ཨ་རི་དང་ཐ་ལི་པན་དབར་གྱི་གྲོས་མོལ་“ཐག་གཅོད་པའི་དུས་རིམ”ལ་སླེབས་པས། གཅིག་བྱས་ན་དམག་དཔུང་ཕྱིར་འཐེན་གྱི་དུས་ཚོད་རེའུ་མིག་གཏན་འཁེལ་སྲིད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-27



    ཨ་རིའི་སྲིད་གཞུང་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་གྱི་འཐུས་མིས་ཚེས་24ཉིན་ཁ་ཐར་གྱི་རྒྱལ་ས་ཏུའུ་ཧར་གྲོས་མོལ་ཐེངས་དགུ་པ་མུ་མཐུད་དུ་བྱས་པ་རེད། དབྱེ་ཞིབ་མཁས་ཅན་ཁག་ཅིག་གིས་ད་རེས་ཀྱི་གྲོས་མོལ་ནང་ཨ་རིའི་དམག་དཔུང་ཨ་ཧྥུ་ཀ་ནི་སི་ཐན་ནས་ཕྱིར་འཐེན་བྱ་རྒྱུའི་དུས་ཚོད་རེའུ་མིག་གཏན་འཁེལ་ཐུབ་རེ་ཡོད་པའི་ལྟ་བ་བཟུང་ཡོད།
    ཨ་རི་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་ཧྥ་རན་སི་གསར་འགྱུར་ཁང་གི་གསར་འགོད་པར“གྲོས་མོལ་ཉིན་དེའི(ཚེས་24ཉིན)ཕྱི་དྲོར་སླར་ཡང་སྤེལ་འགོ་ཚུགས་ཡོད”ཅེས་བཤད། ད་རེས་ཀྱི་གྲོས་མོལ་དེ་ཚེས་22ཉིན་ནས་འགོ་བཙུགས་ལ། ཐ་ལི་པན་ཏུའོ་ཧ་དོན་གཅོད་ཁྲུའུ་ཡི་མགྲིན་ཚབ་པ་སུའུ་ཧའེ་ལེ·ཧྲ་ཤིན་གྱིས“བཀོད་སྒྲིག་གཞན་དག”ལ་དམིགས་ནས་ཕྱོགས་གཉིས་པོས་ཚེས་23ཉིན་ལ་གྲོས་མོལ་བྱེད་མཚམས་ཉིན་གཅིག་འཇོག་རྒྱུ་དང་། ཚེས་24ཉིན་མུ་མཐུད་དུ་གྲོས་མོལ་བྱ་རྒྱུ་བྱས་ཡོད་ཅེས་བཤད་པ་རེད།
    ཨ་རི་ཕྱོགས་ཀྱི་དཔོན་རིགས་དེས“ང་ཚོར་འཕེལ་རྒྱས་བྱུང་ཡོད། ལག་བསྟར་ལམ་སྲོལ་དང་ལག་རྩལ་གྱི་ཞིབ་ཕྲ་ཁ་ཤས་གྲོས་བསྡུར་བྱེད་བཞིན་ཡོད། ཞིབ་ཆ་དེ་དག་གྲོས་འཆམ་བྱུང་རྗེས་གྲོས་མཐུན་བྱུང་ངེས”ཞེས་བརྗོད།
    ཨ་རི་སྲིད་གཞུང་གིས་ཨ་ཧྥུ་ཀ་ནི་སི་ཐན་དུ་སྡོད་པའི་ཨ་རིའི་དམག་མི་ཁྲི་1.4ཕྱིར་འཐེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ཐ་ལི་པན་གྱིས“རྟེན་གཞི”སོགས་འཇིགས་སྐུལ་རྩ་འཛུགས་དབར་གྱི་འབྲེལ་བ་བཅད་ནས་འཇབ་རྒོལ་ཉུང་དུ་གཏོང་རྒྱུ་དེ་རེད།
    ཧྥ་རན་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་ཕྱོགས་ཀྱིས་ཟླ་9ཚེས་1ཉིན་གོང་ཐ་ལི་པན་དང་གྲོས་མཐུན་བཞག་ནས་ཟླ་དེར་འཚོགས་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་འདེམས་བསྐོ་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད་པ་དང་། ཐང་ན་ཏེ·ཐེ་རོན་ཕུའུ་སང་ལོར་ཨ་རིའི་ཙུང་ཐུང་གི་འགན་བསྟུད་མར་འཁུར་རྒྱུར་“སྐར་གྲངས”སྣོན་རྒྱུའི་རེ་བ་བྱེད་ཀྱི་ཡོད།
    ཚེས་24ཉིན་ཐ་ལི་པན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་བྱང་ཕྱོགས་ཀྱི་ཨ་རིའི་དམག་དཔུང་གི་པ་ཀེ་ལ་མུའུ་མཁའ་དམག་རྟེན་གཞིའི་ཉེ་འགྲམ་དུ་འཇབ་རྒོལ་བྱས་ནས་ཨ་རིའི་དམག་མི་9བསད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་དམག་དཔུང་གི་མགྲིན་ཚབ་པས་གནས་ཚུལ་དེ་ཁས་བླངས་མེད་པར། ས་གནས་དེ་གའི་ཚོང་ཁང་ཁག་ཅིག་ལ་གྱོང་གུན་ཕོག་ཡོད་མོད། འོན་ཀྱང་ཨ་རིའི་དམག་དཔུང་དང་མནའ་མཐུན་དམག་དཔུང་ལ་ཤི་རྨས་བྱུང་མཁན་མེད་པ་དང་། ཐ་ལི་པན་གྱིས་དཀྲོག་གཏམ་སྤེལ་འདུག་པར་བཤད།
    ཨ་རིའི་རྒྱལ་སྲུང་པུས་ཨ་རི་ཕྱོགས་དང་ཐ་ལི་པན་དབར་ད་རེས་ཀྱི་གྲོས་མོལ་འགོ་མ་བཙུགས་པའི་ཉིན་གཅིག་གི་གོང་ལ། ཨ་རིའི་དམག་དཔུང་གི་དམག་མི་གཉིས་བྱང་རྒྱུད་ཀྱི་ཧྥ་ལི་ཡ་པུའུ་ཞིང་ཆེན་དུ་མཚོན་ཆ་ཡང་རིགས་ཕོག་ནས་སྲོག་ཤོར་བ་ར་སྤྲོད་བྱས་ཡོད།
    ཐ་ལི་པན་གྱིས་འཇབ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ན་གྲོས་མོལ་བྱེད་རིང་ཤུགས་ཆེ་བ་འཛིན་རྒྱུར་ཕན་ཐོགས་ཡོད་པར་ཡིད་ཆེས་ཡོད། ཐ་ལི་པན་གྱི་མགྲིན་ཚབ་པ་ཧྲ་ཤིན་གྱིས་ཨ་རིའི་དམག་དཔུང་ལ་ཤི་རྨས་བྱུང་བ་དེས་ད་རེས་ཀྱི་གྲོས་མོལ་ལ“དགེ་མཚན་ལྡན་པའི་ནུས་པ”ཐོན་ཡོད་ཅེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1