གསེར་ཐར་རྫོང་གི་ལིང་གྲིབ་ནད་པ120ཡིས་སླར་ཡང་འོད་སྣང་མཐོང་།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-26
དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མཐོང་ཆེན་དང་རོགས་སྐྱོར་འོག ཉེ་ཆར། དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཆེད་ལས་ཚོ་ཆུང་གསེར་ཐར་རྫོང་གནུབས་ཟུར་གྲོང་རྡལ་དང་སྙི་སྟོད་གྲོང་རྡལ་སོགས་སུ་ཕྱིན་ནས་སྐྱ་འགྲིབ་དང་སྔོ་གྲིབ་སོགས་མིག་ལ་ནད་བརྟག་བྱས་ཤིང་། ནད་བརྟག་གི་ལས་ཀ་སྤེལ་བའི་སྐབས་སུ་གསེར་ཐར་རྫོང་མི་དམངས་སྨན་ཁང་གིས་གོ་རིམ་ཡོངས་སུ་གཞོགས་འདེགས་བྱས་པ་རེད།
ནད་བརྟག་བྱེད་པའི་གོ་རིམ་ཁྲོད་དུ་ཆེད་ལས་ཚོ་ཆུང་གིས་མིག་ནད་བརྟག་ཞིབ་བྱས་པའི་དུས་མཚངུས་སུ། ནད་པའི་གནས་ཚུལ་ལ་དབྱེ་ཞིབ་ཟབ་མོ་དང་གཟབ་གཟབ་བྱེད་དགོས་པའི་དོན་ཚན་གསལ་བཤད་བྱས་པ་དང་། ནན་ཏན་གྱིས་ཞིང་འབྲོག་མང་ཚོགས་ལ་རྒྱུན་ལྡན་འཚོ་བའི་ཁྲོད་དུ་མིག་ཅི་ལྟར་སྲུང་སྐྱོང་བྱེད་དགོས་པ་དང་མིག་གི་ནད་རིགས་ཅི་ལྟར་བཅོས་རྒྱུ་སོགས་ཀྱི་ཐད་ནས་གསལ་བཤད་བྱས་པ་རེད།
ནད་བརྟག་ལས་ཀ་ཚར་རྗེས། ཁུལ་དང་རྫོང་གི་ལས་སྒྲུབ་རུ་ཁག་གིས་ཉིན་གཉིས་རིང་ལ་སྐྱ་འགྲིབ་མིག་ནད་གཤགས་བཅོས་བྱས་ཤིང་། སྨན་བཅོས་མི་སྣས་གཅིག་རྗེས་གཉིས་མཐུད་དུ་གཤགས་བཅོས་བྱས་ནས་སྐྱ་འགྲིབ་ནད་པས་སླར་ཡང་འོད་སྣང་མཐོང་ཐུབ་པ་འདི་ནི་ང་ཚོའི་མིག་ནད་ཚད་ཁག་གི་ལས་སྒྲུབ་དཔུང་སྡེའི་ལས་དོན་ལ་ཁས་ལེན་ཡག་པོ་བྱས་བྱུང་ཞེས་སྨན་བཅོས་ལས་སྒྲུབ་མི་སྣས་དེ་ལྟར་བཤད་པ་རེད།
དེང་སང་རྒྱལ་ཁབ་ཀྱི་སྲིད་ཇུས་ཤིན་ཏུ་བཟང་ནས། སྐྱ་འགྲིབ་ནད་བཅོས་བྱེད་སྐབས་སྒོར་ཟུར་གཅིག་ཀྱང་སྦྱིན་མི་དགོས་པ། ཁྱེད་རྣམ་པས་ང་ལ་སྨན་བཅོས་བྱས་ནས་མིག་གིས་སླར་མཐོང་བྱུང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་སྐྱ་འགྲིབ་ནད་ཕོག་མཁན་བློ་ཚེ་ལྷས་མིག་ནད་ཚན་ཁག་གི་སྨན་བཅོས་མི་སྣའི་ལག་པ་བཟུང་ནས་དེ་ལྟར་བཤད།
ཐེངས་འདིའི་བྱེད་སྒོའི་ཁྲོད་ཁུལ་དང་རྫོང་མི་དམངས་སྨན་ཁང་གིས“ནད་པ་ལྟེ་བར་བྱས་ཤིང་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བདེ་ཐང་ལ་ཞབས་ཞུ་བྱེད་པའི་ལས་དོན་གྱི་དམིགས་འབེན་མངོན་གང་ཐུབ་བྱས་པ་འདི་ནི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་བཅངས་པའི”བརྗོད་བྱའི་སློབ་གསོའི་དོན་དངོས་ཀྱི་མཚོན་ཚུལ་རེད། ཤེས་གསལ་ལྟར་ན། ཐེངས་འདིའི་བྱེད་སྒོ་ཁྲོད་ནས་མི་གྲངས1579ལྷག་ལ་ཞིབ་བཤེར་བྱས་པ་དང་། སྐྱ་འགྲིབ་ནད་པ120ལྷག་ལ་མིག་དབང་སླར་གསོ་གཤགས་བཅོས་དང་། ད་དུང་མི་གྲངས1321ལྷག་ལDRནད་བརྟག་བྱས་པ་དང་། མི་གྲངས1800ལྷག་ལBསྒྲ་འདས་ཀྱི་ནད་བརྟག་བྱས། མི་གྲངས162ལྷག་ལ་མིག་ཤུགས་ནད་བརྟག་བྱས་ནས་མི་གྲངས112ལྷག་ལ་མིག་ཤེལ་བཀོད་སྒྲིག་བྱས་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1