ལམ་གྱི་སྣེ། (ཞར་བཀོད་གཉིས)
ས་དམར་གྲགས་པ། (ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
ཁྱོད་ནི་ལམ་གྱི་མགྲོན་པོ་ཞིག་སྟེ།
རླུང་ལ་ཉན་པའི་དུངས་པ་དུམ་བུར་བཅད།
ཁ་ཕྱིར་འཁོར་ཚེ། སྐྱོ་བ་ཐར་ཐོར།
སྨྲ་བ་མེད་པར་རྗེས་སུ་ལུས།
སྲ་མཁྲེགས་ཀྱི་དགུན་གཞུང་བརྒལ་ནས་དཔྱིད་ལ་སླེབས།
ཡང་ན་དགོད་སྒྲ་མཁའ་ལ་མཆེད།
ཡང་ན་མཆི་མ་ཁོག་ཏུ་མིད།
སྤྲིན་དང་ན་བུན་བར་ན། དེ་དག་རྡུལ་གྱི་ཀློང་དུ་ཐིམ།
དུས་བཞིའི་བརྗེ་སྤོར་འདི་ནས་རྒྱང་ལ་ཡལ།
ཁྱོད་ཀྱི་བརྩེ་བ་ཕྲ་མོས།
གནམ་དང་ས་གཞིའི་བར་ཐག་གཞལ།
དེ་ལས་བྱུང་བའི་གཏམ་རྒྱུད་དག་རླུང་གི་ཁྲོད་ན།
ལས་ཀྱི་ཤིང་བལ་མཚམས་རེར་མཁའ་ལ་འཕུར།
མཚམས་རེར་ཐང་ལ་ལྷུང་།
ཚན་པ་འདིའི་གོ་དོན་རྟོགས་དཀའ་བས།
མེ་ཏོག་གི་སྡོང་བོའི་འོག་ཏུ་རེ་ཞིག་སྡོད་དགོས་བྱུང་།
འདས་དོན་རློན་པ་རྐང་གཅིག་ལག་པས་བཏོགས་རྗེས།
བྲེལ་འཚུབ་ཀྱི་ཐུག་འཕྲད་གཉོམ་ཆུང་གི་ངག་ལ་དྲངས།
བཙལ་བཙལ་ནས། ལྦུ་བ་བརྩེགས་མ་ཞིག་རྙེད་ཅིང་།
ཁྱོད་ཀྱིས་ས་ཆེན་ལ་མཆུ་འདབ་སྦྱར་བའི་ཉམས་དེ་བརྗེད་མི་སྲིད།
སྐྱོ་ཤས་དང་སེམས་ཁྲལ་ལྷག་མ།
ཤོག་དྲིལ་དང་སྙན་ངག་གི་གསེང་ན།
ཤག་ཤག ཤག་ཤག ཤག་ཤག
ཆར་མགུར།
ང་རང་ས་རུབ་ཟིན་པའི་གནས་འདི་ནས།
ས་རུབ་བཞིན་པའི་ཡུལ་དབུས་ལྷ་སར་ལོག་དགོས།
མཆོད་མེ་མཚན་ཐུབ་ཀྱི་འོད་ཁ་མ་འཇགས་པའི་གནས་དེ་རུ།
ངའི་འཁོར་བ་དང་དཔེ་ཆ་དག་ལུས་ཡོད།
རྡོ་བ་རེ་ཟུང་ལ་གཤོག་པ་ཐོགས་པའི་ངའི་ས་གཞི་དེའང་།
སྔ་ས་ནས་མཚན་མོ་ཟེར་བའི་སྡོང་འོག་ཏུ་གནས་བྱས་ཟིན་པས།
མཁའ་ལམ་ནས་སྐར་ཕྲན་རེ་ཟུང་མཐོང་བ།
སྣང་བའི་ཐུམ་སྒྲིལ་བྱས་ཏེ།
གཉིད་ཟིན་པའི་ཁྱོད་ལ་སྟེར་དགོས།
ལྷ་ས་ནི་མ་གཞི་ནས་ངའི་སེམས་ངོར་ཆགས་པའི་བ་མོ་དེ་ཡིན་སྐད།
ཟིལ་བ་ཆགས་ཤུལ་དུ་ལུས་པའི་འོད་དེ་ཡིན་སྐད།
འཁོར་བའི་སྐུད་པ་ཕྲ་ཞིང་ཕྲ་བ་དེ་ཡིན་སྐད།
རུས་ཚིགས་བར་གྱི་སྒྲོག་གུ་དེ་ཡིན་སྐད།
གྲང་བའི་ཚུལ་དུ་ཁ་བ་མེ་རུ་སྒྲོན།
དྲོད་པའི་ཚུལ་དུ་གངས་རི་ཉི་མར་བསྒོམས།
དགའ་བའི་ཚུལ་དུ་ངག་ནས་སྒྲོལ་མ་གྱེར།
དྲན་པའི་ཚུལ་དུ་མིང་ལ་ཉེ་བོ་ཞེས་བོས།
འཇིག་རྟེན་སྣང་བ་འཁྲུལ་བའི་རྟེན་འབྲེལ།
གནམ་གྲུའི་སྐར་ཁུང་ནང་ནས་རྙེད་མ་སོང་ཡང་།
ངའི་ཉེ་བོ་དང་དཔེ་ཆ་དག་ལྷ་སར་ཡོད་པས།
ཉེ་བོ་མིག་ལས་བཀོག་ཀྱང་།
འཛོམས་ཆིངས་དབུས་ན་ཡོད་དོ།།
༢༠༡༨.༡༡.༡༠ཉིན་དབུས་སུ་གྲུབ།
མེ་ཏོག་གི་ལན་བུ།
དུ་བའི་གསེང་གི་མེ་ཏོག་དེ་རྙིད་འདུག་གམ།
ཆག་གྲུམ་མ་ཤོར་བའི་མེ་ཏོག་གི་མཛེས་སྡུག་འདི་ཁྱོད་ཀྱི་རལ་བ་བཞིན་དུ།
གྲིབ་མ་བོར་བའི་མཚན་མོ་ཞིག་གི་སྒེའུ་ཁུང་བརྒྱུད་དེ།
ངས་ཁམ་སྡོང་གི་ཡལ་གའི་རྩེ་རུ་བཞད་པའི་མིག་ཟུང་ཞིག་མཐོང་བྱུང་།
རྨི་ལམ་གྱི་འཆར་ངོས་སུ་བབས་པའི་འོད་ཞགས་དེ།
ལེགས་ཚོགས་འཛོམས་པོ་ཅན་གྱི་ཁམ་བུའི་མེ་ཏོག་ཅིག་དང་འདྲ་བ་ལ།
ངའི་ལུས་ཀྱི་རུས་ཚུགས་ཡོང་རྫོགས་ནས།
འོད་ཟེར་གྱི་སྣེ་མོ་རེ་རེ་ཕྱི་ལ་འབུས།
ཁམ་སྡོང་གི་ལོ་མ་རེ་རེ་བྱིས་པ་པྲ་ཆལ་ཞིག་ལྟར།
ས་སྟེང་ནས་རླུང་དང་མཉམ་དུ་རྩེད།
ཁྱོད་ནི་རྒོད་པོ་ཞིག་ལྟར་ངའི་སྣང་བའི་ཁམས་ཀུན་ཏུ་འཛུལ།
ང་ནི་ཁྱོད་ཀྱི་ལུས་ལ་མདུད་པའི་སྐུད་པ་སྲ་མོ་ཞིག
ཁམ་སྡོང་གི་ཡལ་ག་རེ་རེ་བཞིན།
ཁྱོད་ཀྱི་ཁམས་དང་སྣང་བར་འཇུས་ནས་ཡོད།
མ་མཐོང་ལམ་ན་མེད་པ་གང་ཞིག་འདུག
མཐོང་བའི་མིག་ན་ཆར་དང་ཁ་བ་འབབ།
ང་དང་ཁྱོད་ཀྱང་རང་རང་ས་ན་ལུས།
ནག་པོའི་མཚན་འདི་དམར་བོ་མེ་ཡིས་གསོལ།
སྣང་བ་ས་རུ་ལྷུང་དུས་མ་བརྗེད་ཅིག
མཚན་ལ་ཞེད་སྣང་མེད་པར་གྱིས་དང་།
ང་ཡི་མེ་འོད་ཁྱོད་ཀྱི་མལ་དུ་ཡོད།
དེ་ཡི་ནང་ན་སེམས་ཀྱི་ཚ་དྲོད་ཡོད།
༢༠༡༩.༣.༢༧ ཉིན་གྲུབ།
འོད་ལ་བཏབ་པ།
དྲན་པ་ནི་བར་སྣང་དུ་ལུས་པའི་སྤྲིན་པ་ཞིག་སྟེ།
རླུང་གིས་གང་དུ་ཁྲིད་ཀྱང་སར་མི་ལྷུང་བའི་སེམས་ཅན་ཞིག་དང་འདྲ།
རང་གཤིས་ཀྱི་སྐུད་པ་ཆད་སོང་བའི་ནམ་མཁའ་འདིར།
མུན་པ་ལས་ས་རུ་བཞུར་བཞིན་པའི་གྲིབ་མའི་འཁོར་བ་མཐོང་།
དྲན་པ་དང་དྲན་པ་འདྲེས་པའི་ས་མཚམས་གང་རུང་ནས།
ཁྱེད་ཀྱིས་སེམས་དང་མིག་གིས་མ་ཟིན་པའི་འོད་དང་མུན་པ་བསྟན།
རུས་པའི་གསེང་གི་ཀི་སྒྲ་ལས་མི་ཡུལ་བསྟན།
ལས་འབྲས་ཀྱི་དགེ་སྡིག་དང་འཁོར་བའི་ངོ་བོ་བསྟན།
གངས་ཀྱི་ཟིལ་བ་རེ་རེ་ལས་འཁྲུངས་པའི་ཁྱོད་ཀྱིས།
མེ་བཙའ་ལྟ་བུའི་ང་རང་ལྷ་ས་དང་ལྷ་སས་མ་མཐོང་བའི།
ས་གཞི་དང་རྩིག་པའི་བར་གསེང་དུ་བཏབ།
ཡི་གེའི་ངག་ལ་བཏབ།
ལྗང་བ་འབུས་པས་ཁ་བས་སྐུད་པ་འཁེལ།
ཁུར་མོང་བཞད་པས་རླུང་བུས་མགོ་བོ་སྒུལ།
སེམས་སུ་བསྐུངས་པའི་ལས་ཀྱི་དྲན་པ་དེ།
གཡུ་ཡི་རྣ་ཆ་གཅིག་གི་སྲོག་ལ་ཞུགས།
འོད་ལ་མུན་པ་འདྲེས་འདུག
ས་གཞི་དང་ཁ་བ་འདྲེས་འདུག
སྒེའུ་ཁུང་མེད་པའི་ཁང་བ་ལྟར།
སྐར་ཆུང་ཁྲ་ཀྱི་ལེར་འདུག
༢༠༡༩.༤.༨དབུས་སུ་གྲུབ།