༄༅།། བོད་སྐད་འགུལ་རིས་བརྙན་འཕྲིན་གསར་རྩོམ་གྱི་མཉམ་འཇོག་སའི་སྐོར་ལ་ཅུང་ཙམ་དཔྱད་པ།

བསོད་ནམས་དབང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-16



བསོད་ནམས་དབང་རྒྱལ།
དང་པོ། དངོས་ཡོད་འཚོ་བ་དང་བར་ཐག་ཇེ་རིང་དུ་འགྱུར་མི་རུང་།
        ཕུལ་དུ་བྱུང་བའི་འགུལ་རིས་བརྙན་འཕྲིན་ཞིག་ཡིན་ན། དེ་ལ་བདེན་པའི་སྟོབས་ཤིག་ཡོད། བྱིས་པ་རྣམས་ཀྱིས་བདེན་པའི་རང་བཞིན་ཅན་གྱི་འགུལ་རིས་བརྙན་འཕྲིན་ལ་ལྟ་བའི་བརྒྱུད་རིམ་ཁྲོད་འཚོ་བ་རོལ་སྟངས་དང་བདེ་ཐང་ངང་འཚར་ལོངས་བྱུང་བར་ཕན་ཐོགས་ཆེན་པོ་ཡོད། དེང་སྐབས་རྒྱལ་ནང་གི་འགུལ་རིས་བརྙན་འཕྲིན་དེ་དག་ལ་རིགས་བགར་ནས་བལྟས་ན། འདིའི་ནང་ན་དངོས་ཡོད་འཚོ་བ་བརྗོད་གཞི་བྱས་པའི་འགུལ་རིས་ཧ་ཅང་ཉུང་བའི་གནད་དོན་ཞིག་བྱུང་ཡོད། 2014ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་རྒྱལ་ཐོན་འགུལ་རིས་བརྙན་འཕྲིན་འགྲེམ་སྤེལ་ཆོག་མཆན་དཔང་ཡིག་དེ་དཔྱད་སྤྲོད་བྱས་པ་དང་། ལོ་དེར་རྒྱལ་ནང་གི་འགུལ་རིས་བརྙན་འཕྲིན་278ལ་མཆོག་མཆན་དཔང་ཡིག་གནང་། དངོས་ཡོད་བརྗོད་གཞི་བྱས་པའི་འགུལ་རིས་བརྙན་འཕྲིན་གྱིས་དེའི་ཁྲོད་ན་9%ལས་ཟིན་མེད། ཆེས་མང་བ་ནི་ཚན་རྟོག་འགུལ་རིས་ཀྱི་བརྗོད་གཞིས་བཟུང་ཡོད། དངོས་ཡོད་བརྗོད་གཞིའི་འགུལ་རིས་ནི་བྱིས་པ་ཚོའི་རྒྱུན་ལྡན་འཚོ་བའི་ཁོར་ཡུག་དང་བྱིས་པ་ཚོས་འཚོ་བ་ངོ་མ་རྨང་གཞི་བྱས་ནས་རྟོག་འགོད་བྱེད་ཐུབ་ཅིང་། བྱིས་པའི་བསམ་བློ་དང་བྱ་སྤྱོད་ལ་ཕྱོགས་སྟོན་དང་སློབ་གསོའི་ནུས་པ་ཐོན་ཐུབ་དགོས། དཔེར་ན། བྱིས་པ་ཚོ་ལྟ་བར་ཧ་ཅང་དགའ་བའི《 ཞེ་ནག་ཀླད་དམར།》དང་《བུ་ཚ་མགོ་ཆེ་དང་ཨ་ཕ་མགོ་ཆུང་།》ལྟ་བུ། སྤྱིར་བྱིས་པའི་འཆར་ཡན་གྱི་སྒོ་མོ་འབྱེད་པའམ་དེ་འཕེལ་རྒྱས་གཏོང་རྒྱུ་ནི་འགུལ་རིས་བརྙན་འཕྲིན་གྱི་ནུས་པ་ཞིག་ཡིན་མོད། འོན་ཀྱང་འཆར་ཡན་དེ་ནི་སྟོང་བསམ་ཞིག་གམ་རྟོག་བཟོ་ཞིག་མིན་པར་དོན་དངོས་ཁོར་ཡུག་གམ་དངོས་པོ་ངོ་མ་ཞིག་གཞིར་བྱས་ནས་བྱིས་པ་ཚོའི་བསམ་པའི་བཀོད་ཤུགས་ལ་ནུས་པ་ཐོན་པ་དང་དལ་མོར་འཕེལ་རྒྱས་སུ་སོང་སྟེ་གསར་གཏོད་བྱེད་ཐུབ་དགོས། གལ་ཏེ་དངོས་ཡོད་འཚོ་བའི་རྨང་གཞི་མེད་སོང་ན་བྱིས་པ་ཚོས་ཁུངས་ལུང་མེད་པའི་འཇིག་རྟེན་ཞིག་ནས། དངོས་ཡོད་དང་འཕྲུལ་སྣང་གང་ཡིན་དབྱེ་བ་མི་འབྱེད་པར་མཇུག་མཐར་བསམ་བློའི་འདུ་ཤེས་ཀྱི་ནུས་པ་ཉམས་པ་དང་དངོས་ཡོད་འཚོ་བའི་འཇིག་རྟེན་ལ་ཆ་རྒྱུས་མེད་པའམ་འཚམ་མི་ཐུབ་པར་འགྱུར། རིམ་པ་མི་འདྲ་བའི་ངང་སེམས་ཁམས་ལ་གནོད་པ་ཞུགས་འགྲོ། དེའི་རྐྱེན་གྱིས་འདི་དག་ལ་ངེས་པར་མཉམ་འཇོག་མི་བྱེད་ཐབས་མེད་རེད། རང་རྒྱལ་ལ་དངོས་ཡོད་འཚོ་བ་བརྗོད་གཞིར་བྱས་པའི་འགུལ་རིས་བརྙན་འཕྲིན་ཉུང་བ་དང་། ང་ཚོ་བོད་པ་ཚོས་བོད་སྐད་འགུལ་རིས་བརྙན་འཕྲིན་གསར་བཟོ་བྱེད་དུས་ཡང་འདིའི་ཕྱོགས་ལ་མཉམ་འཇོག་དང་འབད་བརྩོན་བྱེད་དགོས། དེའི་རྐྱེན་གྱིས་དངོས་ཡོད་འཚོ་བ་དང་ཐག་ཉེ་བའམ་སློབ་གསོའི་རིགས་ཀྱི་བརྗོད་གཞི་ཡིན་པའི་བྱིས་པའི་འགུལ་རིས་བརྙན་འཕྲིན་ཇེ་མང་དུ་གཏོང་དགོས། འདིའི་ཕྱོགས་ནས་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་ལྟ་བུ་མིག་དཔེ་བྱས་ཏེ་སློབ་སྦྱོང་བྱས་ན་བཟང་།

གཉིས་པ། འགུལ་རིས་བརྙན་འཕྲིན་གྱི་མི་སྣ་གཙོ་བོ་དྲང་ལྡོག་ཁ་གཏད་དུ་འགྱུར་མི་རུང་།
        རང་རྒྱལ་འགུལ་རིས་བརྙན་འཕྲིན་ཁྲོད་ཀྱི་མི་སྣ་གཙོ་བོའི་གཤིས་ཀ་དང་བྱ་སྤྱོད་དྲང་ལྡོག་སོ་སོར་གྱེས་པའི་ཁྱད་ཆོས་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་འགུལ་རིས་བརྙན་འཕྲིན་ཁྲོད་ཀྱི་མི་སྣ་གཙོ་བོ་དེ་སྐྱེས་བུ་དམ་པ་ཞིག་མིན་ན་སྐྱེས་བུ་ཧ་ཅང་ཐ་ཤལ་ཞིག་ཡིན། དེ་ལྟར་འགུལ་རིས་བརྙན་འཕྲིན་གྱི་མི་སྣ་གཙོ་བོ་དེ་མི་བཟང་ཞིག་ཡིན་ན་བཟང་ཡོན་ཏན་ཀུན་ལྡན་དང་ལྡོག་ཕྱོགས་མི་སྣ་ནི་སྐྱོན་ཀུན་འདུས་ཤིག་ཡིན་དགོས། འདི་ལྟར་གྱུར་སོང་ན་ང་ཚོའི་བྱིས་པ་རྣམས་ལ་འགུལ་རིས་ཁྲོད་ཀྱི་མི་སྣ་དེ་དག་གི་ཤུགས་རྐྱེན་ཐེབས་ནས་ཁོ་ཚོས་མི་ལ་བལྟ་བའི་ཚད་གཞི་ཡང་འདི་ལྟར་འགྱུར་འགྲོ། མ་འོངས་འཚོ་བའི་ཁྲོད་འཕྲད་པའི་མི་ག་གེ་མོ་བཟང་ན་བཟང་ཐག་ཆོད་དང་ངན་ན་ངན་ཐག་ཆོད་ཏུ་བརྩི་བར་ཉེན་ཁ་ཆེ་བས། གཞན་ངོས་སྟེང་ཕྱི་རོལ་ཡུལ་གྱི་བྱ་དངོས་མང་པོ་ཞིག་དབྱེ་ཞིབ་བྱེད་པའི་ནུས་པར་བཀག་རྒྱ་ཐེབས་སྲིད། དེ་དང་དེ་འདྲའི་བཟང་ངན་ཁ་གཏད་ཀྱི་བྱིས་པའི་འགུལ་རིས་བརྙན་འཕྲིན་གྱིས་བྱིས་པ་རྣམས་འཕྲུལ་སྣང་གི་འཇིག་རྟེན་ཞིག་ཏུ་འཁྲིད་ཅིང་བྱིས་པ་རྣམས་ཀྱིས་ལེགས་འཛོམས་ཕུན་ཚོགས་ཀྱི་འཇིག་རྟེན་ཞིག་ལ་སྟོང་བསམ་བཅངས་སྲིད་པས། འདི་ཡང་ནོར་འཁྲུལ་གྱི་རིན་ཐང་ལྟ་བ་ཞིག་ཡིན། འདི་ལྟ་བུའི་འགུལ་རིས་བརྙན་འཕྲིན་རང་རྒྱལ་ན་མང་པོ་ཡོད། དཔེར་ན། 《 ཉ་ཕྲུག་གི་ཉེན་བརྒྱུད་ཟིན་ཐོ།》ལྟ་བུ། འོན་ཀྱང་རང་རྒྱལ་གྱི་ཁྱིམ་མཚེས་ཉི་ཧོང་གི་བྱིས་པའི་འགུལ་རིས་བརྙན་འཕྲིན《སྲེའུ་རིལ་བུ་ཆུང་ཆུང་།》ལྟ་བུའི་ནང་གི་མི་སྣ་ནི་སྐྱོན་ཡོན་གཉིས་ལྡན་གྱི་མི་ངོ་མ་ཞིག་ཏུ་སྟོན་ཡོད། ཁོ་མོ་ནི་བདེན་དགེ་མཛེས་གསུམ་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་མིན་མོད།འོན་ཀྱང་ཧ་ཅང་སྙིང་རྗེ་མོ་ཞིག་ཡིན་པས་བྱིས་པ་རྣམས་དངོས་ཡོད་འཇིག་རྟེན་དང་ལྷག་པར་ཐག་ཇེ་ཉེར་བཏང་བ་རེད། ཁོ་མོའི་སྟེང་ན་སྐྱོན་ཡོན་གཉིས་ལྡན་པ་འདི་ཡང་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་མཐོང་སྲིད།《 ཨ་ཁུ་སྟོན་པའི་གཏམ་རྒྱུད།》ལའང་འདིའི་གནད་དོན་འདུགདོན་དངོས་འཚོ་བའི་ཁྲོད་ན་ཁྱབ་བཞིན་པའི་ཨ་ཁུ་སྟོན་པའི་གཏམ་རྒྱུད་དེ་དངོས་ཡོད་འཚོ་བ་དང་ཧ་ཅང་མཐུན་པ་ཞིག་ཡིན། ཁོ་ནི་རིག་རྒོད་ཡིན་པ་ལས་ལུས་སྟེང་ན་སྐྱོན་ཡོན་གཉིས་མངོན་ཡོད།

གསུམ་པ། ཐལ་ཆེ་བའི་དྲག་སྤྱོད་ལ་འཛེམ་དགོས།
        ང་ཚོས་བོད་སྐད་འགུལ་རིས་བརྙན་འཕྲིན་གསར་བཟོ་བྱེད་སྐབས་སློབ་གསོའི་རིན་ཐང་དང་དེ་མིན་བྱམས་བརྩེ་ཡི་རིན་ཐང་དེའང་མངོན་ཐུབ་དགོས། ང་ཚོས་འགུལ་རིས་བརྙན་འཕྲིན་མང་པོ་ཞིག་ལ་བལྟས་ཡོང་དུས་དེའི་ནང་ན་བྱམས་སྙིང་རྗེའི་སྐོར་གྱི་སློབ་གསོ་དེ་ཆད་འདུག་པ་མ་ཟད། ད་དུང་ལུས་ཀྱི་ཉམས་སྟབས་བདེ་བ་དང་དྲག་ཤུགས་ལ་དྲག་ཤུགས་ཀྱིས་རྒོལ་བའི་བསམ་བློའི་རིག་ལམ་ཞིག་གིས་གཏམ་རྒྱུད་བྱུང་རིམ་བརྗོད་པར་བྱེད། 2005ལོ་ནས་2014ལོའི་དབར་ཀྲུང་གོའི་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུས་ནས་འོས་སྦྱོར་བྱས་པའི་ཕུལ་བྱུང་འགུལ་རིས་བརྙན་འཕྲིན་555ཡི་ནང་དུ་དཀར་ཕྱོགས་ཀྱིས་ནག་ཕྱོགས་ཕམ་པའི་དྲག་སྤྱོད་འགུལ་རིས་བརྙན་འཕྲིན་134ཡོད་པ་དང་། འདིས་བརྒྱ་ཆའི་24བཟུང་། དཔེར་ན། <<ཞི་ལ་དང་རི་བོང་།>>ཟེར་བའི་འགུལ་རིས་བརྙན་འཕྲིན་ནང་གི་མི་སྣ་གཙོ་བོ་ཞི་ལ་དང་རི་བོང་གཉིས་ཀྱིས་སྟག་དེ་འདུལ་བའི་ཐབས་ནི་བློ་དང་རིག་པ་ཅི་ཡང་མི་དྲན་པར་དྲག་པོའི་ངང་འཐབ་རྒྱུ་དེ་རེད། མི་འགའ་རེས་འགུལ་རིས་བརྙན་འཕྲིན་འདིའི་མགོ་ཡི་ལེའུ་བཅུ་ལ་དབྱེ་ཞིབ་བྱས་པ་ན། སྐར་མ་བཅུ་གཉིས་ཅན་གྱི་ལེའུ་རེའི་ནང་སྐར་མ་དྲུག་ནི་འཐབ་འཁྲུག་གི་ཡུལ་དངོས་ཡིན་པ་དང་། བལྟས་ཡོང་ན་ཞི་ལ་དང་རི་བོང་གཉིས་ཀྱིས་དྲག་པོའི་ཐབས་ལ་བརྟེན་ནས་རྒྱལ་ཁ་བླངས་པ་དེ་བཤད་མི་དགོས་པ་རེད། སྐབས་དེར་འགུལ་རིས་བརྙན་འཕྲིན་འདིར་དགའ་བསུ་ཆེན་པོ་ཐོབ་པ་དང་། 2006ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་འདུས་པའི་བརྙན་འཕྲིན་ཁང་800ལྷག་རྒྱལ་ཡོངས་ནས་མཉམ་དུ་གཏོང་བཞིན་འདུག་མོད། ལེའུ་108ཡོད་པའི་འགུལ་རིས་བརྙན་འཕྲིན་འདི་ལེའུ་89བར་སླེབས་དུས་གཏོང་མཚམས་བཞག་པ་རེད། རྒྱུ་མཚན་ནི་རྒྱ་ཆེ་བའི་བྱིས་པའི་ཁྱིམ་བདག་དེ་ཚོས་གཏོང་མཚམས་འཇོག་དགོས་པའི་རེ་ཞུ་དང་གཏུག་བཤེར་མང་པོ་བྱས་རྐྱེན་རེད། འགུས་རིས་བརྙན་འཕྲིན་འདིར་མ་རབས་ཐ་ཤུལ་དང་དྲག་པོའི་སྤྱོད་པ། སྐད་ཆ་བཙོག་པོ། འཇིགས་སྣང་སྐུལ་བ། གཡོ་སྒྱུ་མགོ་སྐོར་སོགས་ཀྱི་ནང་དོན་གྱིས་གང་ཡོད་ཅིང་གནད་དོན་ཐམས་ཅད་དྲག་པོའི་ཐབས་ཀྱིས་ཐག་གིས་གཅོད་དགོས་པར་འདོད། འདི་འདྲའི་དྲག་པོ་རྒྱུན་ལྡན་དང་དྲག་སྤྱོད་གནས་ལུགས་ཅན་དུ་གཏོང་བའི་རིག་པ་དེས་བྱིས་པ་རྣམས་ལ་ཤུགས་རྐྱེན་ངན་པ་ཐེབས། གལ་ཏེ་བྱ་བ་ག་གེ་མོ་ཞིག་ཅུང་ཙམ་མ་འགྲིག་ནའང་ཐོག་དང་པོར་དྲག་པོའི་ཐབས་ཀྱིས་གནད་དོན་ཐག་གཅོད་དགོས་པར་འདོད། བྱ་སྤྱོད་དྲག་པོ་འདི་ལྟ་བུ་དང་བྱམས་སྙིང་རྗེ། བཟོད་པ་སོགས་ཐད་ཀར་ཁ་གཏད་དང་ལྡོག་ཕྱོགས་སུ་མངོན་པས། བྱིས་པ་རྣམས་ཀྱི་རང་གཞན་གོ་གནས་བརྗེས་ནས་བསམ་བློ་གཏོང་བར་ཕན་ཐོགས་སྤུ་ཙམ་མེད་པ་དང་། མ་འོངས་པར་མིའི་འབྲེལ་འདྲིས་ཕྱོགས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་མཉམ་འཇོག་བྱེད་དགོས།

བཞི་པ། བདེན་དགེ་མཛེས་གསུམ་གྱིས་ཕྱུག་དགོས།
        མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་ཐོག་མ་ནས་བདེན་དགེ་མཛེས་གསུམ་དེ་གཞི་གཅིག་ཏུ་གྱུར་ཡོད། འགུལ་རིས་བརྙན་འཕྲིན་ཡང་དེ་བཞིན་ཡིན་པས་དེའི་ནང་གི་གཅིག་ཀྱང་ཆད་མི་རུང་། འོན་ཀྱང་དེང་སྐབས་འགུལ་རིས་བརྙན་འཕྲིན་གྱི་སློབ་གསོའི་རིན་ཐང་ནང་ན་བདེན་དགེ་མཛེས་གསུམ་དེ་ཆད་འདུག གསར་རྩོམ་མཁན་གྱིས་བྱིས་པའི་འགུལ་རིས་བརྙན་འཕྲིན་དེ་མཚམས་མཚམས་སུ་རོལ་རྩེད་ཁོ་ནར་བསམ་བློར་གཏོང་ཞིང་། ཐད་ཀར་བྱིས་པའི་ཡིད་དབང་འགུག་བྱེད་ཆེད་དུ་དགོད་ཁ་སློང་བའི་མ་རབས་ཀྱི་བྱ་བ་ལས་ནས་བྱིས་པ་རྣམས་དགའ་རུ་འཇུག། འདི་འདྲའི་འགུལ་རིས་བརྙན་འཕྲིན་དག་དག་བཟོ་བ་ནི་འགན་ཁུར་མེད་པའི་ལས་ཀ་རེད། ང་ཚོས་བྱིས་པ་རྣམས་ཀྱི་བདེན་དགེ་མཛེས་གསུམ་གྱི་དབྱེ་འབྱེད་ནུས་པ་ཇེ་མཐོར་གཏོང་དགོས་ཞིང་། ཆུང་བྱིས་པ་རྣམས་ལ་དབྱེ་འབྱེད་བྱེད་པ་དང་རང་བདག་གི་ནུས་པ་ཞན་པས་ང་ཚོས་རྒྱུན་དུ་དེ་ཚོར་མཛུབ་སྟོན་བྱེད་དགོས། དེའི་ཕྱིར་བྱིས་པའི་འགུལ་རིས་བརྙན་འཕྲིན་གྱིས་བྱིས་པར་འཚོ་བའི་ཁྲོད་ཆེས་རྨང་གཞིའི་བཟང་ངན་དབྱེ་འབྱེད་དང་རང་གི་བྱ་སྤྱོད་འགྲིག་མིན་ལ་བརྡར་ཤ་གཅོད་པའི་མཛུབ་སྟོན་བྱེད་པ། རང་གི་སྤྱོད་པ་ངན་པ་དེ་དག་ལ་ཡོ་བསྲང་བྱེད་དགོས་པའི་བློ་སྒོ་འབྱེད་དུ་འཇུག་དགོས། འདི་ལྟར་བྱས་ན་ད་གཟོད་འགུལ་རིས་བརྙན་འཕྲིན་གྱི་སློབ་གསོའི་རིན་ཐང་གི་ནུས་པ་ཐོན་བཞིན་ཡོད། ང་ཚོས་བྱིས་པ་རྣམས་ལ་ང་ཚོ་མི་སུ་ཡིན་རུང་སྐྱོན་ཡོན་གཉིས་ལྡན་ཡིན་པ་ཤེས་སུ་བཅུག་ཏེ། ང་ཚོས་རང་གི་ཡོན་ཏན་ལས་གཞན་གྱི་སྐྱོན་ཆའང་དང་ལེན་བྱེད་དགོས་པ་དང་། མཐར་རང་གཞན་གཉིས་ཀ་ཡར་རྒྱས་ཡོང་བར་རེ་བ་དང་ཡིད་ཆེས་བྱེད་དུ་འཇུག་དགོས། དཔེར་ན་འགུལ་རིས་བརྙན་འཕྲིན་ཁྲོད་ཀྱི་མི་སྣ་ཁ་ཁུར་གྱིས་བསྟན་བཤིག་ཚ་བོ་བྱེད་པའི་ཁྲོད་དུ་ང་ཚོའི་མི་གཤིས་དང་མི་འཚམ་པའམ་སྒྲིག་འགལ་གྱི་བྱ་བ་དག་དག་ལས་ནས་དགོད་ཁ་སློང་བར་བྱེད། ཐ་ན་མཚམས་ལ་རེར་སྐད་ཆ་ཧ་ཅང་བཙོག་པོ་བཤད། འདི་འདྲའི་གནས་ཚུལ་ལ་མཛེས་ཚོར་སྤུ་ཙམ་ཡང་མེད་པ་མ་ཟད། བྱིས་པ་ཚོའི་མཛེས་དཔྱོད་འདུ་ཤེས་དང་མཛེས་དཔྱོད་ནུས་པ་ཡང་དག་སྐྱེད་སྲིང་བྱེད་པ་ཕར་ཞོག ནོར་འཁྲུལ་གོ་འཛོལ་དུ་སོང་ནས་ལམ་ཁ་གཞན་དུ་འགྲོ་བར་ཉེན་ཁ་ཡོད་པ་རེད། ང་ཚོས་ཡང་དག་པར་བྱིས་པའི་སློབ་གསོའི་འདུ་ཤེས་ཆགས་པར་བྱེད་དགོས་ན། བྱིས་པའི་འགུལ་རིས་བརྙན་འཕྲིན་གྱི་སློབ་གསོའི་རིན་ཐང་གང་ལེགས་ཀྱིས་འདོན་སྤེལ་བྱེད་པ་དེ་སྔོན་འགྲོའི་ཆ་རྐྱེན་ཡིན།

ལྔ་པ། རོལ་རྩེད་རང་བཞིན་དང་མཛེས་དཔྱོད་རང་བཞིན་སྣང་མེད་དུ་བསྐྱུར་མི་རུང་།
        ང་ཚོས་འགུལ་རིས་བརྙན་འཕྲིན་གྱི་ནང་དོན་དེ་དངོས་ཡོད་འཚོ་བ་དང་བསྟུན་དགོས་ཞེས་ཡང་དང་བསྐྱར་དུ་བཤད་ཡོད་མོད། འོན་ཀྱང་འགུལ་རིས་བརྙན་འཕྲིན་ལ་རོལ་རྩེད་རང་བཞིན་དང་དགོད་བྲོ་བའི་རང་བཞིན་མེད་སོང་ན་བྱིས་པའི་སེམས་ཡང་འགུག་མི་ཐུབ་པས། ང་ཚོས་འགུལ་རིས་བརྙན་འཕྲིན་ཞིག་བཟོ་སྐབས་དངོས་ཡོད་ཁོ་ན་ལས་བྱིས་པའི་སེམས་ཁམས་དང་འཚམ་པའི་གོང་གི་རྒྱུ་འདི་གཉིས་ངེས་པར་ཚང་དགོས། རོལ་རྩེད་རང་བཞིན་དང་དགོད་བྲོ་བའི་རང་བཞིན་ནི་བྱིས་པའི་འགུལ་རིས་ཁྲོད་མེད་དུ་མི་རུང་བའི་ཁྱད་ཆོས་གལ་ཆེན་ཞིག་ཡིན། གལ་ཏེ་རང་བཞིན་འདི་གཉིས་འཛོམས་སོང་ན་བྱིས་པའི་རྣམ་ཤེས་འགུག་ཐུབ་པ་དང་བྱིས་པ་ཚོ་རང་ཉིད་ཀྱང་དགའ་སྤྲོའི་ཁྲོད་ནས་འགུལ་རིས་བརྙན་འཕྲིན་ལ་བལྟ་ཐུབ་པ་དང་། ཁོ་ཚོའི་བསམ་བློ་དེ་ཡངས་པའི་ཨ་སྔོན་དབྱིངས་དང་ཟབ་མོའི་རྒྱ་མཚོའི་གཏིང་སོགས་གང་སར་འཁྱམ་ཅིང་བསམ་པའི་བཀོད་ཤུགས་དེ་ཡང་ཡར་རྒྱས་སུ་འགྲོ་ཐུབ། བྱིས་པའི་འགུལ་རིས་བརྙན་འཕྲིན་ལས་མཛེས་དཔྱོད་རང་བཞིན་མངོན་པ་ཡང་སློབ་གསོ་ཞིག་ཡིན་པ་སྨྲོས་མེད་རེད། མཛེས་རྟོག་སློབ་གསོ་དེ་མི་གཞི་ཀུན་སྤྱོད་འཐུས་ཚང་གཏོང་བར་མཚོན་ན་ཧ་ཅང་གལ་ཆེའི་ནུས་པ་ཐོན་བཞིན་ཡོད། གལ་ཏེ་འཚོ་བའི་ཁྲོད་ཀྱི་མཛེས་སྡུག་ལ་མྱོང་རོལ་དང་མཛེས་པའི་འཚོ་བ་དེ་བརྩོན་ལེན་བྱེད་ཤེས་མཁན་གྱི་མི་དེས་འཚོ་བ་རོལ་ཤེས་པ་མ་ཟད། འཚོ་བ་ལ་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་ཁོ་ཐག་ཡིན། དེ་མིན་རང་བྱུང་ཁམས་ཀྱི་བྱ་དངོས་མང་པོའི་ཤེས་རྟོགས་དང་གོ་བ་ལེན་ཚུལ་ཡང་མི་གཞན་དང་མི་འདྲ་བར་ལྷག་པར་གཏིང་ཟབ་པ་མ་ཟད་ཚད་ལྡན་ཡིན་པ་རེད། བྱིས་པའི་འགུལ་རིས་བརྙན་འཕྲིན་ཁྲོད་མ་རབས་བྱ་སྤྱོད་སོགས་མི་ལིགས་པའི་བྱུང་རིམ་དང་འཛེམ་དགོས། འོན་ཀྱང་སློབ་གསོའི་རང་བཞིན་ཅན་གྱི་བྱིས་པའི་འགུལ་རིས་བརྙན་འཕྲིན་ཡིན་ན་འགུལ་རིས་བརྙན་འཕྲིན་གྱི་རོལ་རྩེད་རང་བཞིན་དང་དགོད་བྲོའི་རང་བཞིན་དེ་ངེས་པར་ཡོད་དགོས།
        འགུལ་རིས་བརྙན་འཕྲིན་ལས་འཕྲོས་པའི་རིན་ཐང་ལྟ་ཕྱོགས་འདིས་བྱིས་པའི་བདེ་ཐང་འཚར་ལོངས་ཀྱི་ཁ་ཕྱོགས་ལ་ཤུགས་རྐྱེན་མི་ཉུང་བ་ཐེབས་སྲིད། འདི་ནི་བྱིས་པའི་འགུལ་རིས་བརྙན་འཕྲིན་གྱི་སློབ་གསོའི་རིན་ཐང་གི་མངོན་ཚུལ་ཡིན། མིག་སྔར་རྒྱལ་ནང་གི་བྱིས་པའི་འགུལ་རིས་བརྙན་འཕྲིན་གྱི་བདེན་དགེ་མཛེས་གསུམ་གྱི་སློབ་གསོའི་རིན་ཐང་གི་ཁ་ཕྱོགས་ལ་མི་འདང་ས་མང་པོ་ཡོད་པ་རེད། འགུལ་རིས་གྱི་ནང་དོན་འཚོ་བ་དངོས་དང་མི་སྣ་དངོས་ལས་རྒྱང་བསྐྱེད་དེ་དྲག་སྤྱོད་ཐལ་ཆེ་བ་དང་མ་རབས་ཐ་ཤལ་ཚིག་བཙོག་གིས་གང་བས་ང་ཚོའི་འཚོ་བ་དང་མི་འཚམ་པ་མ་ཟད། བྱིས་པར་ཤུགས་རྐྱེན་ངན་པ་འཇོག་སྲིད། དེའི་ཕྱིར་བོད་སྐད་འགུལ་རིས་བརྙན་འཕྲིན་གསར་རྩོམ་བྱེད་སྐབས་གནད་དོན་འདི་དག་ལ་ཁ་གཏད་ནས། ཡང་དག་པའི་བྱིས་པའི་འགུལ་རིས་བརྙན་འཕྲིན་གྱི་སློབ་གསོའི་འདུ་ཤེས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། བདེན་དགེ་མཛེས་གསུམ་གྱི་སློབ་གསོའི་རིན་ཐང་གཅིག་གྱུར་གྱིས་ཡར་ཐོན་ཡོང་བར་བྱེད་དགོས། ང་ཚོས་ཕྱིའི་རྒྱལ་ཁབ་མང་པོའི་རྗེས་མི་ཆོད་ཀྱང་དེ་ཚོ་ལ་སློབ་སྦྱོང་དང་། ནང་རྒྱལ་གྱི་མི་ལེགས་པའི་ཆ་དེ་ཚོ་འདོར་ཨེ་ཐུབ་ལ་བལྟ་དགོས་པ་རེད། ང་ཚོ་ལ་བོད་སྐད་འགུལ་རིས་བརྙན་འཕྲིན་《 ཨ་ཁུ་སྟོན་པའི་གཏམ་རྒྱུད།》དང་འགུལ་རིས་བརྙན་ཐུང་《 རྔོན་པ་དང་ཀེང་རུས། 》 《 ཁྭ་ཏའི་ཁ་བ་དགོན་པ།》སོགས་འགའ་ཡོད་མོད། འོན་ཀྱང་ལག་རྩལ་སོགས་གང་ཐད་ནས་གཞན་ལ་མི་དོ་རུང་བོད་ཀྱི་ན་གཞོན་འགའ་ལས་དོན་འདིའི་ལམ་ཁར་བསྐྱོད་བཞིན་ཡོད་པས་ཧ་ཅང་དགའ་འོས་པ་དང་། མ་འོངས་པར་བོད་སྐད་འགུལ་རིས་བརྙན་འཕྲིན་གྱི་གསར་རྩོམ་བྱ་བཞག་གོང་དུ་འཕེལ་བར་ཡིད་འཇོག་བྱེད་དགོས་ལ། འདི་ནི་ང་ཚོའི་མ་འོངས་པའི་བོད་སྐད་འགུལ་རིས་བརྙན་འཕྲིན་ཀྱི་གསར་རྩོམ་ལེགས་སུ་གཏོང་བའི་མཉམ་འཇོག་བྱེད་སའི་གནད་འགའ་ཡིན། ། 
◆ རྩོམ་པ་པོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། 2016ལོའི་བོད་སྐད་ཡིག་རྩོམ་རིག་གི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1