དྲག་ཆར་བབས་པའི་རྐྱེན་གྱིས་སི་ཁྲོན་རྔ་བ་ཁུལ་གྱི་མི་ཁྲི་1.27ལ་གནོད་འཚེ་ཕོག་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-22



 
     གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱུང་པར་གཞིགས་ན། ཚེས་20ཉིན་གྱི་ཆུ་ཚོད་15བར། སི་ཁྲོན་རྔ་བ་ཁུལ་དུ་ཐོན་པའི་དྲག་ཆར་གྱི་གནོད་འཚེའི་ཁྲོད་དབུན་ཁྲོན་རྫོང་དང་། བཀྲ་ཤིས་གླིང་། མའོ་རྫོང་། ཟུང་ཆུ་རྫོང་། ཝོ་ལུང་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཀྱི་ཤང་གྲོང་11གི་མི་ཁྲི་1.27ལ་གནོད་འཚེ་ཕོག་པ་དང་མི་4རྐྱེན་ལམ་དུ་ཤོར་བ་རེད།
     ཚེས་20ཉིན་གྱི་ཆུ་ཚོད་15བར། དབུན་ཁྲོན་རྫོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཡུལ་སྐོར་བ་ཁྲི་3ལྷག་ཙམ་སྔ་སྣུར་དུ་གནས་སྤོས་བྱས་པ་རེད། མིག་སྔར། ཐོག་མའི་ཚོད་དཔག་བྱས་ན་རྫོང་ཡོངས་སུ་ཡུལ་སྐོར་བ་(ཝོ་ལུང་གྲོང་རྡལ་དང་ཀུན་དར་གྲོང་རྡལ་ཁོངས་སུ་གཏོགས་མེད)ཁྲི་1.3ལྷག་ཙམ་གྱི་བདེ་འཇགས་གནས་སྤོའི་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་རེད། རྫོང་ཡོངས་སུ་མི་4རྐྱེན་ལམ་དུ་ཤོར་བ་དང་མི་11གར་སོང་ཆ་མེད་དུ་འགྱུར་བ། ཡུལ་སྐོར་བ་ཁག་གཅིག་གནས་སྤོ་བྱེད་རིང་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ་དང་འབྲེལ་ཡོད་མི་སྣའི་ཆ་འཕྲིན་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།
     ཆུ་ཚོད་15དང་སྐར་མ་30ཡི་བར། ཝོ་ལུང་དམིགས་བསལ་ཁུལ་གྱི་ཁོངས་སུ་གཏོགས་པའི་ཀུན་དར་དང་ཝོ་ལུང་ཤང་གྲོང་གཉིས་ཀྱིས་རིམ་རྩིས་བྱས་ན་དཀའ་ངལ་འཕྲད་པའི་ཡུལ་སྐོར་བ་ཁྲི་1.2ལྷག་ཙམ་ཞིབ་བསྡུར་བྱས་ཟིན་པ་རེད། ཀུན་དར་གྲོང་རྡལ་གྱི་འཕྲིན་གཏོང་ཆད་པས་སྲུང་སྐར་ཁ་པར་བརྒྱུད་ནས་འབྲེལ་གཏུག་བྱེད་དགོས་པར་ཐུག་ཡོད། ལུང་ཐན་གློག་འདོན་ས་ཚིགས་ཀྱི་མདུན་ཕྱོགས་ཀྱི་ཡོའོ་ཙི་ཀོའུ་ཡི་མཚམས་སུ་མི་60ལ་ཉེན་ཁ་འཕྲད་ཡོད་པ་དང་། མི་7གར་སོང་ཆ་མེ་དུ་གྱུར་བ། མི་2ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
     གཞན་ཡང་དྲག་ཆར་བབས་པའི་རྐྱེན་གྱིས་ད་དུང་བཀྲ་ཤིས་གླིང་གི་ཐུང་ཧྭ་དང་། ཐའོ་ཕིང་། ཕུའུ་ཆི། ཞུའེ་ཁྲེང་། འབོ་ཏོག་ཤུ་དོ་བཅས་ཤང་གྲོང་5ལ་གནོད་འཚེ་ཚབས་ཆེན་ཕོག་ནས་འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་། འཐུང་ཆུ་བཅས་ཚད་གཞི་མི་འདྲ་བའི་སྒོ་ནས་ཆད་ཡོད། མའོ་རྫོང་གི་ཤང་གྲོང་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་པ་དང་། འཐུང་ཆུའི་མདོང་ལམ་དང་ཟམ་པ་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད། རྫོང་གཞན་དག་གི་གནོད་འཚེ་ཕོག་པའི་གནས་ཚུལ་ཡང་སྔ་ལས་ལྷག་པའི་ངང་བསྡོམས་རྩིས་ཞིབ་བསྡུར་བྱེད་བཞིན་ཡོད།
     མིག་སྔར་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་མེ་ཟོན་རོགས་སྐྱོབ་མི་སྣ་129དང་། ནགས་ཚལ་མེ་ཟོན་མི་སྣ་38དང་། འཕྲིན་གཏོང་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གི་མི་སྣ་58བཅས་སྐོང་བསྡུ་བྱས་ནས་འཕྲིན་གཏོང་སྒྲིག་ཆས་འཁྱེར་ནས་གནོད་འཚེ་ཕོག་ཁུལ་དུ་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བར་བཏང་བ་རེད། ཨན་ནེང་ཚོགས་པ་དང་། གསུམ་གཅིག་ལྕི་བའི་བཟོ་ལས། ཧྭ་ཕིང་ཆ་འཕྲིན་ལག་རྩལ། ཅེའུ་ཡོའེ་འཕྲལ་སྡོམ་སྒྲིག་ཆས་སོགས་ཁེ་ལས་ཀྱིས་ཉེན་སེལ་རོགས་སྐྱོབ་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་པ་རེད།
     གསར་འགོད་པས་སི་ཁྲོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་20ཉིན་གྱི་ཆུ་ཚོད་15དང་སྐར་མ་45ཐོག གནམ་གཤིས་བརྟག་དཔྱད་ཁང་གིས་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་མུ་མཐུད་བཏང་ཞིང་། སྔོན་དཔག་བྱས་ན་ཚེས་20ཉིན་གྱི་ཆུ་ཚོད་20ནས་ཚེས་21ཉིན་གྱི་ཆུ་ཚོད་20བར་གཤོངས་སའི་ནུབ་རྒྱུད་དུ་འབྲུག་ཆར་རམ་ཐོལ་ཆར་བབས་རྒྱུ་ཡིན་པ་དང་། དེའི་ནང་གཡག་རྔ་དང་། ཁྲེང་ཏུའུ་ཡི་ལྷོ་ནུབ་རྒྱུད། མེ་ཧྲན་གྱི་ནུབ་རྒྱུད། ལེ་ཧྲན་གྱི་བྱང་རྒྱུད། དེ་བཞིན་རྔ་བ་ཁུལ་གྱི་ཡིང་ཞོན་ས་ཁུལ་དུ་དྲག་ཆར་བབས་རྒྱུ་དང་ས་ཆ་ཁ་ཤས་སུ་ཧ་ཅང་ཆེ་བའི་དྲག་ཆར་བབས་རྒྱུ་ཡིན་པ་རེད། ཆུ་ཚོད་17ཐོག  སི་ཁྲོན་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་ཆུ་ལོག་གི་སེར་མདོག་ཉེན་བརྡ་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1