་སྨན་ནག་ནི་དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་སྲས་ཀྱི་ཐུ་བོ་གཅིག་པོ་དེ་ཡིན་པ་དང་། དམ་པ་འདིའི་འཁྲུངས་ཡུལ་དང་རིགས་རུས་སོགས་ཀྱི་སྐོར་ཤེས་རྟོགས་བྲལ་ལ། དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པའི་མཁས་པ་ཞིག་ཡིན། དམ་པ་འདིས་དྭགས་པོ་ལྷ་རྗེ་ཡི་མདུན་ནས་ལོ་བཅོ་བརྒྱད་དུ་གསོ་རིག་གི་གདམས་པ་གསན་ཡོད་པ་དང་། རང་ཡུལ་དུ་ལོག་ཁར་དྭགས་པོ་ལྷ་རྗེ་ཡི་གདམས་ངག་ཆ་ཚང་ཞུས་ནས་སྨན་གཞུང་རིན་ཆེན་རྒྱ་མཚོ་མཛད་པ་དང་། ཐུགས་སྲས་སློབ་མ་ཞང་རྡོ་རྗེ་རྒྱལ་མཚན་གསོ་སྐྱོང་མཛད་ནས་དྭགས་པོ་ལྷ་རྗེ་ཡི་གདམས་ངག་དར་སྤེལ་བྱས་སོ།།
          གསུམ་པ། དྭགས་པོ་ཐོར་འབུམ་གྱི་མཚན་གཞན་དང་བསྟན་བཅོས་དེ་ཉིད་མཛད་དགོས་པའི་རྒྱུ་མཚན། མཛད་པའི་ལོ་ཚིགས་བཅས་ལ་དཔྱད་པ།
དྭགས་པོ་ཐོར་འབུམ་གྱི་མཚན་གཞན་ལ་སྨན་གཞུང་རིན་ཆེན་རྒྱ་མཚོ་ཟེར་བ་དང་། སྨན་གཞུང་རིན་ཆེན་རྒྱ་མཚོ་མཛད་པའི་རྒྱུ་མཚན་གཙོ་བོ་ནི་རང་ཉིད་ཀྱི་ཐུགས་སྲས་ཞང་སྨན་ནག་པའི་དོན་དུ་མཛད་པ་སྟེ། དེའི་སྐོར་ལ་《དེའུ་དམར་བའི་གསོ་རིག་ཆོས་འབྱུང་》ལས། “ཐུགས་ཀྱི་སྲས་ཞང་སྨན་ནག་པའི་དོན་དུ་མཛད་པའི་སྨན་གཞུང་རིན་ཆེན་རྒྱ་མཚོའམ་དྭགས་པོ་ཐོར་འབུམ།”⒆ ཞེས་གསུངས་ལ།ཐོར་འབུམ་རང་གི་གཞུང་དུའང་དེའི་སྐོར་བཀོད་ཡོད་པ་སྟེ།“བླ་མ་རིན་ཆེན་ལྷ་རྗེ་དེ། ཞང་ལྷ་རྗེ་སྨན་ནག་གིས། ལོ་བཅོ་བརྒྱད་དུ་བསྟེན། ཚེའི་སུམ་༢་བླ་མའི་དྲུང་དུ་བསྐྱལ་ནས། ཕྱིས་དུས་སུ་ན་རྟ་མང་དུ་བསྐུར་ནས། དེ་བས་སྟོད་དབང་མ་ཡོད་དེ། ཟླ་བ་རྐྱང་གྲོ་ཞུན་ཚེས་བརྒྱད་ཀྱི་ཉིན་པར། བླ་མའི་དྲུང་དུ་མང་ཇ་༡བྱས། དགེའ་སློང་རྣམས་ལ་བུ་རམ་མཐོའ་སྐོར་རེ་དྲངས། རྒེ་ཚུལ་དགེའ་བསྙེན་རྣམས་ལ། ཁྱུད་སྐོར་རེ་དྲངས། ……དེའི་ཉིན་པར་བླ་མ་ལ་སྨན་གྱི་ལུང་ཞུས་པར། ……བུ་ལྷ་རྗེ་སྨན་ནག་ཉོན་དང་ན།”⒇ཞེས་སོགས་གསུངས་པའི་ནང་དོན་དག་མདོར་བསྡུས་ན། ཞང་ལྷ་རྗེ་སྨན་ནག་གིས་ལོ་བཅོ་བརྒྱད་དུ་དྭགས་པོ་ལྷ་རྗེ་བསྟེན་ནས། གྲོ་ཞུན་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་པར་ཡུལ་དུ་འགྲོ་ཁར་གསེར་གྱི་མནྡལ་སོགས་འབུལ་ནས་བླ་མ་ལ་སྨན་གྱི་གདམས་ངག་དང་རྒྱུད་པ་སྤེལ་ཚུལ་སོགས་ཞུ་བ་ལ། བླ་མ་ཤིན་ཏུ་དགའ་ནས་ལུང་བསྟན་དང་རྒྱུད་པ་སྤེལ་ཚུལ། གདམས་ངག་སོགས་གཅིག་ཀྱང་མ་ལུས་པར་གསུངས་པ་དག་ཞང་ལྷ་རྗེ་སྨན་ནག་གི་ཐུགས་སུ་བཟུང་པའི་དོན་ཡིན། དེ་ཕྱིར་དྭགས་པོ་ཐོར་འབུམ་མམ་སྨན་གཞུང་རིན་ཆེན་རྒྱ་མཚོ་ནི། མཉམ་མེད་དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་གདམས་པ་དག་ཐུགས་སྲས་ཞང་ལྷ་རྗེ་སྨན་ནག་རང་ཡུལ་དུ་ལོག་ཁར་ཞུ་བ་ལ་བརྟེན་ནས་གདམས་ངག་ཡིད་བཞིན་ནོར་བུ་འདྲ་བ་དག་གསུངས་ནས་ཡི་གེར་བཀོད་པ་ལས་བྱུང་བ་ཡིན་ནོ།།
          དྭགས་པོ་ཐོར་འབུམ་མཛད་པའི་མཛད་ལོ་སྐོར་ལ་ད་ལྟའི་གསོ་རིག་གི་ལོ་རྒྱུས་དག་ལས་གསུངས་མེད་ཀྱང་། དྭགས་པོ་ཐོར་འབུམ་འདི་རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་ཡིས་དྭགས་ལྷ་སྒམ་པོར་གསུངས་པ་དང་། ཞང་ལྷ་རྗེ་སྨན་ནག་གིས་ལོ་བཅོ་བརྒྱད་དུ་གསོ་རིག་གི་སློབ་དཔོན་ལ་བསྟེན་ཡོད་པ་དང་། དྭགས་པོ་ལྷ་རྗེ་མཆོག་དྭགས་ལྷ་སྒམ་པོར་བྱོན་རྗེས་སློབ་མའི་གདུལ་བྱ་བསྐྱངས་པ་དང་ཞང་ལྷ་རྗེ་སྨན་ནག་ཀྱང་དུས་དེ་ནས་བཟུང་གསོ་རིག་སློབ་ཡོད་པར་བྱས་ན། ཐོར་འབུམ་འདི་ཉིད་ཕལ་ཆེར་སྤྱི་ལོ་1139ལོའི་ཟླ་བདུན་པའི་ཚེས་བརྒྱད་ཉིན་གསུངས་ཡོད་པར་སྙམ་མོ།།
          བཞི་པ། དྭགས་པོ་ཐོར་འབུམ་གྱི་འབྱུང་ཁུངས་སྐོར་ལ་དཔྱད་པ། 
          དྭགས་པོ་ཐོར་འབུམ་གཞུང་རང་དུ་ལུང་དྲངས་ཡོད་པའི་གསོ་རིག་གི་དཔེ་རྙིང་དང་དྭགས་པོ་ཐོར་འབུམ་ལ་ཤུགས་རྐྱེན་ཐེབས་པའི་སྔ་རབས་ཀྱི་གཞུང་དག་ནི་ཐོར་འབུམ་འདིའི་འབྱུང་ཁུངས་ཡིན་པ་སྟེ། ཐོར་འབུམ་འདིའི་ནང་གསོ་རིག་དཔེ་རྙིང་དེ་དག་ལས་ལུང་དྲངས་ནས་ལྟ་བ་དེ་ལ་རྒྱས་བཤད་བྱས་ཡོད་པ་དང་། དེ་མིན་དཔེ་རྙིང་དེ་དག་གི་ཚིག་རིས་ཇི་བཞིན་ཐོར་འབུམ་དུ་བཀོད་ཡོད་པས།དྭགས་པོ་ཐོར་འབུམ་གྱི་འབྱུང་ཁུངས་ནི་དུས་རབས་བཅུ་གཉིས་སྔོན་གྱི་བོད་གནའ་རབས་ཀྱི་གསོ་རིག་ཡིག་ཆ་དག་དང་། དྭགས་པོ་ལྷ་རྗེ་རང་ཉིད་ཀྱིས་གསོ་དཔྱད་ལག་ལེན་བྱས་པ་ལས་བྱུང་བའི་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་པ་ལས་བྱུང་བ་ཡིན་པར་འདོད། དེའི་སྐོར་གྱི་ནང་དོན་ཁ་གསལ་གཤམ་ལྟར། 
          དྭགས་པོ་ཐོར་འབུམ་དུ་བཀོད་ཡོད་པའི་གསོ་རིག་ཡིག་ཆ་དང་དེས་ཐོར་འབུམ་ལ་ཐེབས་པའི་ཤུགས་རྐྱེན།
 

          གོང་གི་རེའུ་མིག་ཏུ་ཡོད་པའི་གསོ་རིག་གི་ཡིག་ཆ་དེ་དག་ནི་དུས་རབས་བཅུ་གཉིས་པའི་སྔ་རོལ་དུ་བྱུང་བའི་གསོ་རིག་གི་ཡིག་ཆ་ཁག་ཅིག་ཡིན་པ་དང་། ཡིག་ཆ་དེ་དག་མང་ཆེ་ཤོས་ནི་བཙན་པོའི་དུས་རབས་སུ་བོད་དུ་འགྱུར་བའི་གསོ་དཔྱད་ཀྱི་གཞུང་ཤ་སྟག་ཡིན་ཚུལ་སོགས་གསོ་རིག་གི་ལོ་རྒྱུས་དག་ཁ་མཐུན་ཡིན། དེ་ཕྱིར་དྭགས་པོ་ཐོར་འབུམ་ནི་དུས་རབས་བཅུ་གཉིས་པའི་སྔོན་དུ་བྱུང་བའི་གསོ་རིག་གི་ཡིག་ཆ་དག་ལ་གཞི་བཅོལ་ནས་བརྩམས་པར་འདོད། འོན་ཀྱང་དེང་དུས་ཀྱི་མཁས་པ་གང་མང་ཞིག་གིས་དྭགས་པོ་ཐོར་འབུམ་ནི་ཡན་ལག་བརྒྱད་པའི་ཤུགས་རྐྱེན་ཐེབས་པ་ལས་བྱུང་བའི་གཞུང་ཞིག་ཡིན་པར་ཚོད་དཔག་བྱས་པ་སྟེ། རྒྱུ་མཚན་ནི་ཡན་ལག་བརྒྱད་པ་བོད་དུ་འགྱུར་ནས་ལོ་བརྒྱ་ཕྲག་གཅིག་གི་རྗེས་སུ་ད་གཟོད་དྭགས་པོ་ཐོར་འབུམ་བྱུང་ཡོད་པ་དང་། དྭགས་པོ་ལྷ་རྗེ་ཡིས་ཡན་ལག་བརྒྱད་པའི་བསྡུས་དོན་ཞེས་པའི་གཞུང་ཞིག་ཀྱང་བརྩམས་པར་གྲགས་པས་སོ།། འོན་ཀྱང་ཐོར་འབུམ་འདིའི་གཞུང་མགོ་མཇུག་བར་གསུམ་གང་དུའང་ཞིབ་བལྟ་བྱས་ཀྱང་ཡན་ལག་བརྒྱད་པ་དང་འདྲ་བའི་ཚིག་རིས་དང་ནང་དོན་སོགས་ཕལ་ཆེར་མེད་པ་དང་། གཞུང་འདིར་ཡོད་པའི་སྨན་མིང་དང་སྦྱོར་སྡེ་སོགས་ཀྱང་བོད་རང་སའི་ཡུལ་ལུང་དང་མཐུན་པའི་སྔོ་སྨན་དག་ཡིན་པས། ཡན་ལག་བརྒྱད་པས་ཐོར་འབུམ་འདི་ལ་ཤུགས་རྐྱེན་རྩ་བ་ནས་ཐེབས་མེད་པར་སྙམ། ཡང་བཙན་པོའི་དུས་སྐབས་སུ་བོད་ལ་གསོ་རིག་ལུགས་ཆེན་གསུམ་བྱུང་བར་བཤད་དེ། དེ་དག་ནི་རྒྱ་གར་ནག ཏ་ཟིག་གི་གསོ་རིག་བཅས་ཡིན་པ་དང་།གོང་གི་རེའུ་མིག་ཏུ་ཡོད་པའི་ཡིག་རྙིང་དག་ལས་བི་ཇི་པོ་ཏི་ཁ་སེར་ནི་ཙན་པ་ཤི་ལ་ཧས་ཏ་ཟིག་གསོ་རིག་དང་བོད་རང་ཉིད་ཀྱི་གསོ་རིག་ཕྱོགས་བསྡོམས་བྱས་ནས་བརྩམས་པ་དང་། དེ་མིན་གྱི་དཔེ་ཆ་གང་མང་ཞིག་ནི་སློབ་དཔོན་ཀླུ་སྒྲུབ་ལ་ཁུངས་གཏུགས་ཡོད། ཡང་དབང་རིལ་བཅོས་སྐབས་རྒྱ་ནག་སྨན་པའི་མདུན་ནས་ལག་ལེན་བསླབ་ཡོད་པ་དང་། གཞན་བླ་མ་འཁོན་གྱི་གདམས་ངག་སོགས་ནི་བོད་རང་ཉིད་ཀྱི་གསོ་རིག་གི་གཞུང་ཡིན། དེ་ཕྱིར་དྭགས་པོ་ཐོར་འབུམ་ནི་དུས་རབས་བཅུ་གཉིས་པའི་ནང་དུ་བྱུང་བའི་གསོ་རིག་གི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་། ཐོར་འབུམ་དེ་ནི་བོད་བཙན་པོའི་དུས་སུ་བྱུང་བའི་གསོ་རིག་ལུགས་ཆེན་གསུམ་དང་དྭགས་པོ་ལྷ་རྗེ་རང་ཉིད་ཀྱི་གསོ་རིག་གདམས་པ་དག་ཕྱོགས་བསྡོམས་བྱས་པ་ལས་བྱུང་བའི་གསོ་རིག་གི་གཞུང་ཞིག་ཀྱང་ཡིན་ནོ།།
          དྭགས་པོ་ཐོར་འབུམ་གཞུང་རང་དུ་གདམས་ངག་དེ་དག་གི་འབྱུང་ཁུངས་གསལ་པོར་བསྟན་ཡོད་པ་སྟེ། ལ་ལ་ནི་དྭགས་པོ་ལྷ་རྗེ་ཡིས་ལག་ལེན་བཏབ་ནས་ཕན་པ་མྱོང་གྲུབ་ཡིན་པས་ཞང་ལྷ་རྗེ་ལ་སྤྲད་པ་དང་། ལ་ལ་ནི་ལྷ་རྗེ་སྐྱེ་མེད་ཀྱི་མདུན་ནས་དྭགས་པོ་རིན་པོ་ཆེས་གསན་ནས་ཞང་སྨན་ནག་ལ་བརྒྱུད་པ། ལ་ལ་ནི་རྒྱ་ནག་སྨན་པའི་མདུན་ནས་དྭགས་པོ་ལྷ་རྗེ་ཡིས་བླུས་ནས་ཞང་སྨན་ནག་ལ་སྤྲད་པ་སོགས་ཡོད་པས། དེ་དག་གི་སྐོར་གཤམ་གྱི་རེའུ་མིག་ཏུ་ཁ་གསལ་བཀོད་ཡོད་པ་སྟེ།
དྭགས་པོ་ལྷ་རྗེ་དང་ཞང་སྨན་ནག་གི་གདམས་ངག་དག་གི་འབྱུང་ཁུངས་རེའུ་མིག


          རེའུ་མིག་ལས་རྟོགས་ཐུབ་པ་ནི། དྭགས་པོ་ཐོར་འབུམ་དུ་བཀོད་པའི་གདམས་པ་མང་དག་ནི་ལྷ་རྗེ་སྐྱེ་མེད་ལས་བྱུང་བས། ལྷ་རྗེ་སྐྱེ་མེད་ཀྱི་གདམས་པ་ནི་དྭགས་པོ་ཐོར་འབུམ་གཞུང་གི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དྭགས་པོ་ལྷ་རྗེ་རང་ཉིད་ཀྱིས་ཀྱང་གསོ་རིག་གི་གདམས་པ་གང་མང་དག་ལ་བལྟ་ཀློག་བྱས་ནས་དེ་དག་ལག་ལེན་ཉམས་ཞིབ་བྱས་ཡོད་ལ། བོད་རང་ཉིད་ཀྱི་གསོ་རིག་མཁས་པ་འཁོན་དང་རྩང་པ་མཁན་ཆེན་བཟང་སྟོན་སོགས་ལའང་གཏུགས་ནས་གསོ་རིག་གི་གདམས་པ་གང་མང་ཅིག་ཕྱོགས་བསྡུས་བྱས་པ་སོགས་ལ་བརྟེན་ནས། ད་གཟོད་དྭགས་པོ་ཐོར་འབུམ་ཞེས་པའི་གཞུང་ཆེན་འདི་ལྟ་བུ་ཞིག་གྲུབ་པ་ཡིན་ནོ།།
          ལྔ་པ། དྭགས་པོ་ཐོར་འབུམ་གྱི་གཞུང་གི་ནང་དོན་སྐོར་ལ་རགས་ཙམ་དཔྱད་པ།
          སྤྱིར་གསོ་བ་རིག་པའི་ནང་དོན་དག་མདོར་བསྡུས་ན་རྣམ་པ་བཞི་རུ་འདུས་ཏེ། གསོ་བྱ་དང་། གསོ་བྱེད་དང་།ཇི་ལྟར་གསོ་བ་དང་། གསོ་བ་པོ་སྨན་པ་དང་བཞི་ཡིན། དེ་ཕྱིར་དྭགས་པོ་ཐོར་འབུམ་གྱི་གཞུང་གི་ནང་དོན་ཀྱང་དེ་བཞི་ལ་མ་འདུས་པ་མེད་ཀྱང་། དྭགས་པོ་ཐོར་འབུམ་གཞུང་གི་ནང་དོན་དག་གསོ་རིག་དཔེ་རྙིང་གཞན་དང་མི་མཐུན་པའི་ཁྱད་ཆོས་གང་མང་ཞིག་ལྡན་པས། དེ་དག་རེ་རེ་བཞིན་བཀོད་ན་གཤམ་གསལ་ལྟར།
          1.ལུས་ཀྱི་གནས་ལུགས་སྐོར་ལ་ཐོར་འབུམ་གཞུང་དུ་དམིགས་བསལ་ཀྱི་ལེའུ་མེད་པ་དང་། དེའི་གནས་ལུགས་སྐོར་ལའང་རྒྱས་བཤད་བྱས་མེད་པར་མགོ་རྨ་དང་མཉམ་དུ་ཅུང་ཟད་བསྟན་ཡོད། ལུས་ཀྱི་གནས་ལུགས་ལ། མི་ལུས་རིན་ཆེན་འདོམ་གང་ངམ་ཁྲུ་བཞི་ཡོད་པར་འདོད་པ་དང་། ལུས་ཀྱི་གཙོ་བོ་མགོ་ཡིན་པ་དང་དབང་པོ་རབ་མིག་ཡིན་པར་བཤད། དེ་མིན་ཀླད་པ་ནི་དུང་མཚོ་འཁྱིལ་བས་གནམ་ས་ཁ་ཞབས་མ་ལོག་པར་དགོས་པ་དང་། གཞུང་གི་རྒྱུངས་པ་དཀར་པོ་ལ་བཙན་གྱིས་ཇག་པས་མ་དཀྲོལ་བ། རྐང་མར་སྙིང་གི་ལྷ་བ་ལ་སྦྲུལ་ནག་ཐུར་དུ་མ་རྒྱུག་པ། སྲོག་རྩ་ཤེལ་གྱི་བུམ་པ་ལ་རྣམ་ཤེས་མར་མེ་བཞིན་གསལ་བ་དང་། དེ་རླུང་ལོག་སྤྲིན་གྱིས་མ་སྒྲིབ་པ་སོགས་དཔེ་དང་སྦྱར་ནས་བསྟན་ཡོད། དེ་བཞིན་སྒྱུ་ལུས་ན་ཆུང་འཛུམ་དྲན་ལ་འཇིགས་པ་དག་མ་བྱུང་བར་དགོས་པ་དང་། ཀླད་པ་དུང་མཚོ་འཁྱིལ་བ། གཞུང་པ་དུང་རྒྱུས་དཀར་པོ། མྱིད་པ་གནམ་གྱི་འཇུ་ཐག སྲོག་རྩ་གསེར་གྱི་འདན་བུ། སྤྱན་མྱིག་སྣང་གསལ་སྒྲོན་མ། རྒྱུ་མ་རྨ་ཆུའི་ཁུག་པ། སྐུ་ལུས་གཞོན་ནུའི་ལྗོན་ཤིང་སོགས་ཀྱང་དཔེ་དང་དཔེ་ཅན་ཚུལ་དུ་བཀོད་པ་དང་། རྣམ་ཤེས་ནི་མགྲོན་པོ་དང་འདྲ་བ་སོགས་ཀྱི་སྐོར་འདྲ་མིན་དུ་མ་བཀོད་ཡོད་ཀྱང་། སྤྱིར་ཆ་ནས་ལུས་ཀྱི་གནས་ལུགས་སྐོར་ལ་རྒྱས་བཤད་སོགས་རྒྱ་ཆེར་བྱས་མེད་པ་དང་ནང་དོན་ཀྱང་ཁྱབ་རྒྱ་ཆེན་པོ་མེད་དོ།།
          2.ནད་གཞིའི་གནས་ལུགས་སྐོར་ལ་སྤྱིར་ནད་ལ་རྣམ་པ་མང་ཡང་ཚ་གྲང་གཉིས་སུ་འདུས་པར་བཤད་པ་སྟེ། བད་ཀན་ལ་ཚ་གྲང་གཉིས། སྙིང་ནད་ལ་ཚ་གྲང་གཉིས། གློ་ནད་ལ་ཚ་གྲང་གཉིས། དེ་བཞིན་མཆིན་ནད་དང་། མཆེར་ནད་དང་། མཆིན་དྲི་ནད་དང་། མཁལ་མའི་ནད་བཅས་ཡོད།ཡང་ནད་ལ་ཁྱད་པར་གྱིས་བསྡུས་ན་རྣམ་པ་བདུན་དུ་ཡོད་པ་སྟེ། ཚ་བ་དང་། རླུང་དང་། མཁྲིས་པ་དང་། འདུས་རིམས་དང་། གྲང་བ་བྱུགས་དང་། གྲོལ་མ་བཅས་ཡོད་ལ།དེ་དག་གི་རྟགས་བཅོས་སོགས་རྒྱས་པར་བཤད་ཡོད།གཞན་འདུ་བ་དང་། ཕོ་གཅོང་དང་། མཁྲིས་པ་དང་།ཚ་བ་དང་། གྲང་བ་དང་། སྙིང་རླུང་དང་། གློ་རླུང་དང་།བད་རླུང་དང་། འཁྲུ་འགྲམས་དང་། རྒྱུ་རྒན་དང་། ཤ་སེར་དང་། ཀླད་གཟེར་དང་། དྲེག་ནད་བཅས་ལ་རྒྱུད་དང་ཉམས་ཡིག་ཁག་དང་མི་མཐུན་པའི་ལྟ་བ་བཏོན་ཡོད་པ་སྟེ།ནད་དེ་དག་ནི་ནད་སྣ་གསུམ་གནས་གཅིག་ཏུ་འདུས་པ་ལས་བྱུང་བ་དང་། རྐྱེན་གདོན་ཡིན་པ། ནད་གཞན་དག་གི་བླ་གཉན་ཡིན་པར་བཤད་ཡོད། དེའི་སྐོར་ལ་ཐོར་འབུམ་དུ། “ལར་འདུ་བ་ཟེར་བའི་གནད་པོ་ཆེ།། རླུང་དང་ཚ་བ་བད་ཀན་གསུམ།། སྲོག་རྩའི་རྒྱུད་ལ་འཚོགས་པ་ཡིན།། ཟུར་ལ་གདོན་གྱིས་སྐྱེན་པ་སྟེ།། སྐྱུག་པའི་ཟས་ལ་ལྡང་བར་བཤད།། ཕོ་གཅོང་ཟེར་བའི་གནད་པོ་ཆེ།། རླུང་དང་ལོང་སྲིན་བད་ཀན་གསུམ།། ཕོ་བའི་ནང་དུ་འཚོགས་པ་ཡིན།། ཟུར་ལ་གདོན་གྱིས་སྐྱེན་པ་སྟེ།། ཟས་མ་ཞུ་བ་ལ་ལྡང་བར་བཤད།། མཁྲིས་པ་ཟེར་བའི་གནད་པོ་ཆེ།། ཁ་སྐྱུག་རྐྱལ་རྔུས་གཤའ་ཡ་གསུམ།། ཤ་རུས་རྩ་ལ་གྲམས་པ་ཡིན།། ཟུར་ལ་གདོན་གྱིས་སྐྱེན་པ་སྟེ།། འགྲམས་ཀྱི་ལོ་མ་ལ་འབྱུང་བར་བཤད།།” (21)ཅེས་དང་དེ་བཞིན་ཚ་བ་ལ། ཚ་བ་རིགས་བཞི་ཞེས་རྒྱས་པའི་ཚ་བ་མདའ་ལྟར་གཟེར་བ་དང་། སྟོངས་པའི་ཚ་བ་མུན་ལྟར་འཐིབས་པ། གབ་པའི་ཚ་བ་ཁྱི་ལྟར་འཇབ་པ། རྙོགས་པའི་ཚ་བ་ཆུ་ལྟར་རྙོགས་པ་སོགས་ཚ་བའི་ཁྱད་ཆོས་དག་དཔེ་ཡིས་སྒོ་ནས་བསྟན་ལ། ལྷག་པར་དུ་བད་ཀན་ནད་ལ་དམིགས་ཀྱིས་སྒོ་ནས་བཤད་ཡོད་དེ། བད་ཀན་ནི་ནད་རིགས་བཞི་བརྒྱ་རྩ་བཞི་ཡི་གཞི་མ་ཡིན་པ་དང་།ཚ་གྲང་གཉིས་ཀྱི་སྐྱེད་ཤིང་། འདུ་བ་ཁྲིད་པའི་ལམ་མཁན།མཁྲིས་པ་གཡོ་བའི་བྱན་མཁན། གྲོལ་རླུང་གཉིས་ཀྱི་སྡོང་གྲོགས། ལོང་སྲིན་དཀྲོགས་པའི་དཀྲོགས་མཁན། ཟས་ནད་བསྐྱེད་པའི་མ་རྒན། ནད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ་དང་། དབྱེ་ན་བད་ཀན་གསེར་གདོང་དང་། བད་ཀན་བསེ་གདོང་དང་། བད་ཀན་ཚ་འགག་དང་། བད་ཀན་མྱིད་འབྱར་དང་། བད་ཀན་གྲོལ་མ་དང་། བད་ཀན་གཅོང་དང་། བད་ཀན་མཁྲིས་པ་སོགས་ཡོད་པར་འདོད་ནས་དེ་དག་གི་གྱུར་ཚུལ་དང་རྟགས་བཅོས་སོགས་བསྟན་ཡོད་ཀྱང་ཐོར་འབུམ་གྱི་ནང་དོན་སྤྱི་དང་བསྡུར་ན་ནད་གཞིའི་གནས་ལུགས་བཤད་པའི་སྐོར་གྱི་ནང་དོན་ཡང་རྒྱ་ཆུང་ངུ་ལས་མེད།ནད་གཞིའི་གནས་ལུགས་སྐོར་གྱི་ནང་དོན་དེ་དག་ཀྱང་ལེའུ་དག་གི་ནང་དུ་ཐར་ཐོར་དུ་གནས་པ་ལས་ཕྱོགས་བསྡུས་བྱས་ནས་དམིགས་ཀྱིས་བཀོད་ཡོད་པ་ཐོར་འབུམ་དུ་གཅིག་ཀྱང་མཐོང་རྒྱུ་མེད་དོ།།
          3.ནད་ཀྱི་གསོ་བཅོས་སྐབས། མགོ་རྨ་གསོ་བའི་ནང་དོན་གྱིས་ཐོར་འབུམ་ཡོངས་ཀྱི་བརྒྱ་ཆ་ཉི་ཤུ་ཙམ་ཟིན་ཡོད་པ་དང་། གཙོ་བོར་མགོ་རྨའི་བརྟག་ཚུལ་ཕྱི་ནང་རྣམ་པ་གཉིས་ཡོད་པ་དང་། ཕྱི་རུ་སྐྲ་ལ་བརྟག་པ། པགས་པ་ལ་བརྟག་པ། སྨིན་མ་ལ་བརྟག་པ། རྫི་མ་ལ་བརྟག་པ། མིག་ལ་བརྟག་པ། ལུས་ཀྱི་ཉམས་སྟོབས་ལ་བརྟག་པ་བཅས་དང་། ནང་གི་བརྟག་པ་ལ་རུས་པར་བརྟག་པ་དང་། མཚན་མ་ལ་བརྟག་པ་བཅས་གཉིས་ཡོད། གསོ་ཐབས་ལ་བཞར་ཞིང་སྨན་གྱིས་གསོ་བ་དང་། བསྲེག་ཅིང་སྨན་གྱིས་གསོ་བ་གཉིས་བསྟན་ཡོད་པ་དང་། དེ་དག་དང་འབྲེལ་བའི་མགོ་རྨའི་སྨན་རྡོ་རྗེ་སྤྱི་འཇོམས། མགོ་རྨའི་ཤི་གསོས་བརྟག་ཚུལ། མགོ་རྩའི་བཅོས། ཁྲག་སྐེམས་ཐབས། མེ་བཙའ་བཅོས་མགོ་གསང་བསྲེག་པ། རྣག་ལ་ཚ་རྣག གྲང་རྣག ཡང་ཤོར། བྱ་ཤོར་རྣམ་པ་བཞི་དང་དེའི་བཅོས་ཐབས།ལྐུགས་པ་གསོ་ཐབས་སོགས་རྒྱས་པར་བཤད་ཡོད་པ་དང་།བྱང་ཁོག་གི་རྨ་གསོ་བའི་ནང་དོན་ཤིན་ཏུ་བསྡུས་པ་ཙམ་ལས་མེད་པས་ཐོར་འབུམ་འདི་བི་ཇི་པོ་ཏི་ཁ་སེར་དང་འདྲ་བར་མགོ་རྨ་གསོ་བའི་ནང་དོན་རྒྱ་ཆེ་ཤོས་ཀྱི་གནའ་བོའི་ཡིག་རྙིང་གི་གཞུང་གལ་ཆེན་ཞིག་ཡིན། ཐོར་འབུམ་དུ་གཞན་གློ་གཅོང་གི་ནད་གསོ་བ་དང་། རྔུལ་ཆུའི་འཕྲུལ་སྐེམ། མཆིན་པ་གས་སྦྱོར། ཆུ་རྩི་སྦྱར་ཐབས། སྐྱེར་ཞུན་ལག་ལེན། རྔུལ་འབྱིན་ལག་ལེན། བུ་ཆུང་གིས་གློ་ལུ་བའི་སྨན། སྲིན་བུའི་སྨན་ཁྱད་པར་ཅན་གྱི་ཕྱོགས་བསྡུས། གཟའ་བཅོས་སོགས་ཀྱང་ཡོད་པས་ཐོར་འབུམ་འདི་ནད་ཐོག་ལག་ལེན་དངོས་ནང་བེད་སྤྱོད་རིན་ཐང་རྒྱ་ཆེ་ཤོས་སུ་གྱུར་པའི་གཞུང་ཞིག་ཀྱང་ཡིན། ཡང་ནད་ལ་བཞི་བརྒྱ་རྩ་བཞི། སྨན་ལ་སྟོང་དང་རྩ་གཉིས། དེ་དག་བསྡུས་ན་ནད་ལ་ཚ་གྲང་གཉིས།སྨན་ལ་བསིལ་དྲོད་གཉིས། དཔྱད་ལ་གཏར་བསྲེག་གཉིས་བཅས་ཡོད་པའི་སྐོར་ཡང་ཐོར་འབུམ་དུ་བཀོད་ཡོད་དོ།།
          4.སྨན་རྫས་ཀྱི་སྐོར་ལ་དྭགས་པོ་ཐོར་འབུམ་དུ་དམིགས་བསལ་གྱི་ལེའུ་གསུམ་ཡོད་པ་དང་། སྨན་གྱི་འཁྲུངས་དཔེ་དང་ནུས་པ་སོགས་གང་མང་བཀོད་པ་དག་འཁྲུངས་དཔེ་རྒྱས་པ་ཞིག་དང་འདྲ་བར་རྒྱས་བཤད་ཀྱི་ཚུལ་དུ་བསྟན་ཡོད་པས་སྨན་རྫས་གཞུང་ལུགས་ཀྱི་ཡིག་རྙིང་གལ་ཆེན་ཞིག་དང་དུས་རབས་བཅུ་གཉིས་པའི་བོད་ལུགས་སྨན་རྫས་རིག་པའི་སྔོ་འབུམ་ཆེ་ཤོས་ཤིག་ཏུའང་གྱུར་ཡོད། དེའི་སྐོར་ལ་ཐོག་མར་སྨན་སྒྲོ་སྐོར་གྱི་ལེའུ་གཅིག་ཡོད་པ་དང་།དེའི་ནང་དུ་སྨན་སྒྲོའི་རྒྱུ་ལ་སྟག་གཟིག་གུང་དོམ་དྲེད་སོགས་ཀྱི་པགས་པ་སྤུ་མཐུག་དྲོད་བཟང་དེ་དགོས་པ་དང་། སྨན་སྒྲོའི་ནང་དུ་སྨན་གཉིས་ལྷན་ཅིག་ཏུ་བཞག་མི་ཆོག་པ་སྟེ། དུག་ཏུ་གྱུར་པ་ཐམས་ཅད་དང་། གུ་གུལ་དང་མུ་ཟི། གླ་རྩི་དང་ལྡོང་རོས། སྲེ་མོང་དང་ར་ཐུག་རྨོངས་ཁ། རྟེལ་ལོ། བྱ་མ་བྱི། ཕག་སྣུམ། དོམ་དྲེད་ཀྱི་བཤུལ་ཚིལ། སྒོག་རིགས་ཐམས་ཅད་སོགས་དང་སྨན་གཞན་མཉམ་དུ་བཞག་མི་ཉན་པ་དང་། དེ་བཞིན་ཕར་གཤེད་ཚུར་གཤེད་དུ་གྱུར་པ་རྔུལ་ཆུ་དང་སྟར་བུ། མཚུར་དཀར་དང་ཞ་ཉེ་སོགས་ཡོད་པ་དང་། དྲི་ཡིས་འཕྲོག་ནས་ནུས་པ་ཆུང་དུ་འགྲོ་བ་ལ་ག་བུར་དང་ཛཱ་ཏི། ཤིང་ཀུན་སོགས་དང་། སྣུམ་གྱིས་ནང་དུ་འདྲེས་པ་ལ་སྣུམ་རིགས་དང་ཙནྡན། དེ་བཞིན་ཚྭ་རིགས་སོགས་མི་བཞག་པའི་སྐོར་གནས་ལུགས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་བཤད་ཡོད། དེ་ཕྱིར་གཞུང་འདི་ནི་སྨན་བླུགས་སའི་སྨན་སྒྲོ་ལ་བོད་རང་གིས་ལྷ་རྗེ་མཁས་པས་ཞིབ་འཇུག་བྱས་པའི་གཞུང་དག་ལས་ཆེས་སྔ་བའི་གཞུང་ཞིག་ཀྱང་ཡིན། ཡང་སྨན་གྱི་མིང་གཅིག་པུ་བཀོད་པའི་ལེའུ་གཅིག་ཀྱང་ཡོད་ལ། དེའི་ནང་དུ་སྨན་སྣ་ཉིས་བརྒྱ་གོ་དྲུག་གི་མིང་བཀོད་ཡོད་པ་དང་། དར་ཡ་ཀན་ལ་རིགས་ལྔར་དབྱེ་ནས། ལ་ནས་འོང་བའི་དར་ཡ་ཀན། ལུང་ནས་འོང་བའི་དར་ཡ་ཀན། ཉིན་ན་སྐྱེས་པའི་དར་ཡ་ཀན། སྲིབ་ན་སྐྱེས་པའི་དར་ཡ་ཀན། ཉིན་སྲིབ་གཉིས་ཀྱི་དར་ཡ་ཀན་ཞེས་བསྟན་ཡོད། སྨན་གྱི་འཁྲུངས་དཔེ་བསྟན་པའི་ལེའུ་དེའི་མིང་ལ་དཔག་བསམ་ལྗོན་ཤིང་ཞེས་བཀོད་པ་དང་། དེའི་ནང་དུ་བཀོད་པའི་སྨན་སྣ་ནི་སྟོང་རི་ཟིལ་པ།གངས་ཀྱི་སིང་ཆུང་། སྨུག་ནག་ཟིལ་པ། རྒྱལ་མཚན་གང་ག་ཆུང་། དཀར་པོ་གཅིག་ཐུབ། དར་ཡ་ཀན། ལྡུམ་བུ་མགྲོན་བུ། གངས་ཀྱི་སྲོལ་གོང་། རྩི་མཆོག་མ་གི་ཏ། དཔེ་ལྗང་རེ་རལ། དཔེའ་རྐ་སྟེ་སྤང་རྩི་དོ་བོ། སྐྲ་བཟང་། རྣམ་པ། རྩི་མཆོག་རྒྱ་རི་སྟེ་རྩི་དམར་རྐང་གཅིག ཧོང་ལེན་སོགས་སྨན་སྣ་བཅོ་ལྔ་ཡི་འཁྲུངས་དཔེ་དང་ནུས་པ་སོགས་རྒྱས་པར་བཤད་པ་དང་། དེ་རྗེས་ལྡུམ་བུ་ཨ་བི་ནག་པོ།བདུད་རྩི་ཨ་བྱག ལྕགས་ཀྱུ་རིན་ཆེན། སེར་པོ་ཁྲ་རྐང་། རྒྱ་སྤོས། བོང་དུག རྒྱ་རྔོ། སྤྱང་དུག ཆུ་རྩ་སོགས་སྨན་སྣ་བརྒྱ་དང་ལྔ་བཅུ་ལྔ་བདུན་ལྷག་གི་སྨན་གྱི་ནུས་པ་རྒྱས་པར་བཤད་པ་དང་། གཞན་དེ་དག་དང་འབྲེལ་བའི་སྨན་སྦྱོར་གང་མང་ཞིག་ཀྱང་བཀོད་ཡོད་པས་སྔོ་འབུམ་གྱི་ནང་དོན་ཆེས་ཕུན་སུམ་ཚོགས་པའི་གསོ་དཔྱད་ཀྱི་གཞུང་ཞིག་ཀྱང་ཡིན་པའོ།།
          ཡང་ལེའུ་རེ་ཟུང་གི་ནང་དུའང་སྨན་དང་འབྲེལ་བའི་ནང་དོན་རྒྱ་ཆེན་པོ་ཡོད་པ་སྟེ། ཏིག་ཏ་རིགས་དགུ་ཞེས་གཙོ་བོ་བདུད་རྩི་གུར་ཏིག་གཡའ་སྤངས་མཚམས་སུ་སྐྱེ། དེའི་གྲོགས་སྒ་ཏིག་ནག་པོ་རོང་ཁའི་བྲག་ལ་སྐྱེ། བྲེའུ་གསེར་ཏིག་བྲག་གར་སྲུབས་ལ་སྐྱེ། སུམ་ཅུ་ཏིག་ནི་པདྨ་སྟོང་གདན་ཁྲི་ལ་བཞུགས། མུ་ཏིག་ཆུ་དང་ན་ལ་སྐྱེ། ཏིག་ཏ་འཐིང་མེན། ཏིག་ཏ་གསེར་མགོལ་ཏིག་རྒུ་རིང་། དན་ཏིག་དྲེལ་རྔོག་བཅས་དགུ་པོ་བ་མོས་མ་ཁྱེར་བ་དགོས་པ་དང་། མདེལ་འབྱིན་བརྒྱད་ཅེས་བྱང་གཡག་མདེལ་འབྱིན་གངས་དང་གཡའ་མཚམས་སུ་སྐྱེ་བ་ད་བྱིད་དཀར་པོ། རྡེ་བུ་མདེལ་འབྱིན་ཞེས་གངས་དང་གཡའ་མཚམས་སུ་སྐྱེ་བ་དབུ་བཟང་རལ་བུ། རྐྱང་བུ་མདེལ་འབྱིན་ཞེས་གཡའ་སྤང་མཚམས་སུ་སྐྱེ་བའི་རུ་དུག་ཕོ་མོ། ཡུ་མོ་མདེལ་འབྱིན་ཞེས་གཡའ་རི་གཉན་པོ་ཀུན་ལ་སྐྱེ་བའི་ཡུ་མོ་སྲོལ་གོང་། སྤྱང་མོ་མདེལ་འབྱིན་ཞེས་ཐོད་དཀར་མགོ་དགུ གོ་བོ་མདེལ་འབྱིན་ཞེས་ཞིང་གི་མུ་ལ་སྐྱེ་བའི་རྒྱ་རྒོད། སྲིན་པོ་མདེལ་འབྱིན་ཞེས་ན་ཆུ་འདྲེས་མཚམས་སུ་སྐྱེ་བའི་ན་ཤུག་སྡོང་དམར། མྱི་རྒོད་མདེལ་འབྱིན་ཞེས་རྒྱ་ནག་གཏིང་ན་སྐྱེ་བའི་ཐུགས་དཀར་དོམ་གྱི་མཆིན་མཁྲིས་བཅས་ལ་ངོས་བཟུང་ཡོད། དེ་བཞིན་ཨ་རུ་ར་རིགས་བདུན་དུ་དབྱེ་བ་སྟེ། ཤ་ཆེན་དང་ཤ་ཆུང་། སྐེམས་བྱེད་དང་འཕེལ་བྱེད། གསེར་མདོག་དང་མཆུ་སྙུང་། རྣམ་རྒྱལ་བཅས་ཡོད་ལ། སྡོང་བུས་རུས་པ་རྐང་གིས་ནད་ལ་ཕན། ཤུན་དང་དབྲིས་མས་ཤའི་ནད་ལ་ཕན། ཡལ་གས་ཡན་ལག་ནད་ལ་ཕན། ཤུན་པས་པགས་པའི་ནད་ལ་ཕན། ལོ་མ་མེ་ཏོག་སྤྱི་ལ་ཁྱབ།འབྲས་བུས་དོན་སྣོད་ནད་ལ་ཕན་པ་སོགས་གསལ་བར་བསྟན་ཡོད། གཞན་དིང་ཁྲི་པར་མ་དང་། འབྲི་ཀུ་ར་ན་གཉིས་ཀྱི་མིང་གི་ཐོགས་ཚུལ་ཀྱང་བཀོད་ཡོད། ལྷག་པར་དུ་སྨན་གྱི་སྦྱར་ཐབས་ལ་བསྡུས་ན་རྣམ་པ་བཞི་སྟེ། ཁུ་བ་ཕྱེ་མ་རི་ལུ་དང་། བྱུག་པ་དང་བཞི་ཡོད་ལ། ཡང་ན་སྨན་ལ་རྣམ་གསུམ་སྟེ། རྒྱལ་པོ་གནས་ནས་དྲངས་པ་དང་། བློན་པོས་ནང་དུ་བཀུག་པ་དང་། དཔའ་བོས་བསྐུངས་པ་དང་གསུམ་སྟེ། རྒྱལ་པོ་ལ་བློན་པོ་དགོས་པ་དང་། བློན་པོ་ལ་དམག་དཔུང་དགོས་པ་སོགས་དཔལ་ལྡན་རྒྱུད་བཞི་དང་མི་མཐུན་པའི་སྨན་གྱི་སྦྱར་ཐབས་སོགས་ཀྱང་མཐོང་རྒྱུ་ཡོད་དོ།། དེ་མིན་ག་བུར་ཉེར་ལྔ་དང་། ག་བུར་བཅུ་གསུམ། ག་བུར་བརྒྱད་པ། ག་བུར་བཅོ་ལྔ། ག་བུར་དགུ་པ། ག་བུར་བདུན་པ། ག་བུར་དྲུག་པ། ག་བུར་ལྔ་པ། ག་བུར་རྒྱལ་བློན་ལྔ་པ་སོགས་ཡང་ཕྱི་རྒྱུད་ཕྱེ་མའི་ལེའུ་དང་མི་འདྲ་བ་ཤ་སྟག་ཡིན་པ་དང་། ཡང་སྨན་རྫས་ཀྱི་ནུས་པ་ལ།ལར་ཤ་སྨན་གྱི་ནུས་པས་ཤ་དང་ཁྲག་གི་ནད་རྣམས་སེལ། ཤིང་སྨན་རྣམས་ཀྱིས་རྩ་དང་རུས་པའི་ནད་རྣམས་སེལ། ཆུ་སྨན་རྣམས་ཀྱི་ནུས་པས་ཁྲག་དང་ཆུ་སེར་གྱི་ནད་རྣམས་སེལ། རྡོ་སྨན་རྣམས་ཀྱིས་རུས་པའི་ནད་རྣམས་སེལ། ལྡུམ་སྨན་རྣམས་ཀྱིས་བ་སྤུ་བུ་གའི་ནད་རྣམས་སེལ། དེ་ཕྱིར་དེ་དག་གཅེས་པར་བཟུང་དགོས་པ་དང་། ལར་ཚ་བ་ཅན་ལ་ཤིང་སྨན་གཅེས། མྱིད་འབྱར་ཅན་སྲོལ་གོང་གཅེས། གཅོང་རྙིང་ཅན་ལ་རྡོ་སྨན་གཅེས། དུག་གསར་རིགས་ལ་ལྡུམ་སྨན་གཅེས་པ་སོགས་ཀྱང་བསྟན་ཡོད། དེ་ཕྱིར་དྭགས་པོ་ཐོར་འབུམ་འདི་ནི་སྨན་སྣའི་ངོས་འཛིན་དང་། སྨན་གྱི་སྦྱར་ཐབས། སྨན་གྱི་ནུས་པ་སོགས་ཆེས་ཕུན་སུམ་ཚོགས་པའི་གསོ་རིག་གི་གཞུང་ཞིག་ཡིན་ཟེར་ནའང་མ་འགྲིག་པ་ཅི་ཡང་མེད་དོ།།
          5.ཟས་སྤྱོད་ཀྱི་སྐོར་ལས་སྤྱོད་ལམ་སྐོར་གྱི་ནང་དོན་བཀོད་པ་ཕལ་ཆེར་མེད་ལ། ཟས་ཀྱི་སྐོར་ལ་དམིགས་བསལ་གྱི་ལེའུ་ཟུར་དུ་ཕྱུངས་ནས་བསྟན་མེད་པར་ལེའུ་དག་གི་ནང་དུ་ཐར་ཐོར་ཀྱི་ཚུལ་དུ་གནས་པ་སྟེ། ཁ་ཟས་རིགས་ལ། སྤྱིར་འཛམ་བུ་གླིང་གི་འཇིག་རྟེན་ལ་ཁ་ཟས་རྣམ་བཞི་ལོངས་སྤྱོད་ཡོད་པ་དང་། དེ་དག་ནི་བཤས་ལས་བྱུང་བ་ཤའི་ཟས།ཤེ་ལས་བྱུང་བ་དཀར་ཐོག་ཟས། རྨོ་ལས་བྱུང་བ་ལོ་ཐོག་ཟས། མ་རྨོས་ལོ་ཐོག་རྔར་སྣུམ་ཟོས་སོགས་ཡིན། ཡང་ཤ་རྙིང་དང་མར་རྙིང་། ཞུན་མར། ལུག་ཤཐུད། རུས་ཞུན།ལུག་ཤ་དྲི་ཅན། སྒོག་སྐྱ་རྣམས་རླུང་ཟས་སུ་བཤད་པ་དང་སྐོམ་ལ་ཆང་རྒན། དར་བ་དྲོན་མོ། ཞོ། འོ་མ་སྐོལ་བ། བུར་ཆང་། རུས་རྙིང་ཁུ་བ་སོགས་ཡིན་པར་བཤད། མཁྲིས་པའི་ཟས་ལ་འབྲས་དང་། རའི་མར་གསར། གྲོ་དང་བསིལ་ཤ་དྲི་མེད། ཁུར་མང་། ལྦ་ཁུར་སོགས་དང་སྐོམ་ལ་བ་ཚྭ་མེད་པའི་ཆུ་བསིལ། ཆུ་སྐོལ་གྲང་བ། རྩུབ་པའི་ཇ་རྣམས་ཡིན་པར་བཤད། བད་ཀན་གྱི་ཟས་ལ་ཤ་སྐམ་ཚོད་མ། སྤྱང་ཀིའི་ཤ གཡག་རྒོད་དང་རྟ་བོང་ཤ་སོགས་དང་སྐོམ་ལ་ཚ་ཆུ། ཆང་རྒན་ནར་སོན། ཆུ་སྐོལ། དར་བ་གྲང་མོ། ཞོ་སྐོལ།ལྕུམ་སྐོལ། ཚ་སྐྱུར་སོགས་དགོས་པར་བཤད་ཡོད། ཡང་བཤལ་སྨན་དག་ཟས་ཁ་ཤས་ལ་འཛེམས་དགོས་པར་བཤད་དེ། དནྡ་དཀར་ལ་འཛེམས། བྱང་ཁྲ་མངར་ལ་འཛེམས།ལྕུམ་རྩ་སྐྱུར་ལ་འཛེམས། སྔོན་བུ་ཡུངས་དཀར་ལ་འཛེམས། དུར་བྱིད་ཡུ་མོའི་ཤ་ལ་འཛེམས། ཤིང་ཀུན་ཆང་ལ་འཛེམས། གསེར་བྱེ་དང་རྒྱ་ཚྭ་ཆུ་ལ་འཛེམས། ཡང་རྒྱ་ཚྭ་ཕག་ཤར་འཛེམས། ཤྲིཁནྡ་ཆང་གཞོན་འཛེམས། དུར་བྱིད་གཡག་ཤ་འཛེམས། ཐར་ནུ་སྦྲང་ལ་འཛེམས། ལྕུམ་རྩ་ཤ་ལ་འཛེམས་སོགས་བཤལ་སྨན་དག་བཏང་སྐབས་ཁ་ཟས་དེ་དག་ལ་འཛེམས་དགོས་ཚུལ་བསྟན་ཡོད། འོན་ཀྱང་ཟས་སྤྱོད་གཉིས་ཀྱི་ནང་དོན་སྐོར་ཐོར་འབུམ་དུ་མང་པོ་མེད་པ་དང་ཡོད་པ་དེ་དག་ཀྱང་ཐར་ཐོར་ཚུལ་དུ་གནས་ཡོད་དོ།། 
          མདོར་ན་དྭགས་པོ་ཐོར་འབུམ་ནི་མགོ་རྨ་གསོ་བ་དང་ཐར་ཐོར་གྱི་གདམས་ངག་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་རྙིང་ཞིག་ཡིན་པ་དང་། སྨན་གྱི་ངོས་འཛིན་དང་སྨན་གྱི་ཕན་ནུས། སྨན་གྱི་སྦྱོར་སྡེ་སོགས་ཕུན་སུམ་ཚོགས་པའི་སྔོ་འབུམ་ཆེན་མོ་ཞིག་ཀྱང་ཡིན། དེ་ཕྱིར་དྭགས་པོ་ཐོར་འབུམ་དུ་ཡོད་པའི་ནང་དོན་གཙོ་བོ་ནི་མགོ་རྨ་གསོ་བ་དང་སྨན་རྫས་སྐོར་རྒྱ་ཆེར་བཀྲལ་ཡོད་པའི་གཞུང་ཆེན་ཅིག་ཡིན་ནོ།།
          དྲུག་པ། དྭགས་པོ་ཐོར་འབུམ་གྱི་གཞུང་སྤྱིའི་ཁྱད་ཆོས་སྐོར་ལ་དཔྱད་པ།
          དྭགས་པོ་ཐོར་འབུམ་ནི་སྔོ་འབུམ་དང་མགོ་རྨ། ཐར་ཐོར་གྱི་གདམས་ངག་ལག་ལེན་དག་ཕྱོགས་བསྡུས་བྱས་པ་ལས་བྱུང་བའི་གཞུང་ཞིག་ཡིན་པ་དང་། བོད་རང་ཉིད་ཀྱི་གསོ་རིག་གི་ལྟ་བ་གཙོ་བོར་འདོན་པའི་གཞུང་ཞིག་ཀྱང་ཡིན།དྭགས་པོ་ཐོར་འབུམ་འདིའི་ཁྱད་ཆོས་ལ་བརྗོད་བྱ་ནང་དོན་རྒྱ་ཆེ་བ་དང་། རྗོད་བྱེད་ཚིག་དག་ཀྱང་དཔེ་དང་དཔེ་ཅན་གྱི་ཚུལ་དུ་གང་མང་བསྟན་ཡོད་པས་གནའ་རབས་སྙན་ངག་གི་ཁྱད་ཆོས་རབ་དང་རིམ་པ་ལྡན་ཡོད་ལ་རྒྱན་མང་ཆེ་ཤོས་ནི་གཟུགས་རྒྱན་དང་དཔེ་རྒྱན་ཡིན།གཞན་དྭགས་པོ་ཐོར་འབུམ་འདི་ནི་བོད་སིལ་བུའི་དུས་ཀྱི་གསོ་རིག་ཡིག་རྙིང་ཞིག་ཡིན་པས་བསྐུངས་ཡིག་བྲིས་པ་མང་བ་དང་། གཅིག་གཉིས་གསུམ་སོགས་གྲངས་ཀ་དག་ཨང་ཀིས་མཚོན་ཡོད་པ། རྗེས་འཇུག་འ་མཐའ་དོར་མེད་པ་སོགས་གནའ་དཔེ་ཡི་ཁྱད་ཆོས་ཀྱང་གང་མང་ལྡན་ཡོད།ཐོར་འབུམ་སྤྱིའི་ཁྱད་ཆོས་དང་ཆེ་བརྗོད་སྐོར་ཐོར་འབུམ་གཞུང་རང་དུ་གསལ་པོར་བྲིས་ཡོད་དེ། “ནད་ཐམས་ཅད་འཇོམས་པའི་རྒྱལ་པོ་སྟེ། སྦོས་འཁེངས་མཁྲེན་པ་འཇོམས་པ། དབྱིག་གི་ཆུ་ཤེལ་འཇིབ་པ་འདྲ། ཁྲག་གཟེར་ཚ་བ་དུག་འཇོམས་པ། ལྕགས་སྲེགས་ཆུར་རུ་བཅུག་པ་འདྲ། རླུང་མཁྲིས་བད་ཀན་འཇོམས་པ་ནི།ཤིང་ཀུ་མཐུར་དུ་ལོག་པ་འདྲ། རིམ་དང་ཁོང་ལྷོག་གག་པ་འཇོམས་པ་ནི། རྡོ་ཚན་མར་ལ་རེག་པ་འདྲ། འཁྱིམ་དང་འདྲེད་དང་ལྡོག་མེད་པ། རྩང་པོ་གཞུང་ལ་འདྲིམ་པ་འདྲ། མ་རིག་པ་རིག་པར་བྱེད་པ་ནི། ཉི་མ་མེ་ཤེལ་འཕྲད་པ་འདྲ། བྱེར་བ་བསྡུད་པར་བྱེད་པ་ནི། འབང་རྒྱལ་པོའི་དར་ལ་འདུ་བ་འདྲ། མ་སྨྱིན་སྨྱིན་པར་བྱེད་པ་ནི། གླང་ཆེན་ག་བུར་ཟོས་པ་འདྲ། སྦྱིན་པར་འཚོ་བ་ནུས་པ་ནི། དུག་སྦྲུལ་བཙནྡན་ལོ་མས་འདྲད་པ་འདྲ།རྒྱུད་མཆོག་མན་ངག་རྒྱལ་པོ་འདི། སངས་རྒྱས་ཀྱི་ནི་བདུད་རྩི་ཡིན། ཀླུ་རྒྱལ་དེའི་ཞུས་ལེན་ཡིན། མཁའ་འགྲོ་རྣམས་ཀྱིས་གསང་སྐོར་ཡིན། གྲུབ་ཐོབ་རྣམས་ཀྱི་ཕྱག་རྒྱུད་ཡིན། འབྱུང་ནད་ཀྱིས་རོ་བསྙོམས་ཡིན། ལུས་བར་ཆད་མེད་པ་ཚེ་བསྲིང་ཡིན། མ་རིག་མུན་པའི་སྒྲོན་མེ་སྟེ།”(22) ཞེས་པ་ལྟར་གསུངས་ཡོད་དོ།།
          བདུན་པ། དྭགས་པོ་ཐོར་འབུམ་གྱི་འཆད་ཉན་བརྒྱུད་པའི་སྐོར་ལ་དཔྱད་པ།
          དྭགས་པོ་ཐོར་འབུམ་གྱི་འཆད་ཉན་བརྒྱུད་པའི་ལོ་རྒྱུས་གསལ་པོར་བཤད་མ་ཐུབ་ཀྱང་《དེའུ་དམར་བའི་གསོ་བ་རིག་པའི་ཐོབ་ཡིག་བྱིན་རླབས་མྱུ་གུ་》ལས། “མཉམ་མེད་དྭགས་པོ་ལྷ་རྗེ། ཞང་སྨན་ནག་པ། ཞང་རྡོ་རྗེ་རྒྱལ་མཚན། གཙང་པ་དོན་གྲུབ་སེང་གེལྷས་པ་འཕོང་བཙུན། རྒྱ་ནག་དར་མ་རྒྱལ་མཚན་སང་གྷ་བྷ་དྲ། དེས་མེ་ཉི་མ་འོད་ཟེར་དང་། གངས་སེང་གེ་གྲགས་པ། ཆུ་ཟླ་བ་རྒྱལ་མཚན་གསུམ་ལ་གདམས། དེ་གསུམ་ཀས་བསམ་འགྲུབ་ཏ་ལུ་ལ་གདམས། དེ་ནས་བསོད་ནམས་དབང་རྒྱལ། པཎ་ཆེན་བྱང་ཆུབ་རྒྱལ་མཚན། འཚོ་མཛད་འཁོར་ལོ་རྒྱས། ཀརྨ་རབ་བརྟན། མཚོ་སྔགས་ཁྲོ་བོ་སྐྱབས། བླ་མ་སྐྱབས་མཆོགདེས་པཎ་ཆེན་ནམ་མཁའ་ཤེས་རབ། སྐྱབས་གནས་བླ་མ་དྲིན་ཆེན། དེའི་བཀའ་དྲིན་ལས་ཁོ་བོས་ཐོབ་པའོ།།” (23)ཞེས་གསུངས་པས་དེའུ་དམར་བས་རང་གི་ཁུ་བོ་ནམ་མཁའ་ཤེས་རབ་དང་སྐྱབས་གནས་བླ་མ་དྲིན་ཆེན་ཁམས་པ་ཀུན་དགའ་བསྟན་འཛིན་གཉིས་ཀྱི་མདུན་ནས་དྭགས་པོ་ཐོར་འབུམ་གྱི་ལུང་ཞུས་ནས་རང་ཉིད་ཀྱི་གསོ་རིག་བསྟན་བཅོས་དག་ཏུ་ཐོར་འབུམ་ནང་དོན་དག་བཏུས་ནས་དར་སྤེལ་བྱས་ཡོད་པ་དང་། དེའུ་དམར་བའི་ཁུ་བོ་ནི་གསོ་རིག་ལ་མཁྱེན་པ་རབ་ཏུ་ཆེ་བ་དང་དེའུ་དམར་རང་ཉིད་ཀྱི་གསོ་རིག་གི་གདམས་པ་གང་མང་ཞིག་གི་གསན་ཡུལ་ཡང་ཡིན། ཁམས་པ་ཀུན་དགའ་བསྟན་འཛིན་ནི་དེའུ་དམར་བའི་གསོ་རིག་ལུང་རྒྱུན་གྱི་བླ་མ་དང་ནང་ཆོས་སོགས་གསན་སའི་གནས་གཅིག་པུ་ལྟ་བུ་ཡིན་པ་དང་། དམ་པ་དེའི་ཆུང་དུས་ནས་རིག་གནས་ལ་བག་ཆགས་ཆེས་ཆེར་འཇོག་སའང་ཁམས་པ་སྒར་གྱི་འབྲུག་སྤྲུལ་ཀུན་དགའ་བསྟན་འཛིན་མདུན་ནས་བཞག་ཡོད། དེའུ་དམར་བས་ཐོར་འབུམ་འདི་ཉིད་ཀྱི་ནང་དོན་དག་ཁོང་གི་གསོ་རིག་གཅེས་བསྡུས་སུ་བཀོད་ཡོད་པ་དག་གཞན་སུ་ཞིག་ལ་བརྒྱུད་པའི་སྐོར་བྲིས་མེད་ཀྱང་། ཚོད་དཔག་བྱས་ན་དེའུ་དམར་རིན་པོ་ཆེ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དགེ་རྒན་ཡིན་པ་དང་། དེ་བཞིན་ནང་ཆེན་ལྷ་མོ་སྐྱབས། ཟུར་མང་ཆེ་ཚང་སྤྲུལ་སྐུ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ། སྡེ་དགེ་བླ་སྨན་ཆོས་སྐྱོང་བློ་གྲོས་སོགས་ཀྱི་གསོ་རིག་གི་སློབ་དཔོན་ཡིན་པས་དྭགས་པོ་ཐོར་འབུམ་གྱི་གདམས་པའི་རྒྱུད་དེ་ཡང་ཁམས་གོ་འཇོ་དང་ནང་ཆེན་སྡེ་དགེ་སོགས་གང་ས་གང་དུ་ཁྱབ་ཡོད་པར་ངེས་པར་སྙམ་མོ།། འོན་ཀྱང་ཆིག་བརྒྱུད་ཀྱི་ཚུལ་དུ་བརྒྱུད་ཚུལ་སྐོར་ལ་ཁམས་ཕྱོགས་ཀྱི་གསོ་རིག་ཡིག་ཆ་དག་ཏུའང་མི་གསལ་བས་ཕལ་ཆེར་ཆིག་བརྒྱུད་ཀྱི་བརྒྱུད་པ་དེའུ་དམར་བའི་རྗེས་ནས་ཉམས་པར་མངོན། ཡང་དྭགས་པོ་ཐོར་འབུམ་གྱི་བརྒྱུད་པ་གཞན་ཞིག་ནི་《དེའུ་དམར་ཆོས་འབྱུང་》ལས། “རྗེ་སྒམ་པོ་པ་ནས། ཞང་སྨན་ནག་པ། གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ནས་རིམ་པར་བརྒྱུད་” (24)ཅེས་གསུངས་པས། དེ་ལྟར་ན་དྭགས་པོ་ལྷ་རྗེ་ནས་གཡུ་ཐོག་གསར་མར་བརྒྱུད་པ་དང་། དེའི་རྗེས་ཀྱི་བརྒྱུད་ཚུལ་ནི་དཔལ་ལྡན་རྒྱུད་བཞི་ཡི་བརྒྱུད་ཚུལ་དང་གཅིག་པར་ངེས་སོ།།
          བརྒྱད་པ། དྭགས་པོ་ཐོར་འབུམ་གྱི་ཤུགས་རྐྱེན་ཐེབས་ཚུལ་སྐོར་ལ་དཔྱད་པ།
          དྭགས་པོ་ཐོར་འབུམ་གྱིས་གསོ་རིག་གི་གཞུང་ཆེན་གང་དག་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ད་ལྟ་ཤེས་རྟོགས་བྲལ་བ་སྟེ། ཐོར་འབུམ་གྱི་ཚིག་ཇི་མ་ཇི་བཞིན་དྲངས་ཡོད་པའི་གསོ་རིག་གི་གཞུང་ཆེན་མང་པོ་མེད། འོན་ཀྱང་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པའི་སྨན་སྦྱོར་དག་ནི་ཉམས་ཡིག་གང་མང་ཞིག་གི་ནང་དུ་རྒྱུན་སྤྱོད་ཀྱི་སྨན་སྦྱོར་ཅིག་ཏུ་གྱུར་ཡོད། དེ་ཕྱིར་དྭགས་པོ་ལྷ་རྗེ་ཡིས་སྨན་གྱི་ལག་ལེན་དག་ད་ལྟ་གང་ས་གང་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཀྱང་ཐོར་འབུམ་འདིས་ཤུགས་རྐྱེན་རྒྱ་ཆེར་ཐེབས་ཡོད་མིན་མི་གསལ། དེ་ལྟར་ཡིན་པའི་རྒྱུ་མཚན་ནི་སྤྱིར་ཐོར་འབུམ་འདིའི་ནང་དུ་གདམས་ངག་གང་མང་ཞིག་ཡོད་ལ། གདམས་ངག་དེ་དག་གི་རྩ་བའི་འབྱུང་ཁུངས་ནི་བོད་གནའ་རབས་ཀྱི་གསོ་དཔྱད་ཡིན་པ་དང་དཔལ་ལྡན་རྒྱུད་བཞི་དང་ཅུང་མི་འདྲ་བའི་ཆའང་མཆིས། གཞན་དྭགས་པོ་ལྷ་རྗེ་མཆོག་ནི་གསོ་རིག་ལ་ནང་བྱན་ཆུད་ཡོད་ཀྱང་གདུལ་བྱ་མང་པོ་ཞིག་ཆོས་ཕྱོགས་ནས་བསྐྱངས་ཡོད་པས་ཁོང་གི་རྒྱུན་འཛིན་པ་དག་གིས་ཀྱང་ཆོས་ལུགས་ཕྱོགས་ནས་དམ་པ་དེའི་བརྒྱུད་པ་སྤེལ་ཡོད་པ་ལས་གསོ་རིག་ཕྱོགས་ནས་རྒྱ་ཆེར་སྤེལ་མེད་པར་འདོད། གཞན་དྭགས་པོ་ལྷ་རྗེའི་རྗེས་སུ་དཔལ་ལྡན་རྒྱུད་བཞི་འདིའི་བཤད་པ་དང་འཕྲིན་ལས་རྒྱ་ཆེར་དར་སོང་བས་ཕྱིས་བྱོན་ལྷ་རྗེ་ཚོས་རྒྱུད་བཞིའི་བཤད་པ་ལ་བརྟེན་ནས་གསོ་རིག་ལ་སྦྱངས་པ་བྱས་ཡོད་པ་སོགས་ཕྱི་ནང་གི་རྐྱེན་དུ་མ་ལ་བརྟེན་ནས་ཐོར་འབུམ་འདི་རྒྱ་ཆེར་དར་མ་ཐུབ་པར་སྙམ་མོ།།
          ཕྱིས་བྱོན་མཁས་པ་ལས་དྭགས་པོ་ཐོར་འབུམ་འདིའི་ནང་དོན་དང་འབྱུང་ཁུངས་སོགས་ལ་ཆེས་ཐོག་མའི་ཞིབ་འཇུག་གནང་མཁན་ནི་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་(1672- ?)ཡིན་པ་དང་། དམ་པ་དེའི་གསོ་རིག་གི་གསུང་རྩོམ་གྲགས་ཅན་དེའུ་དམར་གསོ་རིག་གཅེས་བཏུས་སུ་ཐོར་འབུམ་འདིའི་སྐོར་བཀོད་ཡོད་པ་དང་། ཐོར་འབུམ་འདིའི་ནང་གི་སྨན་སྒྲོ་བཟོ་ཐབས་རྩ་བར་བྱས་ནས་དམ་པ་འདིས་བཟོ་འགྲེལ་ཨ་ཝ་སྤྲིན་གྱི་ཡང་བཅུད་ལེགས་བཤད་ཆར་རྒྱུན་ཞེས་པ་བརྩམས་པ་དང་། དབང་རིལ་ལག་ལེན་ལ་ཁ་གསབ་བྱས་ནས་རིན་ཆེན་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསལ་སྙིང་ཐིག་ཅེས་པ་བརྩམས། དེ་མིན་ཤེལ་ཕྲེང་ནང་དུ་དྭགས་པོ་ཐོར་འབུམ་གྱི་ལུང་གང་ལ་གང་འཚམས་དྲངས་ཡོད་པ་སྟེ། དཔག་བསམ་ལྗོན་ཤིང་ལས་ཞེས་པ་དག་ཐོར་འབུམ་འདིའི་ནང་དོན་ཡིན་པ་དང་། དེ་མིན་དཔའ་བོ་ཁ་ལ་མེ་འཁྱེར་སོགས་ཀྱང་འདི་ལས་ལུང་དྲངས་པས་མདོར་ན་དྭགས་པོ་ཐོར་འབུམ་གྱིས་དེའུ་དམར་བའི་གསུང་རྩོམ་དག་ལ་ཤུགས་རྐྱེན་རྒྱ་ཆེར་ཐེབས་ཡོད་དོ།། ཤུགས་རྐྱེན་དེ་ལྟར་ཐེབས་པའི་རྒྱུ་མཚན་ནི། གཅིག་ནས་དེའུ་དམར་རིན་པོ་ཆེ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་མ་ཧཱ་པཎྟི་ཏ་ཞིག་ཡིན་པ་དང་། དྭགས་པོ་རིང་ལུགས་ཀྱི་གསོ་རིག་གི་བརྒྱུད་པ་འཛིན་གང་ཐུབ་བྱས་ཡོད་པས་དྭགས་པོ་ལྷ་རྗེ་ནི་དྭགས་པོ་བཀའ་བརྒྱུད་ཀྱི་སྨན་ཆོས་གཉིས་ཀྱི་སྲོལ་གཏོད་པ་པོ་ལྟ་བུ་ཞིག་ཏུ་ཆགས་ཡོད། གཉིས་ནས་དམ་པ་འདིས་དྭགས་པོ་ཐོར་འབུམ་གྱི་ལུང་རྒྱུན་གསན་ཡོད་པ་དང་། ཐོར་འབུམ་འདི་མཇལ་མྱོང་བྱུང་ཡོད། གསུམ་ནས་དམ་པ་འདི་ནི་གསོ་རིག་མཁས་དགུ་ལས་བི་ཇི་གདུང་རྒྱུད་ཡིན་པ་དང་དྭགས་པོ་ལྷ་རྗེ་ཡི་ཐོར་འབུམ་འདིའི་འབྱུང་ཁུངས་ནང་བི་ཇི་སྨན་གཞོན་གྱི་རིང་ལུགས་ཀྱང་གང་མང་ཡོད་པས་དམ་པ་འདིས་རང་ཉིད་ཁྱིམ་རྒྱུད་ཀྱི་ནོར་བུ་དེ་མི་བརྗེད་པའི་ཆེད་ཡིན། བཞི་པ་ནི་དེའུ་དམར་བས་དྭགས་པོ་ཐོར་འབུམ་འདིའི་བླ་བརྒྱུད་ནང་སྟོན་པ་ཐུགས་རྗེ་ཆེན་པོ་ནས་འཚོ་བྱེད་གཞོན་ནུ་ལ་བརྒྱུད་ནས་བྱུང་བ་སོགས་བཀའ་ལྟ་བུར་གཙིགས་ཏུ་འཛིན་པ་སོགས་ལ་བརྟེན་ནས་ཐོར་འབུམ་འདིའི་ནང་དོན་དག་རང་ཉིད་ཀྱི་བསྟན་བཅོས་ནང་དུ་དྲངས་ཡོད་པར་སྙམ་མོ།།
          མཇུག་བསྡུ་བ།
          དྭགས་པོ་ཐོར་འབུམ་སྐོར་ལ་སྔོན་ཆད་བྲིས་པའི་དཔྱད་རྩོམ་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། ཐོར་འབུམ་འདི་ཡང་སྙིང་ཇི་འདྲ་ཞིག་ཡིན་པའང་དེང་དུས་གཞོན་སྐྱེས་ཚོས་ཤེས་མེད་པས་བདག་གིས་ཐོར་འབུམ་འདིའི་ནང་དོན་ལས་དེའི་ལེའུ་ཁ་གྲངས། མཛད་པ་པོ་དང་། མཛད་ལོ།མཛད་པའི་རྒྱུ་མཚན། དངོས་གཞིའི་ནང་དོན་སོགས་ཕྱོགས་གང་ཐད་ལ་ཅུང་ཟད་དཔྱད་པ་བྱས་ཡོད་པ་དང་། དཔྱད་རྩོམ་ནང་དུ་ལུང་དྲངས་པའི་ཡི་གེ་དག་ནི་ཐོར་འབུམ་གྱི་དག་ཆ་རང་སོར་བཞག་ནས་དག་བཅོས་བྱས་མེད་པས་རྩོམ་འདིའི་ཕྱོགས་ཡོངས་ནས་ལྟོས་ན་ཡིག་ནོར་མང་པོ་ཡོད་པ་ལྟར་སྣང་། དེ་མིན་ཐོར་འབུམ་འདིའི་ནང་དོན་རྒྱ་ཆེ་བ་དང་གཏིང་ཟབ་པས་ཕྱོགས་ཙམ་ཞིབ་འཇུག་བྱས་པ་ཙམ་གྱིས་ཆ་ཡོངས་སུ་རྟོགས་དཀའ་བ་དང་། རང་ཉིད་ཀྱང་རིག་གནས་ཤེས་བྱ་སོགས་ལྟ་རྒྱ་མཐོང་རྒྱ་ཤིན་ཏུ་དབེན་པའི་བླུན་པོ་ཐ་ཤལ་ཅིག་ཡིན་པས་དཔྱད་རྩོམ་འདིའི་ནང་ནོར་འཁྲུལ་དང་འགལ་བ་སོགས་གང་མང་ཞིག་འབྱུང་སྲིད་པས་ཤེས་ཡོན་དང་སྤོབས་པས་རབ་ཏུ་ཁེངས་པའི་གཞོན་གསར་ཚོས་གུ་ཡངས་སུ་གཏོང་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་དྭགས་པོ་ལྷ་རྗེ་ཡི་གསོ་རིག་གི་མཛད་འཕྲིན་བསྐལ་བརྒྱར་གནས་པར་ཤོག་ཅིག
          མཆན་འགྲེལ།
①2015ལོའི་བོད་ལྗོངས་མཐོ་རིམ་སློབ་གསོའི་སློབ་གསོ་བཅོས་བསྒྱུར་རྣམ་གྲངས། (jg2015-36)
②དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་བཞུགས་སོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1992ལོར་དཔར། ཤོག་ངོས་
713ལ་གསལ།
③དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་3ལ་གསལ།
④⑤དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་3དང་ཤོག་ངོས་7བཅས་ལ་གསལ།
⑥དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་32ལ་གསལ།
⑦དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་བཞུགས་སོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1992ལོར་དཔར། ཤོག་ངོས་709ལ་གསལ།
⑧དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་16ལ་གསལ།
⑨དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2006ལོར་དཔར། ཤོག་ངོས་401ལ་གསལ།
⑩དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་བཞུགས་སོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1992ལོར་དཔར། ཤོག་ངོས་709 ལ་གསལ།
⑾⑿⒀⒁དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་4དང་། ཤོག་ངོས་5 ཤོག་ངོས་7 ཤོག་ངོས་13བཅས་ལ་གསལ།
⒂⒃⒄དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་274དང་། ཤོག་ངོས་79 ཤོག་ངོས་273བཅས་ལ་གསལ།
⒅དགེ་སྦྱོང་པྲ་བྷ་རཏྣ། 《དྭགས་པོ་ལྷ་རྗེ་གསུང་སྒྲོས་ཕན་བྱེད་རིག་པའི་མཛོད》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2015ལོར་དཔར། ཤོག་ངོས་266ལ་གསལ།
⒆དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་བཞུགས་སོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1992ལོར་དཔར། ཤོག་ངོས་713ལ་གསལ།
⒇དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་3ལ་གསལ།
(21)དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་12ལ་གསལ།
(22)དྭགས་པོ་ཐོར་འབུམ་བྲིས་མ་པར་སློག་བརྒྱབ་པ་ཅིག དཀར་ཆག་ཤོག་ངོས་7ལ་གསལ།
(23)(24)དེའུ་དམར་བསྟན་འཛིན་ཕུན་ཚོགས། 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་བཞུགས་སོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1992ལོར་དཔར། དཀར་ཆག་
ཤོག་ངོས་3དང་ཤོག་ངོས་12ལ་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1