ཐུབ་བསྟན་ཚེ་རིང་། ཉི་མ་བཀྲ་ཤིས།
[གནད་བཏུས] རྩོམ་འདིར་ཐོག་མར་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་འཇུག་ན། ཐོག་མར་ཡི་གེ་དང་མིང་། ཚིག་དང་དོན་བཅས་ཀྱི་ངོས་ནས་འཇུག་པའི་སྒོ་འཆད་པ་དང་། དེ་ནས་རྩིས་འཁོར་ཤེས་ན་ལག་རྩལ་ལ་མི་རྨོངས་པ་དང་། བརྡ་སྤྲོད་ཤེས་ན་དོན་ལ་མི་རྨོངས། གྲངས་རིག་ཤེས་ན་བསམ་བློ་ལ་མི་རྨོངས། གནས་བབ་ཤེས་ན་ཁ་ཕྱོགས་ལ་མི་རྨོངས་པའི་ཚུལ་གླེང་ནས་བོད་ཀྱི་ན་གཞོན་ཤེས་ལྡན་པ་གང་མང་ཞིག་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་ལས་ལ་འཇུག་པར་སྐུལ་མ་བྱས་ཡོད།
[གནད་ཚིག] བོད་ཡིག་ཆ་འཕྲིན་ལག་རྩལ། སྒྲིག་གཅོད། རྩིས་འཁོར། བརྡ་སྤྲོད། གྲངས་རིག་པ།
དུས་རབས་ཉེར་གཅིག་པ་ནི་ཚན་རིག་ལག་རྩལ་དབྱར་མཚོ་བཞིན་རྒྱས་པའི་དུས་ཡིན་ལ། ལྷག་པར་དུ་བརྡ་འཕྲིན་ཚན་རྩལ་དང་གློག་རྡུལ་ཚན་རྩལ་གྱི་གྲུབ་འབྲས་ནི་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་དུ་གང་ས་གང་དུ་ཁྱབ་ཡོད་པས། མིའི་རིགས་ཀྱི་འཚོ་བ་དང་རིག་གནས། དཔལ་འབྱོར་དང་སློབ་གསོ་བཅས་ལ་སྔ་ན་མེད་པའི་སྟོབས་ཤུགས་བསྩལ་ནས་སྤྱི་ཚོགས་ཡོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་གཏོང་བཞིན་ཡོད། གལ་ཏེ་དུས་དང་མཐུན་པའི་ཚན་རིག་ལག་རྩལ་གྱི་གསར་བརྗེ་དང་མ་འགྲོགས་ན། ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ་སྔོན་ཐོན་གྱི་གོམ་པ་སྤོ་མི་ཐུབ་པས། ཆ་འཕྲིན་དུས་རབས་ཀྱི་འགྲོས་དང་བསྟུན་ཐུབ་མིན་གྱི་འགག་རྩ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བཀོལ་སྤྱོད་ལ་ཐུག་ཡོད། རྒྱུ་མཚན་དེའི་དབང་གིས་བོད་ཡིག་ཆ་འཕྲིན་ལག་རྩལ་ནི་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་། སྒོས་སུ་སྐད་ཡིག་ཆགས་འཇིག་དང་འབྲེལ་བའི་གནད་དོན་འགངས་ཆེན་ཞིག་ཡིན་པས། དེའི་ཞིབ་འཇུག་གི་རིན་ཐང་ནི་སྨོས་མ་དགོས་སོ། །
དང་པོ། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་འཇུག་པའི་སྒོ།
སྤྱིར་ཆ་འཕྲིན་ལག་རྩལ(Information Technology)ཞེས་པ་ལ་གོ་བ་ལེན་སྟངས་མི་འདྲ་བ་དུ་མ་ཡོད་མོད། འདིར་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་ངོས་ནས་གླེང་ན། བོད་ཡིག་ཆ་འཕྲིན་ལག་རྩལ(Tibetan Information Technology)ཞེས་པ་ནི། རྩིས་འཁོར་བེད་སྤྱད་ནས་བོད་ཡིག་གི་སྒྲ་དང་གཟུགས། དོན་བཅས་སྐད་དང་ཡི་གེའི་གནས་ལ་ལས་སྣོན་དང་དབྱེ་ཞིབ་བྱེད་པ་སྟེ། ཐ་སྙད་དང་མིང་། ཚིག་དང་བརྗོད་པ་སོགས་རྩིས་འཁོར་དུ་འཇུག་པ་དང་རྩིས་འཁོར་ནས་འདོན་པ། རྩིས་འཁོར་གྱིས་ངོས་འཛིན་དང་དབྱེ་ཞིབ་བྱེད་པ་སོགས་འདུས་ཡོད། དེའི་ཕྱིར་བོད་ཡིག་ཆ་འཕྲིན་ལག་རྩལ་ནི་བརྡ་སྤྲོད་རིག་པ་དང་རྩིས་འཁོར་རིག་པ། གྲངས་རིག་པ་བཅས་རིག་ཚན་མང་པོ་ཕན་ཚུན་སྣོལ་བའི་ཕྲེང་འབྲེལ་གྱི་རིག་ཚན་ཞིག་ཡིན། སྐབས་འདིར་དེའི་ཞིབ་འཇུག་གི་སྒོའམ་ནང་དོན་གཙོ་བོ་འཆད་པར་བྱ།
ཀ ཡི་གེ་སྒྲིག་གཅོད་བྱེད་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་རྨང་གཞི་ཡིན།
རྟགས་འཇུག་ལས། ཡི་གེའི་ཁོངས་ནས་མིང་བྱུང་སྟེ། ། མིང་གི་ཁོངས་ནས་ཚིག་ཕྱུང་ནས། ། ཚིག་གིས་དོན་རྣམས་སྟོན་པར་བྱེད། ། ཅེས་པ་ལྟར། ཡི་གེ་ནི་མིང་ཚིག་དོན་གསུམ་གྱི་རྩ་བ་ཡིན་པས། ཐོག་མར་ཡི་གེའི་ངོས་ནས་གླེང་དགོས།
བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དམིགས་ཡུལ་གཙོ་བོ་ནི་རྩིས་འཁོར་གྱིས་བོད་ཡིག་ངོས་འཛིན་རྒྱུ་དེ་ཡིན། དེ་བས་ཡི་གེ་སྒྲིག་གཅོད་བྱེད་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞི་ཡིན་ལ། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་མྱུ་གུ་འབུས་སུ་འཇུག་པའི་ས་བོན་ཡིན། ཡི་གེ་སྒྲིག་གཅོད་བྱེད་པ་ལ་གཙོ་བོར་ཨང་སྒྲིག་ཡི་གེའི་ཚོགས་གཏན་ལ་འབེབས་པ་དང་། བོད་ཡིག་ནང་འདྲེན། ཡིག་རྣམ་ཞིབ་བརྗོད་དང་རྩོམ་སྒྲིག་གསོག་འཇོག ཡི་གེའི་ཟློས་གྲངས་བརྩི་བ་སོགས་འདུས་ཡོད།
དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པར། ཡི་གེའི་ཆ་འཕྲིན་སྒྲིག་གཅོད་བྱེད་པའི་ལག་རྩལ་ནི་སྐབས་དེའི་ཞིབ་འཇུག་གི་ནང་དོན་གཙོ་བོ་ཡིན་ལ། ད་ལྟའི་བར་ཞིབ་འཇུག་བྱས་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད། ལྷག་པར་དུ། ༡༩༩༧ལོར་བོད་ཡིག་ཨང་སྒྲིག་ཡིག་ཚོགས་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་སྒྲིག་ཡིག་ཚོགས་ཀྱི་གྲས་སུ་ཚུད་སོང་བ་དེས། བོད་ཡིག་ཨང་སྒྲིག་ཡིག་ཚོགས་གཅིག་གྱུར་ཡོང་བར་མ་ཟད། བོད་ཡིག་དེ་དེང་རབས་ཅན་དང་འཛམ་གླིང་ལ་ཁ་ཕྱོགས་ཐུབ་པ་བྱུང་། དུས་ད་ལྟ་མི་རྣམས་ཀྱིས་ལག་རྩལ་གྱི་དཀའ་ལས་ཅི་ཡང་རྒྱག་མི་དགོས་པར་གློག་ཀླད་དང་ཁ་པར་སོགས་སུ་བོད་ཡིག་གང་འདོད་དུ་བཀོལ་ཆོག འདི་ནི་ཡི་གེའི་ཆ་འཕྲིན་སྒྲིག་གཅོད་ཐད་ནས་བཤད་ན། ཆེས་མངོན་སུམ་དུ་གྱུར་པའི་གྲུབ་འབྲས་ཡིན།
ཁ། མིང་ལ་དབྱེ་ཞིབ་བྱེད་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་གནད་འགག་ཡིན།
ཡི་གེ་སྒྲིག་གཅོད་བྱས་རྗེས། ད་གཟོད་མིང་ལ་དབྱེ་ཞིབ་བྱ་ཐུབ། བོད་ཡིག་གི་མིང་ལ་དབྱེ་ཞིབ་བྱེད་པར་གཙོ་བོ་མིང་རྣམ་པར་དབྱེ་བ(Word Segmentation)དང་། དེ་ལ་ངོ་བོའི་རྟགས་འགོད་པ(POS tagging)བཅས་ནང་དོན་ཆེན་པོ་གཉིས་འདུས་ཡོད་པ་དང་། ཞིབ་འཇུག་གི་ཐབས་ལམ་གཙོ་བོ་ནི་བརྡ་སྤྲོད་རིག་པའི་འགྲོ་སྲོལ་དང་བསྟུན་པ་དང་། དེང་རབས་བསྡོམས་རྩིས་རིག་པ་དང་བསྟུན་པ་བཅས་གཉིས་ཡོད། མིང་རྣམ་པར་དབྱེ་བ་ཞེས་པ་ནི་ཚིག་དང་བརྗོད་པའི་ཕྲེང་བའི་ཁྲོད་ནས་མིང་རྣམས་སོ་སོར་མ་འདྲེས་པར་རྣམ་པར་དབྱེ་བ་ལ་ཟེར།
འོ་ན་ཅིའི་ཕྱིར་མིང་རྣམ་པར་དབྱེ་དགོས་ཤེ་ན། གཅིག་ནས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་བྱེད་པའི་སྐབས་སུ། མིང་ནི་སྐད་དང་སྦྱོར་བའི་ནང་གི་ཆེས་ཆུང་བའི་སྡེ་ཚན་ཡིན་པས་ཐོག་མར་མིང་རྣམས་སོ་སོར་རྣམ་པར་དབྱེ་དགོས། གཉིས་ནས་མིང་ནི་ཚིག་དང་བརྗོད་པ་གྲུབ་བྱེད་ཡིན་པ། གསུམ་ནས་བོད་ཡིག་ནི་དབྱིན་ཡིག་དང་མི་འདྲ་བར་མིང་དང་མིང་གི་བར་མཚམས་འབྱེད་ཆོས་གསལ་བོ་མེད་པ། འོ་ན་བོད་རང་ལ་རྣམ་དབྱེའི་ཕྲད་དང་ཚིག་ཕྲད་ཡོད་པ་མ་རེད་དམ་ཞེ་ན། རྣམ་དབྱེའི་ཕྲད་དང་ཚིག་ཕྲད་ཀྱིས་མིང་དང་མིང་།
ཚིག་དང་ཚིག་གི་བར་མཚམས་ཁག་གཅིག་སོ་སོར་དབྱེ་ཐུབ་མོད། མིང་དང་མིང་གི་བར་མཚམས་ན་ཕྲད་མེད་པ་དག་རྣམ་པར་དབྱེ་མི་ཐུབ་པས། མིང་ཐམས་ཅད་སོ་སོར་མ་འདྲེས་པར་རྣམ་པར་དབྱེ་ན་ངེས་པར་དུ་སྔོན་ཐོན་གྱི་ལག་རྩལ་གསར་བ་ལ་བརྟེན་དགོས། བཞི་ནས་མིང་གི་རིགས་ཀྱི་དབྱེ་བ་གསལ་བོ་མེད་པ། སྤྱིར་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་སུམ་རྟགས་ཀྱི་དགོངས་པ་ལྟར་ན། དོན་གྱི་ངོ་བོ་ཙམ་སྟོན་པ་ནི་མིང་ཡིན་ལ། དེར་དབྱེ་ན་འདོད་རྒྱལ་དང་རྗེས་གྲུབ་ཀྱི་རྣམ་པ་གཉིས་ཡོད་པ་དང་། སོ་སོར་ཡང་དངོས་མིང་དང་བཏགས་མིང་གཉིས་སུ་བྱུང་ངོ་། ། ཡིན་ནའང་། དབྱེ་བ་འབྱེད་ཚུལ་འདི་ཙམ་གྱིས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཐད་ལ་ནུས་པ་ཅི་ཡང་འདོན་མི་ཐུབ་པས། ངེས་པར་དུ་དེ་བས་ཞིབ་ཅིང་ཕྲ་བའི་དབྱེ་བ་འབྱེད་དགོས། དཔེར་ན། དབྱིན་ཡིག་གི་མིང་ལ་དབྱེ་བ་ཆེན་པོ་བཅུ་གཉིས་ཡོད་པ་དང་། རྒྱ་ཡིག་གི་མིང་ལ་དབྱེ་བ་ཆེན་པོ་གཉིས་དང་དབྱེ་བ་ཆུང་ངུ་བཅོ་ལྔ་ཡོད། བོད་ཡིག་ལ་ད་ལྟའི་བར་གཅིག་གྱུར་གྱི་དབྱེ་བ་འབྱེད་སྲོལ་མེད་པ་དང་། བརྡ་སྤྲོད་ཀྱི་བསྟན་བཅོས་སོ་སོའི་དབྱེ་ལུགས་ཀྱང་མི་མཐུན་པ་བྱུང་ཡོད་པར་མ་ཟད། དག་ཡིག་གསར་བསྒྲིགས་སུ་བོད་ཡིག་གི་མིང་ལ་དབྱེ་བ་བཅུ་གཉིས་ཕྱེ་ཡོད་པ་དང་། རྒྱ་བོད་ཚིག་མཛོད་དུ་མིང་ལ་དབྱེ་བ་བཅུ་གཅིག་ཕྱེ་ཡོད། དེ་བཞིན་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཞིབ་འཇུག་བྱེད་བཞིན་པའི་ལས་ཁུངས་དང་། སློབ་ཆེན་སོ་སོའི་མིང་གི་དབྱེ་ལུགས་ཀྱང་མི་འདྲ་མོད། མིང་ལ་དབྱེ་ཞིབ་བྱེད་པའི་ཞིབ་འཇུག་གི་གོམ་འགྲོས་ནམ་ཡང་ལྷོད་བཞིན་མེད། ཡིན་ནའང་གཅིག་གྱུར་དང་ཚད་ལྡན་གྱི་ལམ་དུ་བགྲོད་རྒྱུ་ནི་བོད་ཡིག་སྤྱི་ལ་ཕན་པའི་བྱ་བཞག་ཡིན་པས། ད་ལྟའི་ཆར། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་བོད་ཡིག་གི་མིང་གི་དབྱེ་བ་དང་། སོ་སོའི་ངོ་བོའི་མཚོན་རྟགས་གཏན་ལ་འབེབས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཉག་གཅིག་ཡིན།
འོ་ན་མིང་རྣམ་པར་དབྱེ་ནས་གང་ལ་ཕན་ཞེ་ན། དེ་ནི་ཚིག་དང་བརྗོད་པ་དབྱེ་ཞིབ་བྱ་བའི་རྨང་གཞི་དང་། འཕྲུལ་ཆས་ཀྱིས་ཡིག་སྒྱུར།(machine translation)ཆ་འཕྲིན་མཁོ་འཚོལ།(Information retrieval)ཆ་འཕྲིན་མཁོ་ལེན།(Information extraction)རྩོམ་ལུས་དགར་བ(Text Categorization)སོགས་ལ་ཞིབ་འཇུག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན།
ག ཚིག་ལ་དབྱེ་ཞིབ་བྱེད་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་ནང་དོན་གལ་ཆེན་ཞིག་ཡིན།
ཡི་གེ་དང་མིང་ལ་ཞིབ་འཇུག་བྱས་རྗེས། ཚིག་གི་སྟེང་ལ་འབེབས་དགོས་པ་དང་། ཚིག་ནི་ཡི་གེ་དང་མིང་། རྣམ་དབྱེ་བཅས་ཀྱི་ཕྲེང་བ་ཡིན། སུམ་ཅུ་པའི་རྩ་བ་ལས། མིང་ཚིག་གསལ་བ་མེད་ན་ནི། ། དོན་རྣམས་བརྗོད་པར་མི་འགྱུར་རོ། ། ཞེས་པ་ལྟར་ཚིག་ནི་བོད་ཡིག་ཞིབ་འཇུག་གི་གནད་འགག་ཡིན་པར་མ་ཟད། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་གཞུང་ནས་བཤད་ན་ཡང་། ནང་དོན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། དཀའ་ཁག་ཀྱང་ཆེས་ཆེན་པོ་ལྡན་པའི་ཞིབ་འཇུག་གི་ཚན་པ་ཞིག་ཡིན། ང་ཚོས་བོད་རང་གི་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ལུགས་དང་། དེང་རབས་ཀྱི་བརྡ་སྤྲོད་གཞུང་ལུགས་གཉིས་ཟུང་དུ་འབྲེལ་ནས་ཚིག་ལ་དབྱེ་ཞིབ་བྱ་དགོས། ཡིན་ཡང་། ཚིག་ལ་དབྱེ་ཞིབ་བྱེད་པར་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་སུ་ཚིག་གི་གྲུབ་ལུགས་དང་དབྱེ་བ་གསལ་བོ་བསྟན་མེད་པའི་གནད་དོན་ཆེན་པོ་ཞིག་དང་འཕྲད་ཡོང་།
བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་སུ་ཚིག་གི་གྲུབ་ལུགས་དང་དབྱེ་བ་གསལ་བོ་བསྟན་མེད་ཅེས་བརྗོད་དགོས་པའི་རྒྱུ་མཚན་ནི། སྔོན་བྱོན་མཁས་པའི་བརྡ་སྤྲོད་རིག་པའི་གཞུང་དུ་སུམ་ཅུ་པ་དང་རྟགས་འཇུག་ལ་རྒྱས་འགྲེལ་མཛད་ནས། བོད་ཀྱི་སྲོལ་རྒྱུན་གྱི་བརྡ་སྤྲོད་རིག་པ་འདི་ནི་གཏན་ཚིགས་རང་བཞིན་ལྡན་ལ། སྒྲིག་གཞི་ཚགས་དམ་པའི་མ་ལག་ཞིག་ཏུ་གྱུར་ཡོད་མོད། སུམ་རྟགས་ཀྱི་ནང་དོན་གཙོ་བོ་མདོར་དྲིལ་ན་ཡི་གེའི་སྦྱོར་བ་དང་། མིང་གི་སྦྱོར་བ། ཕྲད་དང་རྣམ་དབྱེའི་སྦྱོར་བ་སོགས་མང་དུ་གསུངས་ཡོད་པ་ལས། ཚིག་དང་བརྗོད་པའི་སྦྱོར་ཚུལ་ཉུང་ཉུང་མ་གཏོགས་གསུངས་མི་འདུག དེ་བས་ཚིག་གི་གྲུབ་ལུགས་དང་དབྱེ་བ་ལ་བྱ་བྱེད་ལས་གསུམ་དང་། དངོས་པོ་བདག་གཞན་སོགས་མ་གཏོགས་སྦྱོར་ཚུལ་གཞན་ཡོད་པ་མ་རེད། འདི་ཙམ་གྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དགོས་མཁོ་སྐོང་ག་ལ་ཐུབ། དེའི་ཕྱིར་གཞན་གྱི་སྐད་དང་ཡི་གེར་ཟུར་ལྟ་བྱས་ནས། བོད་རང་གི་བརྡ་སྤྲོད་དང་འཚམ་པའི་ཚིག་གི་གྲུབ་ལུགས་དང་དབྱེ་བ་གསལ་བོ་བསྟན་རྒྱུ་ནི་ཚིག་ལ་དབྱེ་ཞིབ་བྱེད་པའི་གཞུང་ལུགས་ཀྱི་རྟེན་བཅོལ་ས་ཡིན།
དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་མཆོག་གི《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》ལས། ཚིག་གི་གྲུབ་ཆ་ལ་རྩ་བའི་གྲུབ་ཆ་གསུམ་སྟེ། བྱེད་པ་དང་ལས་དང་བྱ་བ་བཅས་དང་། ཡན་ལག་གི་གྲུབ་ཆ་གསུམ་སྟེ། ངེས་བྱེད་དང་སྟངས་སྟབས་དང་ཁ་སྐོང་བཅས་སུ་བཀར་ཡོད་པ་དང་། ཚིག་ཐུང་ངུའི་རིགས་ལ་བྱ་བྱེད་ཐ་དད་པའི་ཚིག་དང་བྱ་བྱེད་ཐ་མི་དད་པའི་ཚིག། སེམས་དང་སེམས་བྱུང་འབྲེལ་བའི་ཚིག་དང་ཁྱད་གཞི་དང་ཁྱད་ཆོས་འབྲེལ་བའི་ཚིག དཔེ་ཆོས་ཀྱི་ཚིག་བཅས་ལྔ་རུ་བཀར་ཡོད།
དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་མཆོག་གི《བོད་སྐད་ཀྱི་ཚིག་གི་རྣམ་གཞག་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》ལས། ཚིག་ལ་དབྱེ་བ་ཆེན་པོ་གཉིས་དང་དབྱེ་བ་ཆུང་ངུ་བཅུ་རུ་བཀར་ཡོད་དེ། དབྱེ་བ་ཆེན་པོ་གཉིས་ནི་ཀུན་སློང་གི་དབྱེ་བ་དང་བརྗོད་དོན་དབྱེ་བ་ཡིན། ཀུན་སློང་གི་དབྱེ་བ་ལ་ནང་གསེས་སུ་སྨྲ་བྱེད་ཀྱི་ཚིག་དང་འདྲི་བྱེད་ཀྱི་ཚིག སྐུལ་སྨོན་གྱི་ཚིག་དང་འབོད་བྱེད་ཀྱི་ཚིག་བཅས་བཞི་རུ་བཀར་ཡོད་པ་དང་། བརྗོད་དོན་གྱི་དབྱེ་བ་ལ་ནང་གསེས་སུ་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག རྟེན་གཞི་བརྗོད་པའི་ཚིག་དང་གཞི་ཆོས་སྦྱར་བའི་ཚིག དེ་ཉིད་བརྗོད་པའི་ཚིག་དང་ངང་ཚུལ་བརྗོད་པའི་ཚིག་བཅས་དྲུག་ཏུ་བཀར་ཡོད། དགེ་རྒན་ཆེན་མོ་སྐལ་བཟང་འགྱུར་མེད་མཆོག་གི《བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》ལས། བོད་ཀྱི་ཚིག་གྲུབ་རྐྱང་པ་ལ་དབྱེ་བ་ཆེན་པོ་རིགས་གཉིས་དང་། ཚིག་འདུས་མ་དབྱེ་བ་ཆེན་པོ་བཅུ་རུ་བཀར་ཡོད།
གོང་གསལ་གྱི་ཚིག་གི་དབྱེ་སྲོལ་འདི་དག་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཁོངས་སུ་བཀོལ་ན་ཅུང་ཟད་འགྲིག་པོ་འདུག་པས། ད་སྔ་བོད་ཡིག་གི་ཚིག་གི་དབྱེ་བ་དང་གྲུབ་ལུགས་ལ་དབྱེ་ཞིབ་བྱེད་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཡིན་ལ། སྲོལ་རྒྱུན་གྱི་བརྡ་སྤྲོད་རིག་པ་ལ་བརྟེན་ནས་དེང་རབས་བརྡ་སྤྲོད་རིག་པའི་ཐབས་ལམ་བོད་དུ་ནང་འདྲེན་བྱ་རྒྱུ་ནི་མ་འོངས་པའི་ཁ་ཕྱོགས་ས་ཡིན་སྙམ།
ང་། བསྟན་དོན་རྟོགས་པ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཆེས་མཐར་ཐུག་གི་དམིགས་ཡུལ་ཡིན།
སྤྱིར་སྨྲ་ཤེས་ཤིང་དོན་གོ་བ་ནི་གང་ཟག་གི་མཚན་ཉིད་ཡིན་མོད། ད་ལྟའི་ཆ་འཕྲིན་དུས་རབས་སུ། སྨྲ་ཤེས་ཤིང་དོན་གོ་བ་གང་ཟག་ཙམ་དུ་མ་ཟད། གློག་གི་མི་དང་གློག་གི་འཕྲུལ་ཆས། རྩིས་འཁོར་དང་ཁ་པར་སོགས་ལ་ཡང་སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་དང་ལྡན་ཡོད། འདི་ནི་ཆ་འཕྲིན་ལག་རྩལ་གྱིས་མིའི་རིགས་ལ་གནང་བའི་ཚན་རིག་གི་ལེགས་སྐྱེས་ཡག་ཤོས་ཤིག་ཡིན། འོ་ན་ཅིའི་ཕྱིར་འཕྲུལ་ཆས་ལ་གང་ཟག་གི་མཚན་ཉིད་ལྡན་པ་རེད་ཅེ་ན། དེ་ནི་སྔོན་ཐོན་གྱི་ཚན་རིག་ལག་རྩལ་བཀོལ་ནས་འཕྲུལ་ཆས་ལ་མིང་ཚིག་བརྗོད་པ་ཀུན་གྱི་བསྟན་དོན་རྟོགས་སུ་བཅུག་པ་སྟེ། དཔེར་ན། ང་ཚོས་ལོ་ཆུང་བྱིས་པའི་དུས་ནས་བཟུང་བོད་ཡིག་སློབ་སྦྱོང་དང་འབྲི་ཀློག་ཡང་ཡང་བྱས་མཐར། དེའི་གོ་དོན་ཡོངས་སུ་རྟོགས་ཐུབ། དེ་བཞིན་འཕྲུལ་ཆས་ཀྱང་མིའི་གཟུགས་སུ་བཀོད་ནས་ཡི་གེ་འབྲི་ཀློག་ཡང་ཡང་བྱས་མཐར། བསྟན་དོན་རྟོགས་ཐུབ་པའི་ཕུང་པོ་དེ་ལ་རིག་ལྡན་འཕྲུལ་ཆས་ཟེར།
ད་ལྟ་འཛམ་གླིང་ནས་བསྟན་དོན་ཞིབ་འཇུག་གི་ཐད་ལ་དབྱིན་ཡིག་དང་ལྗར་པན། འཇར་མན། ཧྥ་རན་སེ་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་མ་གཏོགས། གཏིང་ཟབ་ཀྱིས་ཞིབ་འཇུག་ཡོད་པའི་སྐད་དང་ཡི་གེ་ཉུང་ཉུང་ལས་མ་འདས། དེ་བས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་མ་འོངས་པའི་ཁ་ཕྱོགས་ནི། རིག་ལྡན་བརྡ་འཕྲིན་དང་བསྟན་དོན་དབྱེ་ཞིབ་ཡིན་པ་ལྡོག་མེད་དོ། །
གཉིས་པ། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་འཇུག་པའི་ཚུལ།
བོད་ཡིག་ཆ་འཕྲིན་ལག་རྩལ་ནི་དུས་རབས་ཉེར་གཅིག་པའི་ནང་གསར་དུ་བྱུང་བའི་ཆེད་ལས་ཤིག་ཡིན་པ་དང་། རྩིས་འཁོར་རིག་པ་དང་གྲངས་རིག་པ། བོད་ཀྱི་བརྡ་སྤྲོད་རིག་པ་བཅས་དང་དམ་དུ་འབྲེལ་བའི་གསར་ཐོན་གྱི་བསླབ་ཚན་ཞིག་ཡིན་པར་མ་ཟད། རིག་ཚན་དང་རྩིས་ཚན། བཟོ་ཚན་སོགས་ཤེས་བྱའི་ཁྱབ་ཁོངས་ཆེན་པོ་གསུམ་དང་འདྲེས་པའི་རིག་པ་གསར་བ་ཞིག་ཀྱང་ཡིན། ཉེ་བའི་ལོ་འདི་དག་གི་རིང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱིས་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། བོད་ལྗོངས། ཡུན་ནན་བཅས་བོད་མདོ་དབུས་ཁམས་གསུམ་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་ཆེད་ལས་ཀྱི་དངོས་གཞི་སློབ་མ་དང་། ཞིབ་འཇུག་སློབ་མ་སྡུད་བཞིན་ཡོད་པར་མ་ཟད། སྡུད་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི་ཐན་པ་ལ་ཆར་ཆུ་སྩོལ་བ་དང་། ལྟོགས་པ་ལ་ཟས་གནང་བ་མ་ཡིན་ནམ།
ཇི་ལྟར་ཤེས་ཡོན་པའི་དཔུང་སྡེ་ཆེན་པོ་ཞིག་ཆགས་སོང་ན། དེ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་མུ་ནས་མུ་རུ་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་གཙོ་བོ་ཡིན། འཇུག་པ་པོ་དག་གིས་ཐོག་མར་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དགོས་པ་དང་གལ་ཆེན་རང་བཞིན། རིན་ཐང་། སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་བཅས་ལ་ངེས་ཤེས་ཟབ་མོ་རྙེད་རྒྱུ་དང་། དེ་ནས་ད་ལྟ་སྟོང་ཆར་ལུས་པའི་ཞིབ་འཇུག་གི་ནང་དོན་ལ་རིམ་གྱིས་འཇུག་དགོས། དེས་ན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་ལས་ལ་ཇི་ལྟར་འཇུག་དགོས་ཤེ་ན། གཤམ་ནས་རང་ཉིད་ཀྱི་སློབ་སྦྱོང་དང་སློབ་ཁྲིད་ཀྱི་ཉམས་མྱོང་གཞིར་བཟུང་ནས་ཕྱོགས་ལྔ་རུ་དྲིལ་ནས་འཆད་པར་བྱ།
ཀ རྩིས་འཁོར་ཤེས་ན་ལག་རྩལ་ལ་མི་རྨོངས།
རྩིས་འཁོར་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཞིབ་འཇུག་བྱེད་པའི་ལག་ཆ་ཡིན། དཔེར་ན། ཤིང་མཁན་ལ་སྟ་རེ་སོགས་ལག་ཆ་མེད་ན་ཤིང་གཅོད་མི་ཐུབ་པ་བཞིན། རྩིས་འཁོར་མེད་ན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་བྱ་ཐབས་མེད། དེ་བས་རྩིས་འཁོར་གྱི་གཞུང་ལུགས་དང་ལག་ལེན་ལ་ཇི་ལྟར་བྱང་ཆ་ལྡན་ན། བོད་ཡིག་ཆ་འཕྲིན་ལག་རྩལ་དེ་ལྟར་སྒྲིག་གཅོད་ལེགས་པོ་བྱ་ཐུབ། གཞུང་ལུགས་དང་ལག་ལེན་ཞེས་པ་འདིར་གཙོ་བོ་བྱ་རིམ་སྒྲིག་པ(Programming)ལ་གོ་བ་ཡིན།
ཡིན་ནའང་། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ལས་དང་པོ་བ་ཕལ་ཆེ་བ་རོང་འབྲོག་ས་ཁུལ་ནས་ཡོང་བ་ཡིན་པས། ཆུང་དུས་ནས་རྩིས་འཁོར་སོགས་གློག་རྡུལ་སྒྲིག་ཆས་གྱ་ནོམ་པ་མེད་པ་དང་གཅིག སློབ་ཆུང་དང་སློབ་འབྲིང་གི་སྐབས་སུ་ཆ་འཕྲིན་ལག་རྩལ་གྱི་བསླབ་གཞི་སྦྱངས་པ་མ་བྱས་པ་དང་གཉིས། རྩོམ་རིག་དང་ལོ་རྒྱུས་སོགས་རིག་ཚན་ལ་འཇུག་པར་སྤྲོ་བ་ལས། གྲངས་རིག་དང་རྩིས་འཁོར་སོགས་རྩིས་ཚན་ལ་འཇུག་པར་འདུན་པ་ཆེན་པོ་མེད་པ་དང་བཞི། ལྷག་པར་དུ་རྩིས་འཁོར་གྱི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཟབ་མོ་རྙེད་མེད་པ་དང་བཅས་ཕྱོགས་ལྔའི་དབང་གིས། རྩིས་འཁོར་སྦྱང་བ་བྱེད་མཁན་དང་། དེ་བྱང་དུ་ཆུད་པའི་བོད་རིགས་ཤེས་ལྡན་པ་ཉུང་ཉུང་ལས་མི་འདུག་པས། བྱ་རིམ་སྒྲིག་རྒྱུ་དེ་བས་ཀྱང་ངོ་། །
སྤྱིར་བྱ་རིམ་སྒྲིག་པ་ཞེས་པ་ནི། མིའི་རིགས་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་རིགས་ལམ་དང་ཐབས་ཤེས་སོགས་རྩིས་འཁོར་ལ་སྦྱར་ནས། བྱེད་པོ་གང་དེས་མིའི་བཀའ་ལྟར་སྤྲད་པའི་བྱ་བ་ཡོད་ཚད་ལེགས་འགྲུབ་བྱུང་བའི་གོ་རིམ་ལ་གོ དེ་ལྟར་རྩིས་འཁོར་ཀྱང་བྱ་བྱེད་ཀྱི་བདག་ཉིད་ཅན་ཡིན་པས་རང་ལ་འབྱོར་བའི་སྐད་ཆ་ཡོད་པ་རེད། དེ་ལ་རྩིས་འཁོར་སྐད་ཆའམ་ཡང་ན་བྱ་རིམ་ཇུས་འགོད་སྐད་ཆ(programming language)ཟེར། མིག་སྔར་རྒྱུགས་ཆེ་བའི་རྩིས་འཁོར་སྐད་ཆ་ལ“C”དང“C++”དང་།“JAVA”དང་། “Delphi”དང་།“Python”དང་།“C#”སོགས་མང་པོ་ཡོད་པ་རེད། ང་ཚོས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་བྱེད་པར་རང་ལ་བྱང་ཆ་ཡོད་པའི་རྩིས་འཁོར་སྐད་ཆ་གང་རུང་ཞིག་བཀོལ་ཆོག
རང་ཉིད་ཀྱི་ཉམས་མྱོང་དང་ལག་ལེན་ལྟར་ན། སྤྱིར་བཏང་དུ“Python”གྱིས་བྱ་རིམ་བསྒྲིགས་ནས་བོད་ཡིག་སྒྲིག་གཅོད་བྱས་ན་ཡག་པོ་འདུག གཅིག་བྱས་ན་ད་ལྟ་སྔོན་ཐོན་མི་རིགས་དག་གི་སྐད་ཡིག་སྒྲིག་གཅོད་བྱས་པའི་བྱ་རིམ་སྐད་ཆ་ནི“Python”ཡིན་པ་དང་། གཉིས་བྱས་ན་ད་ལྟ་འགྲོ་བ་མིའི་སྐད་ཆ་སྒྲིག་གཅོད་བྱས་པའི་སྔོན་ཐོན་གྱི་ལག་རྩལ་ཏེ། གཏིང་ཟབ་མོས་སློབ་ཐབས(Deep Learning)དང་། འཕྲུལ་ཆས་ཀྱིས་སློབ་ཐབས(Machine Learning )
དང་། རྩོལ་ཞུགས་དབང་རྩའི་དྲ་བ(Artificial Neural Networks)སོགས་ལག་རྩལ་གསར་བ་མང་ཆེ་བ“Python”གྱིས་མངོན་འགྱུར་བྱས་ཡོད། གསུམ་བྱས་ན“Python”གྱིས་བྱ་རིམ་བསྒྲིགས་ན་སྟབས་བདེ་བར་མ་ཟད། རྟེན་འབྱུང་གྲངས་དང་སྤྱི་འགྲོས་མང་པོ་ཐད་ཀར་བེད་སྤྱོད་བྱས་ཆོག བཞི་བྱས་ན“Python”གྱིས་ལས་པའི་མཉེན་ཆས་མང་པོའི་ཚབ་ཨང་ཐུན་མོང་གིས་སྤྱོད་ཆོག་པ་བཅས་ཀྱི་དགེ་མཚན་མི་དམན་པ་ལྡན་ནོ། །
ད་ལྟའི་དུས་སུ་བོད་ཡིག་ནང་འདྲེན་ཐབས་དང་བོད་ཡིག་ཨང་སྒྲིག་བརྗེ་སྒྱུར། བོད་ཡིག་གི་མིང་རྣམ་པར་དབྱེ་བ། འཕྲུལ་ཆས་ཀྱིས་བོད་རྒྱ་ཡིག་སྒྱུར་སོགས་མཉེན་ཆས་མང་པོ་གསར་དུ་ཐོན་ཡོད་པ་དེ་དག་ལ་ལད་ཟློས་བྱས་ན། ཡང་རང་ཉིད་ཀྱིས་མཉེན་ཆས་ཇུས་འགོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་ཐུབ། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཞིབ་འཇུག་བྱེད་པར་བྱ་རིམ་བསྒྲིག་དགོས་པ་ལས། གཞན་ད་དུང་གཞི་གྲངས་གྲུབ་ཚུལ་རིག་པའི་ནང་གི་རྩི་ཐབས་ངོས་འཛིན་པ་དང་རྒྱུགས་རིམ་རི་མོ་འབྲི་བ། གཞི་གྲངས་ཀྱི་དབྱེ་བ་མཚོན་ཐབས། གཞི་གྲངས་ཀྱི་གྲུབ་ལུགས་སོགས་ཤེས་དགོས་པས། རྩིས་འཁོར་ཤེས་ན་ལག་རྩལ་ལ་མི་རྨོངས་སོ། །
ཁ། བརྡ་སྤྲོད་ཤེས་ན་དོན་ལ་མི་རྨོངས།
བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་བྱ་ཡུལ་ནི་བོད་ཀྱི་སྐད་དང་ཡི་གེ་ཡིན་པས། ཞིབ་འཇུག་བྱེད་མཁན་གྱིས་ངེས་པར་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལེགས་པར་རྟོགས་དགོས། དེ་ཡང་བཀའ་དྲིན་ཅན་གྱི་སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་ནས་བཟུང་། བོད་ཡུལ་མུན་པའི་གླིང་ལ་ཤེས་རིག་གི་སྒྲོན་མེ་གནང་བ་དང་། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་པོའི་ཁྲོད་ནས་བོད་ཀྱི་སྔོན་བྱོན་མཁས་པའི་དབང་པོ་དག་གིས་བོད་ཀྱི་བརྡ་སྤྲོད་རིག་པ་འདི་ཇེ་རྒྱས་ཇེ་ལེགས་སུ་མཛད་ནས། འཛམ་གླིང་གི་ཡང་རྩེར་ཤེས་རིག་དང་རིག་གནས་ཀྱི་འོད་སྟོང་འཕྲོ་རུ་བཅུག་པ་དང་བརྡ་སྤྲོད་ཀྱི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་འཁྲུངས། མཚུངས་མེད་ཀྱི་བསྟན་བཅོས་དེ་དག་ད་ཆ་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་འཇུག་པའི་གཞུང་ལུགས་ཀྱི་གཞི་བཅོལ་ས་དང་རྟེན་འཛིན་ས་ཉག་གཅིག་པུ་ཡིན། སྤྱིར་བོད་ཀྱི་བརྡ་སྤྲོད་རིག་པའམ་སྒྲ་རིག་པ་ནི་ཁྱབ་ཆེ་ས་ནས་བཤད་ན། བོད་ཀྱི་རིག་གནས་བཅུའི་ཡ་གྱལ་ཡིན་པར་མ་ཟད། རིག་གནས་ཆུང་བ་ལྔ་ཡང་སྒྲ་རིག་པའི་ཁོངས་སུ་གཏོགས་པ་ཡིན། ཁྱབ་ཆུང་ས་ནས་བཤད་ན། བོད་ཀྱི་བརྡ་སྤྲོད་རིག་པ་ནི་གཙོ་བོ་སུམ་རྟགས་དག་གསུམ་ལ་གོ སྐབས་འདིར་ང་ཚོས་བརྡ་སྤྲོད་རིག་པའི་ཁྱད་ཆོས་དང་ཡོན་ཏན་སོགས་མི་གླེང་བར། སུམ་རྟགས་དག་གསུམ་སློབ་པའི་དགོས་པ་ཅུང་ཟད་འཆད་པར་བྱ།
སུམ་རྟགས་དག་གསུམ་ནི་བོད་ཡིག་སྦྱོང་མཁན་ཞིག་ལ་མཚོན་ན། ངེས་པར་དུ་ཤེས་དགོས་པའི་ཤེས་བྱ་གལ་ཆེན་ཞིག་ཡིན་པས། དེའི་དགོངས་པ་དང་གོ་དོན་ལེགས་པར་རྟོགས་དགོས། འོ་ན་ཁ་ཅིག་གིས་འདི་ལྟར་ཡང་དྲི་སྲིད་དེ། ང་ཚོས་ཆུང་བྱིས་པའི་དུས་ནས་བཟུང་བོད་ཡིག་གི་འབྲི་ཀློག་སྦྱངས་ནས། ད་ལྟ་རང་ཉིད་ཀྱིས་བཤད་ཐུབ་པ་དང་འབྲི་ཐུབ་པ་བྱུང་ཡོད་པས། སུམ་རྟགས་དག་གསུམ་ཁོང་དུ་ཆུད་སོང་བ་མ་ཡིན་ནམ་ཞེ་ན། དེ་ནི་རྩ་བ་ནས་ནོར་སོང་བ་རེད། སུམ་རྟགས་དག་གསུམ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་གི་རྩ་བ་ཡིན་པ་དང་། བོད་ཀྱི་ཡི་གེའི་སྦྱོར་བ་དང་། མིང་གི་སྦྱོར་བ། ཕྲད་ཀྱི་སྦྱོར་བ། ཚིག་གི་སྦྱོར་བ་སོགས་འདུས་ཡོད་པར་མ་ཟད། སྒྲ་དང་སྐད། ཚིག་དང་དོན། མིང༌དང་མཚན་མ། བརྡ་དང་ཐ་སྙད་བཅས་ཡི་གེ་འཇུག་པའི་གནས་བརྒྱད་ཀྱི་དགོངས་པ་མ་ལུས་པར་བསྟན་ཡོད། དེ་དག་ཐམས་ཅད་ཁོང་དུ་ཆུད་ཡོད་ཅེས་ཁ་ཚོན་གཅོད་ཐུབ་པའི་སྐྱེས་བུ་སུ་དང་གང་ཡང་ཡོད་མི་སྲིད་ལ། བོད་ཀྱི་བརྡ་སྤྲོད་རིག་པའི་མཁས་པ་དག་གིས་ཀྱང་། ནམ་ཡང་རྣམ་དཔྱོད་རིག་པའི་རྩལ་ལ་བརྟེན་ནས་ལས་འདི་ལ་གཞོལ་མུས་ཡོད།
འོན་ཀྱང་དེང་སྐབས་བོད་ཡིག་དང་བོད་སྐད་མི་ཤེས་པའི་བོད་རིགས་སློབ་མ་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། བོད་ཀྱི་ཡི་གེའི་བྱུང་འཕེལ་དང་གྲུབ་ཚུལ། རྟགས་ཀྱི་དབྱེ་བ། ཡི་གེའི་འཇུག་ཚུལ། རྣམ་དབྱེ་དང་ཚིག་ཕྲད། མིང་གི་རྣམ་གཞག ཚིག་གི་རྣམ་གཞག དོན་གྱི་གྲུབ་ལུགས་སོགས་ལ་བྱང་ཆ་ལྡན་མཁན་མང་པོ་མེད་པ་དེ་ནི། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་སུ་འགྲོ་བའི་བཀག་རྒྱ་ཆེན་པོ་ཞིག་ཡིན་པས། ང་ཚོ་རྗེས་རབས་པ་རྣམས་ཀྱིས་ངེས་པར་དུ་མནོ་བསམ་གཏོང་དགོས་པའི་གནས་ཤིག་ཡིན།
བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ངོས་ནས་གླེང་ན། ཐོག་མར་རྩིས་འཁོར་བཀོལ་མཁན་གྱིས་བོད་ཀྱི་བརྡ་སྤྲོད་རིག་པ་ཤེས་ན། ད་གཟོད་བོད་ཡིག་སྒྲིག་གཅོད་བྱེད་ཐུབ་ངེས་ཡིན། ཡང་གཅིག་བཤད་ན། བོད་ཀྱི་བརྡ་སྤྲོད་རིག་པ་ནི་སྐད་རིགས་གཞན་དང་མི་མཐུན་པར། དེའི་སྒྲིག་གཞི་ཚགས་དམ་ཞིང་གཏན་ཚིགས་རང་བཞིན་ཆེན་པོ་ལྡན་པའི་གཞུང་ལུགས་ཤིག་ཡིན་སྟབས། རྩིས་འཁོར་གྱིས་བོད་ཡིག་སྒྲིག་གཅོད་བྱེད་པར་རྩ་བའི་སྤྱི་འགྲོས་དང་ངེས་སྲོལ་གནང་ཡོད་པས། བརྡ་སྤྲོད་ཤེས་ན་དོན་ལ་མི་རྨོངས་སོ། །
ག གྲངས་རིག་ཤེས་ན་བསམ་བློ་ལ་མི་རྨོངས།
གྲངས་རིག་ནི་མིའི་རིགས་རིག་གནས་བྱུང་བ་ནས་ཡོད་པ་ཞིག་ཡིན་པ་དང་། དེ་ནི་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས། རྩིས་འཁོར་སོགས་རྩིས་ཚན་རིག་པའི་ས་བོན་ཡིན་པར་མ་ཟད། དེང་རབས་ཚན་རིག་ལག་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་བསམ་བློ་དང་ལག་ཆ་ཡིན། དེའི་ཕྱིར། བོད་ཡིག་ཆ་འཕྲིན་ལག་རྩལ་ཡང་དེ་ལས་མ་འདས་པར་གྲངས་རིག་རིག་གནས་ཀྱི་སྟེང་ནས་འཕེལ་རྒྱས་བྱུང་བའི་བསླབ་ཚན་ཞིག་ཡིན་པས། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་དབྱེ་ཞིབ་བྱེད་པར་ངེས་པར་དུ་གྲངས་རིག་ཁྲོད་ཀྱི་སྤྱི་འགྲོས་དང་བརྩི་ཐབས། རིགས་ལམ་དང་བསམ་བློ་སོགས་བཀོལ་སྤྱོད་བྱ་དགོས།
བོད་ཡིག་ཆ་འཕྲིན་ལག་རྩལ་ལ་འཇུག་པར་ཐོག་མར་མཐོ་རིམ་གྲངས་རིག་པའི་ནང་གི་ཕྲན་བསགས་དང་ངེས་ཅན་ཆ་བསགས། མ་ངེས་ཆ་བསགས། བར་སྟོང་འཁྱོག་ཐིག ཕྱོགས་ཚད་བཅས་ཤེས་དགོས་པ་དང་། ཐིག་གཤིས་ཚབ་རྩིས་རིག་པའི་ནང་གི་ཕྱོགས་ཚད་ཀྱི་ཐིག་གཤིས་རྩིས་རྒྱག་དང་ཐིག་གཤིས་མཉམ་བྱའི་ཚོ་དང་འཕྲེད་གཞུང་ཚུལ། ཕྱོགས་ཚད་གཉིས་ཀྱི་གྲངས་ཚད་བསགས་བཅས་ལ་གོ་བ་ཟབ་མོ་ལོན་དགོས་པ་དང་། གྱེས་ཐོར་གྲངས་རིག་པའི་ནང་གི་རྩིས་ལུགས་གཏན་ཚིགས་དང་ལས་ཚིག་གི་གཏན་ཚིགས། ཚོགས་སྤྱི་སྨྲ་བ། རི་མོ་སྨྲ་བ་སོགས་ལ་བྱང་ཆ་ལྡན་དགོས་པ་དང་། སྲིད་ཕྱོད་དང་སྡོམ་རྩིས་རིག་པའི་ནང་གི་ངེས་མེད་དོན་རྐྱེན་དང་སྲིད་ཕྱོད། ངེས་མེད་འགྱུར་ཚད་དང་དེའི་ཁྱབ་ཚུལ། ངེས་མེད་ཕྱོགས་ཚད། རྩིས་ལུགས་བསྡོམས་རྩིས་སོགས་ལ་རྒྱུས་ལོན་ཡོད་དགོས་པ་དང་། གྲངས་རིག་དཔེ་དབྱིབས་རིག་པའི་ནང་གི་གྱེས་ཐོར་དཔེ་དབྱིབས་དང་།
སྲིད་ཕྱོད་དཔེ་དབྱིབས་སོགས་ཡིད་ལ་ངེས་དགོས་པས། གྲངས་རིག་ཤེས་ན་བསམ་བློ་ལ་མི་རྨོངས་སོ། །
ང་། གནས་བབ་ཤེས་ན་ཁ་ཕྱོགས་ལ་མི་རྨོངས།
རྩིས་འཁོར་གྱི་གཞུང་ལུགས་དང་ལག་ལེན་ལ་བྱང་ཆ་ལྡན་ཞིང་། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་། གྲངས་རིག་པའི་ཤེས་བྱ་དང་བསམ་བློ་ཡོད་ན། ད་གཟོད་ངེས་པ་དོན་གྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཞིབ་འཇུག་གཏིང་ཟབ་བྱེད་ཐུབ། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་དུས་མཚུངས་སུ། ངེས་པར་དུ་རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་ལག་རྩལ་གྱི་གནས་བབ་ལ་ཞིབ་ཆ་ལྡན་དགོས།
བོད་ཡིག་ཆ་འཕྲིན་ལག་རྩལ་ནི། དབྱིན་ཡིག་དང་ཉི་ཧོང་གི་ཡི་གེ་དང་། རྒྱ་ཡིག་སོགས་དང་བསྡུར་ན། ཞིབ་འཇུག་བྱེད་འཕྱི་བ་དང་ཧ་ཅང་རྗེས་ལུས་ཡིན་པས། ངེས་པར་དུ་མི་རིགས་གཞན་དག་གི་ཞིབ་འཇུག་གི་གནས་བབ་དང་ཐབས་ལམ། བསམ་བློ་དང་རིགས་ལམ་སོགས་ལ་སློབ་སྦྱོང་དང་ཟུར་ལྟ་བྱས་ན། ད་གཟོད་འཕེལ་རྒྱས་སུ་གཏོང་ཐུབ། དཔེར་ན། དབྱིན་ཡིག་དང་རྒྱ་ཡིག་གི་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ནི་ང་ཚོས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད། དེ་བས་བོད་ཡིག་གི་དགེ་མཚན་རང་བཞིན་དང་ཐུན་མིན་གྱི་ཁྱད་ཆོས་གཞིར་བཟུང་སྟེ། གཅིག་ནས་མི་རིགས་གཞན་དག་གི་ཞིབ་འཇུག་གི་གནས་བབ་ལ་བལྟ་བ་དང་། གཉིས་ནས་གཞན་གྱི་རིགས་ལམ་དང་བསམ་བློ་ལ་སློབ་སྦྱོང་བྱེད་པ། གསུམ་ནས་གཞན་གྱི་མ་འོངས་པའི་ཁ་ཕྱོགས་བཅས་ལ་རྒྱུས་ལོན་བྱས་ན། བོད་ཡིག་ཆ་འཕྲིན་ལག་རྩལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་བླ་མེད་ཀྱི་དགེ་མཚན་དང་དཔག་ཏུ་མེད་པའི་ནུས་པ་ལྡན་པས། གནས་བབ་ཤེས་ན་ཁ་ཕྱོགས་ལ་མི་རྨོངས་སོ། །
མཇུག་བསྡུ་བ།
མདོར་ན། བོད་ཡིག་ཆ་འཕྲིན་ལག་རྩལ་ནི། བོད་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར། སློབ་གསོ་བཅས་ཀྱི་ཉམས་རྒུད་དང་འབྲེལ་བའི་བསླབ་ཚན་དང་ཞིབ་འཇུག་གི་བྱ་བ་ཕོན་ཆེན་པོ་ཞིག་ཡིན་པ་དང་། འཛམ་གླིང་འཛིན་མའི་ཁྱོན་དུ་བོད་ཡིག་ཆ་འཕྲིན་སྤེལ་རེས་དང་། བོད་ཡིག་ཐོག་ནས་འཕྲིན་གཏོང་འཕྲིན་ལེན་མངོན་འགྱུར་བྱུང་བའི་ལམ་བུ་གསར་གཏོད་བྱས་ཡོད། བོད་ཡིག་ཆ་འཕྲིན་ལག་རྩལ་ལ་འཇུག་པར། རྩིས་འཁོར་ཤེས་ན་ལག་རྩལ་ལ་མི་རྨོངས། བརྡ་སྤྲོད་ཤེས་ན་དོན་ལ་མི་རྨོངས། གྲངས་རིག་ཤེས་ན་བསམ་བློ་ལ་མི་རྨོངས། གནས་བབ་ཤེས་ན་ཁ་ཕྱོགས་ལ་མི་རྨོངས་སོ། ། ང་ཚོའི་རིགས་ཀྱི་བུ་དང་བུ་མོ་ནི་མི་རིགས་ཀྱི་རེ་བ་དང་འབྱུང་འགྱུར་ཡིན་ལ། མི་རིགས་སྲིད་འབྱོར་རིག་གསུམ་འཛིན་སྐྱོང་སྤེལ་མཁན་ཡིན་པས། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་མ་འོངས་པར་བསམས་ན། རིགས་ཀྱི་བུ་དང་བུ་མོ་ཚོ་གནས་འདི་ལ་འབད་པས་འཇུག་པར་འཚལ། འདི་ནི་མི་རིགས་ཀྱིས་ང་ཚོ་ལ་གནང་བའི་ལྡོག་མེད་ཀྱི་གཏན་ཚིགས་དང་འགྱུར་མེད་ཀྱི་འོས་འགན་ཡིན། མ་འོངས་པའི་ཆ་འཕྲིན་དུས་རབས་ནང་བོད་ཡིག་ནི་སྔོན་ཐོན་མི་རིགས་ཀྱི་སྐད་ཡིག་དང་འདྲ་བར་འཛམ་གླིང་ཡང་རྩེ་ནས་གཟི་འོད་འབར་བར་ཤོག།།
* ཐུབ་བསྟན་ཚེ་རིང་། བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རྩལ་སློབ་གླིང2017ལོའི་འབུམ་རམས་ཞིབ་འཇུག་སློབ་མ།
* ཉི་མ་བཀྲ་ཤིས། མཚོ་སྔོན་དགེ་འོས་སློབ་ཆེན་རྩིས་འཁོར་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
[ཐེབས་རྩའི་རྣམ་གྲངས། དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《བོད་ཀྱི་གཏམ་དཔེའི་ཆ་འཕྲིན་རིག་མཛོད་འཛུགས་སྐྲུན》 ཐེབས་རྩའི་ཨང་རྟགས། 16BYY167ཞེས་པ་དང་རྒྱབ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི《བོད་ཡིག་སྦྱོར་ཀློག་ལ་བརྟེན་ནས་ཡི་གེ་དང་སྒྲ་ཕན་ཚུན་བརྗེ་སྒྱུར་ལག་རྩལ་གྱི་ཞིབ་འཇུག》(ཐེབས་རྩའི་ཨང་རྟགས། 61262051)ཞེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན།]