《མོན་གླིང་གཡུལ་འགྱེད》ཀྱི་རྗོད་བྱེད་ཚིག་གི་སྒྱུ་རྩལ་ཁྱད་ཆོས་སྐོར་རགས་ཙམ་གླེང་བ།
བསོད་ནམས་དར་རྒྱས།(མཚོ་སྔོན་མི་རིགས་སློབ་ཆེན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
སྒྲུང་དཔེ《མོན་གླིང་གཡུལ་འགྱེད》ཀྱི་བརྗོད་བྱའི་དོན་རྒྱ་ཆེ་ཞིང་གོ་རིམ་ལྡན་པ། རྗོད་བྱེད་ཚིག་གོ་བདེ་ཞིང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན། ལྷག་པར་དུ་མི་སྣ་གཙོ་བོ་དག་ཞིབ་འབྲི་བྱས་པ་འོས་ཤིང་འཚམ་ལ་གསོན་ཉམས་ལྡན་པ་ཞིག་རེད། རྩོམ་རིག་གང་ཡིན་རུང་མི་སྣའི་གཟུགས་བརྙན་གསར་བཞེངས་ལེགས་པོ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། གལ་ཏེ་སྒྲུང་རྩོམ་ནང་གི་མི་སྣ་ཞིབ་འབྲི་བྱས་པ་བཟང་ན་བརྩམས་ཆོས་གང་ཡང་ཆ་ཚང་སྤུས་ལེགས་ཤིག་ཏུ་འགྱུར་ཐུབ། 《མོན་གླིང་གཡུལ་འགྱེལ》ཁྲོད་ཀྱི་མི་སྣ་ཞིབ་འབྲི་བྱེད་པར་ནན་ཏན་བྱས་ཡོད་པ་མ་ཟད། མི་སྣའི་ཕྱི་ཚུལ་ནས་སེམས་ཁམས་ཀྱི་འགྱུར་བ་སོགས་ཞིབ་འབྲི་བྱེད་པ་གལ་གནད་དུ་བཟུང་འདུག སྒྲུང་དཔེ་འདིའི་ནང་གི་མི་སྣ་གཙོ་བོ་གང་ཡིན་ཡང་ཚང་མ་རང་རང་གི་ཁོར་ཡུག་ངེས་ཅན་ཞིག་གི་ཁྲོད་དུ་རང་རང་གི་གཤིས་རྒྱུད་དང་རང་རང་གི་བརྒྱུད་རིམ། རང་རང་གི་འདོད་བློ་དང་ནུས་རྩལ་སོགས་ཁྱད་ཆོས་མི་འདྲ་བ་གསལ་བོར་མཚོན་ཡོད། དཔེར་ན་གླིང་རྗེ་གེ་སར་རྒྱལ་བོའི་བརྒྱུད་རིམ་བརྗོད་པ་ལ་སྒྲུང་དཔེ་དེ་རུ“གླིང་རྗེ་ནོར་བུ་དགྲ་འདུལ་ཁྱོད།། སངས་རྒྱས་སྟོང་གིས་མངགས་ལེ་ཡིན།། མཁའ་འགྲོའི་ཐུགས་སྲས་མི་ཡི་མགོན།། རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཁྱོད།།”[《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༢སྟེང་གསལ]ཅེས་དང་། ཡང་སྒྲུང་དཔེ་དེར“ང་འབྱུང་བ་བཞི་ལ་རང་དབང་ཐོབ།། དགུང་སྔོན་དབྱིངས་ལ་བྱ་ལྟར་ལྡིང་།། རྒྱ་མཚོའི་ཆུ་ལ་ཉ་ལྟར་འཛུལ།། ཁྲོས་ན་སྡེ་བརྒྱད་བྲན་དུ་འཁོལ།། དགུང་སྔོན་དབྱིངས་ནས་མཚོན་ཆར་འབེབས།། མི་ང་ལ་འགྲན་ཡ་ཡོད་ལེ་མིན།།”[《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༣༢༨སྟེང་གསལ]ཅེས་མོན་ཤིང་ཁྲི་རྒྱལ་བོའི་མཐུ་ནུས་བརྗོད་པར་བྱས་ཡོད། འདིའི་ཁྲོད་དུ་རྩོམ་རིག་སྒྱུ་རྩལ་ལས་གཞན་ནང་བསྟན་གྱིས་དགེ་སྡིག་ལ་བཟུང་བའི་ལྟ་ཚུལ་ཡང་རགས་ཙམ་ཤེས་ཐུབ།
གཅིག གཏམ་དཔེའི་སྐོར།
གཏམ་དཔེ་ནི་བོད་མི་དམངས་ཀྱིས་དུས་ཡུན་རིང་བོའི་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཕྱི་རབས་པ་རྣམས་ལ་བླང་དོར་གྱི་གནས་འདོམས་ནུས་པའམ་བྱ་བ་དང་དངོས་པོ་གང་རུང་ཞིག་གི་ངོ་བོ་དང་ཆོས་ཉིད་གསལ་བོར་བསྟན་ནས་ཕ་རོལ་ལ་ངོས་འཛིན་གྱི་ནུས་པ་དང་སློབ་གསོའི་ནུས་པ་བསྐྱེད་ཐུབ་པ་ཞིག་སྟེ། གཏན་ཚིགས་དང་ཚན་རིག་གི་རང་བཞིན་ཤུགས་དྲག་ལ། ཚིག་ཉམས་ཆེ་ཞིང་གོ་དོན་གཏིང་ཟབ་པའི་སྐད་ཆའི་སྒྱུ་རྩལ་གྱི་ཉིང་བཅུད་ཅིག་ཡིན།
གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་གི་ཐོག་མཐའ་བར་གསུམ་དུ་རྣམ་པ་མི་གཅིག་པའི་གཏམ་དཔེ་ཤིན་ཏུ་མང་བོ་ཞིག་བཀོད་ཡོད། གཏམ་དཔེ་དེ་དག་གིས་གེ་སར་སྒྲུང་གི་སྤྱིའི་རྗོད་བྱེད་ཀྱི་ཆ་ནས་གོ་གནས་བླ་ན་མ་མཆིས་པ་ལྡན་ཏེ། སྒྲུང་རྩོམ་ལ་སྔར་ལས་རྒྱན་ཆས་སྤྲས་ཤིང་གསོན་ཉམས་ལྡན་པར་གྱུར་འདུག གླིང་སྒྲུང་གི་གཏམ་དཔེར་གཞན་གྱི་གཏམ་དཔེ་དང་མི་མཚུངས་པའི་ཁྱད་ཆོས་བླ་ལྷག་ལྡན་པར་མ་ཟད། ཡིད་འགུག་གི་ནུས་པ་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན། ཆོས་ལུགས་ཀྱི་ལྟ་བའི་རང་བཞིན་སོགས་ཀྱི་ཚད་མཐོན་པོར་སླེབས་ཡོད།
ངེད་ཅག་གི་འཚོ་བའི་ནང་དུ་རྒྱུན་པར་བཀོལ་སྤྱོད་བྱེད་བཞིན་པའི་གཏམ་དཔེ་སྣ་ཚོགས་ནི་བརྗོད་དོན་བསྡུས་ཤིང་རྣམ་པ་ཐུང་བའི་རྗོད་ཚིག་གི་རིགས་ཤིག་ཡིན་ལ། བོད་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་སྐད་ཆའི་སྙིང་བཅུད་ཀྱང་ཡིན། གཏམ་དཔེ་རིགས་ཀྱིས་ཉིང་བསྡུས་ཀྱི་ངང་ནས་བོད་མི་དམངས་ཀྱི་ཐོན་སྐྱེད་འཐབ་རྩོད་དང་། གྲལ་རིམ་འཐབ་རྩོད། སྤྱི་ཚོགས་འཚོ་བའི་ཉམས་མྱོང་སོགས་ཕྱོགས་བསྡུས་བྱས་ཡོད་པར་མ་ཟད། གཏན་ཚིགས་རིག་པའི་རང་བཞིན་ཡང་ཆེས་ཆེར་ལྡན་ནོ། །
ངེད་ཅག་གིས་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་ལས་རྒྱུན་དུ་མཐོང་བའི་གཏམ་དཔེ་ལ་རིང་ཐུང་མི་འདྲ་བ་ཤིན་ཏུ་མང་བོ་ཡོད་ལ། དེ་ལའང་རིགས་གཉིས་སུ་དབྱེ་ཆོག་པར་འདོད་དེ། གཅིག་ནི་དམངས་ཁྲོད་ཀྱི་ངག་ཐོག་ནས་བརྒྱུད་བཞིན་པའི་གཏམ་དཔེའི་རིགས་དང་། ཅིག་ཤོས་ནི་སྒྲུང་བ་དང་ཡིག་མཁན་གྱིས་གླིང་སྒྲུང་གི་གླུ་ཚིག་གི་དགོས་མཁོ་ལྟར་གསར་དུ་བསྒྲིགས་པའི་གཏམ་དཔེའི་རིགས་དེ་གཉིས་ཡིན། འདིར་སྐབས་སུ་བབ་པའི་སྒྲུང་དཔེ《མོན་གླིང་གཡུལ་འགྱེད》ལས་གཏམ་དཔེའི་རིགས་གཉིས་ཁོལ་དུ་ཕྱུང་བར་དང་བོ་ལ་དཔེར་ན། ཆར་ཟིལ་མ་དགུང་ནས་མ་བབས་ན།། ས་ནག་པོ་འོབས་ལ་དྲངས་དོན་མེད།། [《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༡༤༨སྟེང་གསལ]ཅེས་པ་དང་། ཉལ་བའི་བུ་ལ་ཡོན་ཏན་མེད།། ལྷ་བླ་མ་ཉལ་ན་ཆོས་མགོ་ཉལ།། གོང་དཔོན་ལུ་ཉལ་ན་ཁྲིམས་མགོ་འཆོར།། ཕ་ཁུ་བོ་ཉལ་ན་བློ་མགོ་ཉལ།། སྟག་ཤ་ར་ཉལ་ན་དགྲ་མགོ་ལངས།། སྨན་བུ་མོ་ཉལ་ན་གནས་མལ་འཁྱལ།།[《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༡༡༢སྟེང་གསལ]ཞེས་དང་།
འབྲུ་དྲུག་ཞིང་ལ་མ་བཏབ་ན།། ལྗང་ཆུང་སྨིན་ཐབས་ག་ལ་ཡོད།། [《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༡༦༨སྟེང་གསལ]ལྟ་བུའི་གཏམ་དཔེ་རྣམས་ལ་ཞིབ་ཏུ་བརྟག་ན་རྐང་བའི་མང་ཉུང་དང་ཚེག་བར་གྱི་རིང་ཐུང་། རྗོད་ཚིག་གི་ཁ་དམ་ལྷོད་ཀྱི་ཁྱད་པར་བཅས་ཕྱོགས་གང་ཐད་ནས་གླིང་སྒྲུང་གི་གཏམ་དཔེ་དང་དམངས་ཁྲོད་ངག་ཐོག་གི་གཏམ་དཔེ་གཉིས་ཀྱི་བར་མི་མཚུངས་པའི་ཁྱད་ཆོས་མངོན་གསལ་ཞིག་མེད། འདིར་ཡིག་ཚོགས་ལ་འཇིགས་ནས་འདི་ཙམ་གྱིས་འཐུས་པར་བྱ། གཞན་སྒྲུང་གི་དགོས་མཁོ་ལྟར་སྒྲུང་བ་དང་ཡིག་མཁན་གྱིས་གསར་དུ་བསྒྲིགས་པའི་གཏམ་དཔེ་ལ་དཔེར་ན། ཕུ་རུ་ཏིང་འཛིན་བསྒྲུབ་པ་དེ།། གསལ་འགྲིབ་ལེགས་པར་མ་བལྟས་ན།། ལྷ་བདུད་གཉིས་ཀ་ནོར་ཉེན་ཆེ།། མདའ་ཡུལ་གཉིས་འཁྲུགས་པའི་གྱོད་གཞི་དེ།། ཅི་བྱས་རྩ་བ་མ་བཅད་ན།། བདེན་རྫུན་གཉིས་ཀ་ནོར་ཉེན་ཆེ།།[《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༦༣སྟེང་གསལ]ཞེས་འབྱུང་བ་ལས་ཆོས་ལུགས་ཀྱི་གྲིབ་གཟུགས་མངོན་པར་མཐོང་ཐུབ། དེ་མ་ཟད་རེ་རེའི་གདོང་ལེན་རེ་རེས་བྱེད།། ལག་རུབ་བྱས་ན་མི་ཡིས་འཕྱ།། ཝ་བྲོས་ཕ་རུས་ཚད་རྒྱུ་མེད།། ཤི་གསོན་སྔོན་གྱི་བསྐོས་ཐང་ཡིན།། [《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༩༦སྟེང་གསལ]ཅེས་དང་། ཡང་ཁྱི་ངན་ཕུགས་ཀྱི་ལང་ཤོར་དེ།། སྡང་བའི་དགྲ་ལ་འགྲོ་ལེ་མིན།། ཆུ་ཆུང་ཆུང་རབ་ཁ་གཤགས་པ་དེ།། གཙང་ཆེན་ཆབ་ལ་འགྲོ་ལེ་མིན།། མཚོན་ངར་མེད་ཤ་ཐོག་འགྲོ་འགྲོ་དེ།། ཁྲབ་སྔོ་ཆེན་ཐོག་ལ་འགྲོ་ལེ་མིན།། [《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༡༡༢སྟེང་གསལ]ཅེས་པ་སོགས་ལྟ་བུའི་གཏམ་དཔེ་དག་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་དང་བསྡུར་ན་ཚིག་རྐང་མང་ཞིང་དཔེ་རྒྱན་གྱིས་བརྒྱན་པ་སྐོར་ཞིག་ལ་ལེགས་བཤད་དང་དམངས་གླུའི་ཁྱད་ཆོས་ཤིན་ཏུ་ལྡན། གཏམ་དཔེ་འདིའི་རིགས་བཀླགས་པ་ཙམ་གྱིས་རྗེས་སུ་དག་བསྒྲིགས་བྱས་པའི་ཤུལ་མཐོང་ཐུབ་བོ།།
གཉིས། བཤད་པའི་སྐོར།
སྤྱིར་གླིང་སྒྲུང་ནི་བོད་ཀྱི་རིག་གནས་ཀུན་འདུས་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་པ་ནི་སྐྱེ་བོ་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་གིས་བཤད་ལ། ལྷག་པར་དུ་དེའི་ཁྲོད་ཀྱི་གཏམ་དཔེ་དང་བཤད་པའི་སྐོར་ནི་ཀུན་གྱིས་དོ་སྣང་བྱེད་པའི་གནས་གཅིག་ལགས། དེའི་ཁྲོད་དུ་མདའ་མདུང་གྲི་གསུམ་གྱི་བཤད་པ་དང་རྟ་སྒ་སྲབ་གསུམ་གྱི་བཤད་པ། ས་དཔྱད་དང་མི་བཤད། གྱོན་ཆས་བཤད་པ་སོགས་སྣ་མང་དུ་འདུས།
《མོན་གླིང་གཡུལ་འགྱེལ》གྱི་ཁྲོད་དུའང་བཤད་པའི་རིགས་ཤིན་ཏུ་མང་བས་རིགས་བགར་ནས་བཤད་ན་མང་དྲགས་པར་འགྱུར་བས་འདིར་དཔེ་མཚོན་ཙམ་རེ་གཉིས་དྲངས་ན། གླིང་རྗེ་གེ་སར་རྒྱལ་བོ་འཁོར་བཅས་མོན་འདུལ་བར་ཕེབས་པའི་སྔོན་ལ་ཁོང་གི་སྐུ་ཆས་དང་རྟ་ཆས་བཤད་པའི་སྐབས་སུ་འདི་ལྟར་ཡོད་དེ། རྒྱལ་བོ་ཉིད་ཁྲ་ལས་བཞེངས་ཏེ། རྨོག་དཀར་རྒྱལ་བའི་གླིང་བཞི། ཁྲབ་ཆེན་ཁྲོམ་ནག་ཟིལ་བ། གཞུ་མོ་ར་རྒོད་འབྲུག་སྒྲ། སྟག་རལ་རྡོ་རྗེ་འབར་བ། རལ་གྲི་བཏབ་པ་ལན་མེད། ཞགས་པ་ཁམས་གསུམ་རང་འགུག མདུང་མོ་ཁམས་གསུམ་དགྲ་འདུལ། ཕུབ་ཆེན་སྦ་དམར་ལིང་དྲུག རྟ་ལྕག་འཕྲུལ་གྱི་རྡོ་རྗེ། ཁྲབ་གདན་པདྨ་སྟོང་ལྡན། འཆིང་བྱེད་གསེར་གྱི་ཅོད་པན། རུ་དར་ལྷ་ཡི་སོ་བ། གཙུག་ཕྲ་གཟི་འོད་ཁྲ་ཡག་བཅས་སྐུ་བཞེས། [《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༣༦སྟེང་གསལ]ལྟ་བུ་ནི་སྐུ་ཆས་བཤད་པ་ཡིན།
ཡང་དེ་རུ་འདོ་བ་རྐྱང་རྒོད་འཕེར་བ་དེ། རྟ་རྐྱང་དཀར་མ་ཡིན་རྐྱང་དམར་ཡིན་པ། པདྨ་ར་གའི་སྤུ་མདོག སྣང་བ་མཐའ་ཡས་སྤྲུལ་བ།
ཁྱུང་སྒ་ཡིད་བཞིན་དབང་རྒྱལ། བལ་སྟན་སྨེ་བ་དགུ་ལིང་། ཀོ་གཟར་ཉི་ཟླ་ཁ་སྤྲོད། གློ་ལེན་འབྲུག་གི་ཤ་འགྱུ། གོང་ཐག་ལྷ་འདྲེ་ཟིལ་གནོན། དུང་ཡོབ་དཀར་པོ་རྒྱང་ཤར། གསེར་སྲབ་དུང་གི་ཁ་མུར་བཅས་སྒ་ཆས་ལུས་ལ་རྫོགས།། [《མོན་གླིང་གཡུལ་འགྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་བསྐྲུན། ༡༩༨༤ལོའི་དཔར་ཐེངས་གཉིས་པའི་ཤོག་ངོས༣༧སྟེང་གསལ]ཞེས་རྟ་ཆས་ཀྱི་བཤད་པའོ།
གོང་དུ་སྨོས་པ་བཞིན་གླིང་སྒྲུང་ནི་བོད་ཀྱི་རིག་གནས་ཀུན་འདུས་ཀྱི་མཛོད་ཆེན་པོ་ཞིག་དང་གཉིས་སུ་མཆིས་སྟབས་དེའི་ཁྲོད་ཀྱི་བཤད་པ་གཅིག་པུའི་སྐོར་བརྗོད་ཀྱང་འདིར་ཡིག་ཚོགས་མང་བར་དོགས་པས་རེ་ཞིག་རྫོགས་ཤད་མི་འགོད་ཐབས་མེད་དུ་གྱུར་ཏོ།།
གསུམ་པ། དཔྱད་བསྡོམས།
རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ཡང་ཚང་མ་རྗོད་བྱེད་ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་བྱུང་བ་ཡིན། རྩོམ་རིག་དེ་སྒྱུ་རྩལ་ལྡན་པའི་རྗོད་ཚིག་དང་བྲལ་བས་ན། རྩོམ་རིག་ཅེས་པའང་འབྱུང་ཐབས་མེད་པ་ཞིག་ཡིན། རྩོམ་རིགས་སྣ་ཚོགས་ཀྱི་སྤུས་ཀ་བཟང་མིན་ཡང་གཙོར་བོ་རྗོད་ཚིག་སྒྱུ་རྩལ་ལ་རག་ལས་ཡོད། གླིང་སྒྲུང་གིས་སྐྱེ་བོ་དུ་མའི་ཡིད་སེམས་དབང་མེད་དུ་འཕྲོག་པའང་གླིང་སྒྲུང་ནི་རྗོད་བྱེད་ཀྱི་ཚིག་གིས་ཕྱུག་ཅིང་གང་ལ་གང་འཚམ་གྱི་ཚིག་རྒྱན་སྣ་ཚོགས་ཀྱིས་ཡོངས་སུ་མཛེས་པར་སྤྲས་པའི་ཚིག་ཚོགས་ཀྱི་བང་མཛོད་ཅིག་ཏུ་འཁུམས་པས་ཡིན། སྒྲུང་དཔེ་《མོན་གླིང་གཡུལ་འགྱེད》ཞེས་པ་འདིའང་ཀློག་ན་ཁར་བདེ་ཞིང་ཉན་ན་རྣར་སྙན་པ། ནང་དོན་གོ་སླ་ཞིང་བབས་ཆགས་པ། མང་ཚོགས་ཀྱི་སྐད་དང་ཁྱད་མ་མཆིས་པ། དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་དང་བཤད་པ། ཤགས་སོགས་ཡོད་པ་ཐམས་ཅད་ཀྱང་རྗོད་ཚིག་གི་སྒྱུ་རྩལ་གྱི་ནུས་པ་ལས་བྱུང་བ་རེད་ཅེས་བརྗོད་ན་མི་ཆོག་པ་མེད་དོ། །