དུང་དཀར་དགོན་པ།
སྤྱི་ཟླ་8པའི་ཚེས་15ཉིན་གྱི་ཞོགས་པར། ངེད་གསར་འགོད་ཚོ་ཆུང་སྔར་གྱི་འཆར་གཞི་ལྟར་གསེར་རྟ་རྫོང་དུང་དཀར་དགོན་དུ་བཅར་འདྲིར་ཕྱིན། དུང་དཀར་དགོན་པ་ནི་གསེར་རྟ་རྫོང་མཁར་དང་བར་ཐག་ལེ་དབར་དྲུག་བདུན་ཙམ་ཡོད་སའི་ནུབ་བྱང་མཚམས་ཀྱི་སྤང་རིའི་ཁ་ལྗོངས་སུ་ཆགས་ཤིང་། གཙང་པོའི་ཉེ་འདབས་ནས་ཡར་མཇལ་དུས་མདུན་ཁང་གི་རྒྱ་ཕིབས་ངོས་སུ་གསེར་འོད་རབ་ཏུ་འཚེར་ཞིང་། ལྟ་བས་མིག་གིས་མི་གཟོད་ལ། བསམ་པས་བློ་རུ་མི་ཁེངས་པའི་ཚོར་སྣང་སྐྱེས།
སངས་རྒྱས་སྨན་བླའི་མཆོད་རྟེན།
ཡར་དགོན་པའི་མདུན་གྱི་ཐང་ཆེན་དུ་ཕྱིན་ལ་དགོན་པའི་དོ་དམ་པས་མདུན་ཁང་དུ་ཁྲིད་ནས་དགོན་པའི་འབྲེལ་ཡོད་གནས་ཚུལ་རྣམས་ངོ་སྤྲོད་བྱས་བྱུང་། དུང་དཀར་དགོན་པ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་ལོ་རྒྱུས་ཧ་ཅང་རིང་བའི་དགོན་རྙིང་ཞིག་རེད་འདུག་ལ། 1937ལོར་དམར་དམག་རུ་ཁག་གཉིས་པ་རྒྱང་སྐྱོད་བྱས་ནས་གནས་དེར་བརྒྱུད་དུས། དམར་དམག་རྣམས་ཟས་གོས་ཀྱིས་དབུལ་ཞིང་ལྟོ་སྐྱ་གོས་ཧྲུལ་གྱི་གནས་སུ་ལྷུང་ཡོད། སྐབས་དེར་དུང་དཀར་སྐུ་ཕྲེང་གསུམ་པ་དང་དགོན་སྡེའི་དོ་དམ་པ། དེ་མིན་དགོན་སྡེའི་གྲྭ་བཙུན་ཡོངས་ཀྱིས་དམར་དམག་རྣམས་ལ་རོགས་རམ་གང་ལེགས་བྱས་ཤིང་། དམར་དམག་རྣམས་སྔ་རྗེས་སུ་དགོན་པའི་ནང་དུ་གཟའ་འཁོར་གཉིས་ལྷག་བསྡད་པར་མ་ཟད། དགོན་པས་ཆེད་དུ་ཟས་གོས་དང་སྒོ་ཕྱུགས་འབོར་ཆེན་འདོན་སྤྲོད་བྱས་པས། དམར་དམག་གིས་རྒྱ་བོད་ནི་ཁྱིམ་ཚང་གཅིག་གི་ཡིན་ཞེས་པའི་ཡི་གེ་བྲིས་མ་ཞིག་དང་དམག་སྤྱི་ཀྲུའུ་ཏེ་སྐུ་དངོས་ཀྱི་ཐམ་ག་བརྒྱབས་པའི་གཡར་འཛིན་ཞིག་བྲིས་ནས་དགོན་པ་རུ་བཞག །1954ལོར་ཀྲུང་དབྱང་སྲིད་གཞུང་གིས་དུང་དཀར་དགོན་པ་ལ་ཏཱ་དབྱང་སྟོང་ལྔ་སྤྱིན་ཚབ་ཏུ་སྤྲོད་རབ་འདུག །
དགོན་པའི་དོ་དམ་པས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་དགོན་པའི་ནང་དུ་བསྡོམས་པས་གྲྭ་པ་298ཡོད་ལ། དེ་ལས་ཞིང་གྲོང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཡོད་མཁན་མི་གྲངས་90ཡོད། 2016ལོར་རྒྱལ་ཁབ་ཀྱིས་དགོན་པའི་གྲྭ་པ་རྣམས་ལ་བརྙན་འཕྲིན་དང་མིས་བཟོས་འཁོར་སྐར་སྡུད་ལེན་ཆས་སོགས་གློག་ཆས་300ལྷག་སྦྱིན་པ་དང་། ད་དུང་རྫོང་ཆོས་ལུགས་ཅུས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒོར་ཁྲི་དྲུག་སྟོང་བདུན་ལྷག་བཏང་ནས་དགོན་པ་རུ་གློག་ཀ་བཙུགས་ཤིང་གློག་སྐུད་དྲངས། 2017ལོར་རྫོང་ཆོས་ལུགས་ཅུས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒོར་ཁྲི་ལྔ་ལྷག་བཏང་ནས་དགོན་པའི་མདུན་ཁང་དང་མཆོད་རྟེན་སོགས་ཞིག་གསོས་བྱས། ད་དུང་འབྲེལ་ཡོད་ལས་ཁུངས་ཀྱིས་དགོན་པའི་འཕྲོད་བསྟེན་དང་ཁོར་ཡུག་གཙང་སྦྲ་སོགས་ཀྱི་ཆེད་དུ་དག་སྙིགས་སྐྱེལ་འདྲེན་རླངས་འཁོར་གཉིས་དང་གད་སྙིགས་སྒམ་དུ་མ་འཁོ་འདོན་བྱས་ཡོད། གཞན་ཡང་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི་160དང་རྫོང་གིས་སྒོར་ཁྲི་20བཅས་བསྡོམས་པས་སྒོར་ཁྲི་180བཏང་ནས། ཐོག་བརྩེགས་གསུམ་ཅན་གྱི་གྲྭ་བཙུན་གྱི་སྤྲོ་སྐྱིད་གླིང་ཀ་ཞིག་བསྐྲུན་ཡོད་པ་དང་གྲྭ་བཙུན་རྣམ་པས་དེ་རུ་རྒྱུན་དུ་ཆོས་འཆད་ཉན་དང་སྒོམ་ཉམས་ལེན་བྱེད་བཞིན་ཡོད། མིག་སྔར་དགོན་པའི་ནང་དུ་གློག་དང་ཆུ་དྲངས་ཡོད་པར་མ་ཟད། གཞུང་ལམ་ཡང་རྒྱ་ཆེན་པོ་བསྐྲུན་ཡོད་པས་ཡུལ་སྐོར་ལྗོངས་རྒྱུ་བའི་བསྟི་གནས་ཆེ་ཤོས་ཤིག་ཏུ་གྲུབ་ཡོད།
དུང་དཀར་དགོན་པ་ནི་དུང་དཀར་རིན་པོ་ཆེ་སྐུ་ཕྲེང་དང་པོ་སང་སང་ཨོ་རྒྱན་གྱིས་སྤྱི་ལོ་1686ལོར་ཕྱག་བཏབ་ཅིང་། སྔ་འགྱུར་རྙིང་མ་པའི་གྲུབ་མཐའ་ཡིན་ལ། དགོན་པའི་འཛུགས་སྐྲུན་གྱི་ས་ངོས་ཟིན་ཚད་སྨི་གྲུ་བཞི་མ་808000ཡོད་པ་དང་། གཙོ་བོ་མདུན་ཁང་ཆེན་མོ་གཅིག་དང་དཔེ་མཛོད་ཁང་། ཚོགས་ཐབ། སངས་རྒྱས་སྨན་བླའི་མཆོད་རྟེན། གྲྭ་ཤག་སོགས་ཀྱིས་གྲུབ་ཡོད་ལ། 1983ལོའི་ཟླ་4པའི་ཚེས་5ཉིན་གསེར་རྟ་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་འབྱེད་ཆོག་པའི་ཆོག་མཆན་གནང་། །