བསམ་གཞིག

སྤེན་ཚེ། (གཞིས་ཀ་རྩེ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15



དུས་ཀྱི་འཁོར་ལོ་ལ་དལ་བ་མེད་པར།།

ལང་ཚོའི་མཛེས་པ་ལ་ར་རི་བྲིས་ཀྱང་།།

འདོད་ཡོན་སྣ་ལྔ་ཡི་མངར་ཁ་གཞིབས་པས།།

སེམས་ཀྱི་ནང་སྙིང་ལ་ཨ་ཐང་ཆད་སོང་།།

ནང་གི་རིན་ཆེན་དག་ཕྱི་ལ་འཚོང་ཞིང་།།

ཕྱི་ཡི་སྙིགས་རོ་དག་ནང་དུ་འདྲེན་པའི།།

ཕྱི་ནང་ཉོ་འཚོང་གི་འདུ་འགོད་ཁྲོད་དུ།།

ཕ་མེས་ཡང་མེས་ཀྱི་བླ་རུས་བོར་སོང་།།

ལུས་ཀྱི་མཛེས་པ་དེ་ལྷ་ལས་མཚར་ཞིང་།།

ངག་གི་འགྱུར་ཁུག་དེ་འཇོལ་མོར་འགྲན་པའི།།

ཡིད་ཀྱི་གཏིང་རིམ་དུ་བྲིས་པའི་རི་མོ།།

རང་ཉིད་ཁོ་ན་ལས་སུ་ཡིས་མཐོང་ནུས།།

ཕྱི་ཡི་མི་ལ་ནི་འཛུམ་པའི་སོ་ཕྲེང་།།

ནང་གི་མི་ལ་ནི་ཁྲོ་བའི་སྡང་མིག།

ཕྱི་ནང་མི་མཐུན་པ་ཡི་མི་བོ་དག་ལ།།

ཡིད་རྟོན་ཆ་འཇོག་ཞིག་སུ་ཡིས་བྱེད་ནུས།།

མཐོ་བའི་མདུན་ས་རུ་ངོ་དགའ་སྤྲེལ་ལད།།

དམའ་བའི་གཉའ་བ་ནས་བཙན་གྱིས་གནོན་པ།།

བར་མའི་ཁྲོད་དུ་ནི་འུད་སྒྲོག་ཆེ་བའི།།

ངོ་གཉིས་སྐྱེ་བོ་དང་སུ་ཞིག་འགྲོགས་ནུས།།

བཅོལ་བའི་བྱ་བ་ནི་བསྒྲུབ་པར་མི་བརྩོན།།

ཟང་ཟིང་ལས་ལ་ནི་དེ་བས་འཇུག་མཁས།།

མདོ་མེད་སྐྱེ་བོ་ཡི་མི་ཚེ་གང་བོ།།

དོན་མེད་འདུར་རྒྱུག་གི་ལམ་ནས་ཟད་སོང་།།

མཐོན་པོ་རྣམས་ལ་ནི་གཟེངས་བསྟོད་མང་ཞིང་།།

དམའ་བ་རྣམས་ལ་ནི་ངན་སྨོད་མང་བའི།།

མཐོ་དམའ་མི་སྙོམས་པའི་འཚོ་བའི་ལམ་འཕྲང།།

སྙིང་གི་རྔ་ཆུང་དེ་ཡང་ཡང་དབྲལ་བྱུང་།།

ལེགས་པར་བཤད་པ་ལ་མཁས་པ་དགའ་ཡང་།།

ཉེས་སྐྱོན་བཤད་ན་ནི་བླུན་པོ་སྡུག་པས།།

ལེགས་ཉེས་དབྱེ་འབྱེད་ཀྱི་བློ་མིག་དགོས་ན།།

ཐོས་གསོག་ཉམས་ལེན་གྱི་བགྱི་བ་བསྟེན་དགོས།།

ཁ་མཁས་གཡོ་གཏམ་གྱིས་ཁ་ལྕེ་གཡུག་ཅིང་།།

གྲུབ་མཐའི་རྩོད་ཉོག་གིས་རིགས་མཐུན་འགྲས་པའི།།

ཚུལ་འཆོས་ཆེ་ཚུགས་ཀྱིས་རང་གཟུགས་བསྐུང་གིས།།

རང་ངོ་རང་གིས་ནི་བཙལ་ཀྱང་མི་རྙེད།

བཟང་བོ་རྣམས་ལ་ནི་བཟང་བསྟོད་ཉུང་ཞིང་།།

ངན་པ་རྣམས་ཀྱི་ནི་སྐྱོན་མཚང་མི་འདྲུ།།

བཟང་ངན་དབྱེ་དཀའ་ཡི་ནམ་ཟླ་འདི་ལ།།

རྒྱུ་འབྲས་རྒྱ་སྲང་ལ་ཡང་ལྕི་ཤོར་འདུག


རྩོམ་ཡིག་རྗེས་མ།
བདག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1