༄༅། །ཕྱག་ཆེན་ལྔ་ལྡན་རྡོ་རྗེའི་མགུར་གྱི་ཚིག་འགྲེལ་རྒྱལ་ཀུན་ཡེ་ཤེས་རྟེན་འབྲེལ་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21


                  ན་མོ་མཉྫུ་ཤྲཱི་ཡེ། །སྐུ་གསུམ་ལྷུན་འགྲུབ་འཇམ་དཔལ་རྡོ་རྗེ་འཆང༌། གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་གྱིས། བཤེས་གཉེན་ཚུལ་འཛིན་དཔལ་མགོན་བླ་མ་དང༌། །དབྱེར་མེད་ཀུན་མཁྱེན་འབྲི་གུང་པ་ལ་འདུད། །རྒྱལ་བའི་གསུང་རབ་ཀུན་གྱི་ཟ་མ་ཏོག །ཡབ་གཅིག་འཇིག་རྟེན་གསུམ་མགོན་རྡོ་རྗེའི་གསུང༌། །ལྔ་ལྡན་རྩ་བའི་ཚིག་འགྲེལ་བརྗེད་ཐོ་ཙམ། །བཀའ་བཞིན་བླ་མའི་དྲིན་གྱིས་གང་ཤེས་འབྲི། །དེ་ཡང་གངས་ཅན་གྱི་ལྗོངས་འདིར། གསང་སྔགས་བླ་ན་མེད་པའི་ལམ་སྲོལ་འདི་སྐྱེས་ཆེན་དམ་པ་རྣམས་ཀྱིས་གདུལ་བྱའི་དབང་པོ་དང་འཚམས་པར་བཀྲལ་བའི་བཀའ་སྲོལ་མི་འདྲ་བ་མང་དུ་མཆིས་མོད། །རྫོགས་པའི་སངས་རྒྱས་མགོན་པོ་འབྲི་གུང་པ་ཆེན་པོའི་ཕྱག་ཆེན་ལྔ་ལྡན་གྱི་གདམས་པ་ནི། ལམ་གྱི་རྩ་བའམ་སྙིང་པོའི་དོན་གྱི་ཆོས་ལྔ་པོ་སྟོན་པར་མཛད་པ་ཡིན་ལ་ཆོས་ཐམས་ཅད་སྙིང་པོའི་དོན་ལ་སྦྱོར་ཤེས་དགོས་པ་ནི་གལ་ཆེ་བས། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་རྡོ་རྗེའི་གནས་ཀྱི་ནང་ནས་བདེ་བར་གཤེགས་པའི་སྙིང་པོ་ལ་བརྗོད་བྱའི་དངོས་གཞིར་མཛད་པ་དང༌། ནཱ་རོ་དང༌། མཻ་ཏྲི་པ་ནས་བརྒྱུད་པའི་དེ་ཁོ་ན་ཉིད་གཙོ་བོར་འཆད་པ་ལ་སྙིང་པོའི་སྐོར་པ་ཞེས་གྲགས་ཤིང༌། ལོ་ཙཱ་བ་ཆེན་པོ་མར་པས། རྗེ་སྙིང་པོའི་དོན་སྟོན་ཆོས་ཀྱི་སྐུ། ཞེས་གསུང་པ་དང༌། བརྒྱུད་པ་འདི་ལ་ཡང་དོན་བརྒྱུད་སྙིང་པོ་རྒྱལ་བ་འབྲི་གུང་པ་ཞེས་གྲགས་ཤིང༌། སྙིང་པོའི་དོན་ཉམས་སུ་བླང་པས་ཆོས་ཐམས་ཅད་མ་འདྲེས་གསལ་རྫོགས་ཉམས་སུ་བླངས་པར་ཡང་ཤེས་དགོས་ཏེ། བསྟན་པ་ཐམས་ཅད་འགལ་མེད་དམ། ཆོས་ཐམས་ཅད་དུ་མ་རོ་གཅིག་ཅེས་པས་བཀའ་བརྒྱུད་གོང་མའི་ཉམས་ལེན་གྱི་གནད་མཐའ་དག་ཐུགས་སུ་ཆུད་པ་རྣམས་ཀྱི་གསུངས་ལས་ཇི་སྐད་འབྱུང་བ་བཞིན་རྒྱུད་ལྡན་གྱི་དཔལ་མགོན་བླ་མ་དམ་པ་ནས་ལེགས་པར་བསླབ་དགོས་ཏེ། རྗེ་མི་ལས། ང་ཡི་བརྒྱུད་པ་ངོ་མཚར་ཆེ། །དྲུག་པ་རྡོ་རྗེ་འཆང་ཆེན་ནས། །སྒྲ་བསྒྱུར་ལོ་ཙཱ་ཡན་ཆད་དུ། །བདེ་གཤེེགས་སྤྲུལ་པ་མ་ལགས་པ། གང་ཟག་རྒྱུད་པས་བར་མ་ཆོད། །ཅེས་གསུངས་པ་བཞིན། དོན་རྒྱུད་སྙིང་པོའི་བསྟན་པ་འདིའི་རྗེས་སུ་འཇུག་ཅིང༌། བྱང་ཆུབ་བསྒྲུབ་པར་འདོད་པ་ཀུན་གྱི་ཉམས་སུ་ལེན་བྱར་མེད་དུ་མི་རུང་བ་ནི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་འདི་ཡིན་ཞིང༌། གྲུབ་པའི་དབང་ཕྱུག་མི་ལ་རས་ཆེན་གྱིས་ལྔ་ལྡན་ཞེས་མཚན་སྨོས་པར་མ་མཛད་ཀྱང༌། དོན་གྱི་ཚིག་རྐང་རྣམས་སྟོན་པར་མཛད་པ་ཞིག་སྟེ། ཉ་མ་ལེགས་སེ་འབུམ་ལ་གདམས་པ་ལས། །སེམས་ཅན་རྣམས་ལ་སྙིང་རྗེ་སྒོམས། རང་ལུས་ཐུགས་རྗེ་ཆེན་པོར་སྒོམས། །སྤྱི་བོར་རྩ་བའི་བླ་མ་སྒོམས། །ཕྱག་རྒྱ་ཆེ་ལ་བསྒོམ་ཡུན་བསྲིང༌། །རྗེས་ལ་བསྔོ་བས་རྒྱ་ཡིས་ཐོབ། །དེ་གོ་བར་གྱིས་ལ་ལྷ་ཆོས་མཛོད། །ཅེས་གསུངས་པ་དང༌། མཉམ་མེད་དྭགས་པོ་རིན་པོ་ཆེ་ནས་བརྒྱུད་པའི་བདེ་གཤེགས་འཁོར་བ་འཇིག་དངོས་ཕག་མོ་གྲུ་པས་སྡེ་སྣོད་གསུམ་དང་རྒྱུད་སྡེའི་དོན་རྣམས་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་ཕུན་སུམ་ཚོགས་པའི་དགེ་འདུན་ལྔ་སྟོང་ལ་ཚོགས་སུ་གསུངས་པས་གཞན་རྣམས་ཀྱིས་ཟབ་མོའི་དོན་གྱི་ངེས་པ་མ་རྙེད་པ་ལ། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པས་བུམ་པ་གང་བྱོས་ཚུལ་དུ་ཐུགས་སུ་ཆུབ་ནས་ཉམས་སུ་བཞེས་པས་རེ་རེས་ཀྱང་གནས་སྐབས་དང་མཐར་ཐུག་གི་ནད་དང་བར་ཆད་ཞི་བ་དང་མཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཐོག་པ་མེད་པར་ཐོབ་པ་མཁྱེན་ནས་ཟབ་པ་དང་རྒྱ་ཆེ་བའི་བཀའ་བསྩལ་ཇི་སྙེད་པ་ཐམས་ཅད་ཀྱང་འདིའི་གནད་སྟོན་པ་ཡིན་ཏེ༌། དེ་བཞིན་གཤེགས་པའི་གསུང་གི་མཛོད་ཆེན་པོའང་ཡིན་ནོ། །དེའི་ཚུལ་ནི།  །བྱང་ཆུབ་སེམས་དང་ཡི་དམ་ལྷ། །བླ་མ་ཕྱག་རྒྱ་ཆེན་པོ་དང༌། བསྔོ་བའི་ཆོས་ཀྱི་ཉམས་སུ་བླང༌། །ཞེས་ཕྱག་ཆེན་ལྔ་ལྡན་དུ་གྲགས་ལ། རྗེ་ཕག་མོ་གྲུ་པས་སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ་བུ་ཁྱོད་བྱང་ཆུབ་མ་ཐོབ་བར་དུ་དམ་པའི་ཆོས་ལྔ་པོ་དང་ནམ་ཡང་འབྲལ་བར་མ་བྱེད་ཅེས་གདམས་པར་མཛད་པ་བཞིན། ཀླུ་སྒྲུབ་གཉིས་པ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་རྩལ་དུ་བཏོན་པར་མཛད་པའི་འབྲི་གུང་ཕྱག་ཆེན་ལྔ་ལྡན་ཞེས་མཚན་ཡོངས་སུ་གྲགས་པ། བླ་མའི་མན་ངག་ཚད་མ། བདེ་བར་གཤེགས་པའི་བཀའ་ལུང་ཚད་མ། རྣལ་འབྱོར་པའི་ཉམས་མྱོང་ཚད་མ། རྟེན་འབྱུང་གི་ལོ་རྒྱུས་ཚད་མ་སྟེ།  ཚད་མ་བཞི་པོས་ལེགས་པར་གཏན་ལ་ཕབས་ནས་སྟོན་པར་མཛད་པའི་སྙིང་པོ། མདོ་རྒྱུད་ལུང་དང་འབྲེལ་བའི་ཆེ་བ། དངོས་སྟོབས་རིག་པས་གྲུབ་པའི་ཆེ་བ། མན་ངག་མྱོང་བས་བརྒྱན་པའི་ཆེ་བ། བྱིན་རླབས་ཚན་ཁ་ཆེ་བའི་ཆེ་བ། བདེ་བར་གཤེགས་པའི་གསུང་གི་མཛོད་ཡིན་པའི་ཆེ་བ་སྟེ། ཆེ་བ་ལྔ་དང་ལྡན་པ།  གསང་ཆེན་གདམས་པ་རྒྱ་མཚོའི་སྙིང་བཅུད། ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉེ་ལམ། འབྲེལ་ཚད་དོན་ལྡན་གྱི་ཆོས་མཆོག་འདི་ཉིད་ཚུལ་བཞིན་ཉམས་སུ་ལེན་ཤེས་ན། ཚེ་འདི་ཉིད་ལ་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་བ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཤུལ་ལམ་འཁྲུལ་མེད་ཞིག་སྟེ། རྗེ་སྒམ་པོ་པས། དོན་མ་ནོར་ཉམས་སུ་ལེན་ཤེས་ན། །ཚེ་འདི་ལ་འབྲས་བུ་མངོན་སུམ་སྟེར། །དུས་ཕྱི་མར་མི་འགྱང་བློ་རེ་བདེ། །ཞེས་གསུངས་པ་ལྟར། དེ་དག་གི་དོན་ཟབ་ཅིང་ཕྲ་བ་ནི། དཔལ་མགོན་བླ་མ་མཉེས་པའི་གསུང་གི་གསང་བ་ཟབ་མོ་ལས་རིམ་པས་འབད་དེ་ཤེས་པར་བྱས་ནས་འཁྲིད་དགོས་ཏེ། དེ་ལ་ཚིག་ཁྲིད་བློ་ལ་ཐེབས་པ། མྱོང་ཁྲིད་ཉམས་སུ་མྱོང་བ། དོན་ཁྲིད་རྒྱུད་ལ་སྐྱེ་བར་བྱེད་པའི་འཁྲིད་ལུགས་རྣམ་པ་གསུམ་ཡོད་པ་ལས། ཚིག་ཁྲིད་ཀྱིས་དོན་སྤྱི་བློ་ལ་ཤར་བའི་གོ་བ་རྙེད། མྱོང་ཁྲིད་ཀྱིས་རང་མཚན་ཉམས་འོག་ཏུ་ཚུད་པའི་མྱོང་བ། དོན་ཁྲིད་ཀྱིས་ཡིན་ལུགས་ཚུལ་བཞིན་དུ་གྱུར་པ་རྟོགས་པར་འགྱུར་བ་ཡིན་ལ། འདིར་ནི་ཚིག་འབྲེལ་དོན་སྤྱི་ཙམ་དགོས་གལ་ཞེས་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་བཀའ་ཕེབས་པར་བརྟེན་བདག་གི་སྐལ་བས་ཅི་ལྟར་དཔོག་པའི་ཚིག་དོན་གྱི་ཆ་ཅུང་ཟད་ཙམ་ཞིག་བཀའ་དྲིན་འཁོར་མེད་དཔལ་མགོན་བླ་མའི་ཞལ་དྲོད་ལ་གཞི་བཅོལ་ནས་འཆད་པའོ། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1