ཟླ་ངོགས་ཀྱི་དྲན་སྣང་། (ཞར་བཀོད་གཅིག)
སྒང་ལམ་པ། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
ཟླ་བ་ཡར་ཚེས་ཤིག་ལ།
སྙིང་གི་བྱམས་པ་དྲན་བྱུང་།
འདས་སོང་ལོ་ཟླ་དྲན་བྱུང་།
གནག་སྣུམ་སྐྲ་ལོ་རླུང་བུས་སྒུལ་དུས།
བདག་གི་སེམས་པ།
བྱམས་པའི་བརྩེ་འཛུམ་ཁྲོད་ནས་ལུས།
བརྩེ་བའི་ཕྱག་ཟུང་ང་ལ་འཁྱུད་དུས།
དྲན་གདུང་ལྕི་མོ།
དམར་བོའི་མེ་ལྕེ་ཀློང་ནས་དྲག་ཏུ་སྦར།
མཛེས་སྡུག་གི་རྨི་ལམ་ཁྲོད་ནས།
བྱམས་པའི་སྙིང་གཏམ་དྲན་བྱུང་།
བརྩེ་བའི་མིག་ཟུང་དྲན་བྱུང་།
ཡིད་འོང་འཛུམ་ཆུང་ང་ལ་གཏད་དུས།
དྲན་པའི་བ་དན།
དགུང་སྔོན་སྤྲིན་པའི་བང་རིམ་དུ་བསྐྱོད།
བྱམས་པའི་ཞལ་རས།
ང་ཡི་སེམས་ཁོང་དུ་ཡང་ཡང་འཁོར།
སྐྱོ་གཞས་ཕྲ་མོ།
ལྷོ་བཞུད་ཀྱི་ཁྲུང་ཁྲུང་ལ་སྤྲིངས།
ལས་ཀྱི་ལམ་བུ། སེམས་ཀྱི་གཏད་སོ།
དྲན་པའི་རླབས་ངོགས་སུ་བསྐྱོད་པའི།
བརྩེ་འཕྲིན་གྱི་དར་ལྕོག་དམར་བོ།
གདོང་བ་བསིལ་རླུང་ལ་གཏད་ནས་ཡུན་རིང་འགོར།
ལག་ཟུང་འཁྱགས་རོམ་ལ་སྦྱར་ནས་ཡུན་རིང་ཕྱིན།
སེམས་པ་ཁྱེད་ལ་ཕྱོགས་ནས་ཡུན་རིང་འདས།
ལམ་སྐྱ་མོའི་སྣེ་རུ་བསྐྱོད་པའི།
མཛའ་འཕྲིན་གྱི་ཡོལ་བ་དཀར་བོ།
སྣོད་དྲུག་ང་ལ་འཁོར་ནས་ཡུད་ཙམ་སོང་།
ཞབས་ཟུང་གངས་ལ་གཏད་ནས་ཡུད་ཙམ་འདས།
དཔུང་བ་སྒང་ལ་བཀྱགས་ནས་ཡུད་ཙམ་ཕྱིན།
དར་སྐུད་ཀྱིས་བརྒྱུས་པའི་སེམས་ཁོང་གི་སྨོན་པ།
རྒྱང་རིང་གི་འཐོར་རླུང་ཁྲོད་ནས་སོ་སོར་གྱེས།
རེ་བཅོལ་ཁྲི་སྟོང་གི་མེ་ལྕེ་དམར་བོའི་གསེང་ན།
དབུགས་ཀྱི་རྒྱུ་བ་འགག་པའི་ཁྱེད་དང་ང་ནི།
དྲན་པའི་རླབས་ངོགས་དང་།
ལམ་སྐྱ་མོའི་སྣེ་རུ་ལུས་པའི།
འཇིག་རྟེན་འདིའི་ཆེས་མཐའ་མཇུག་གི་ཡུལ་གྱར་བ་དེ་གཉིས་སོ།།
༢༠༡༩.༣.༡༠