༄༅།། བོད་ཡིག་གསར་འགྱུར་གྱི་ཁ་བྱང་གི་སྐྱོན་ལ་རགས་ཙམ་དཔྱད་པ།

རྟ་མགྲིན་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-29



རྟ་མགྲིན་ལྷ་མོ།        
【ནང་དོན་གནད་བསྡུས།】 ཁ་བྱང་ནི་གསར་འགྱུར་གྱི་མིག་ཟུང་དུ་འབོད་ལ། ཚིག་ཉུང་དོན་གསལ་བའི་སྒོ་ནས་གསར་འགྱུར་གྱི་ནང་དོན་བསྟན། ཁ་བྱང་བཟང་ངན་གྱིས་གསར་འགྱུར་གྱི་དགའ་བསུ་ཐོབ་ཚད་ལ་ཤུགས་རྐྱེན་ཟབ་མོ་ཐེབས། རྩོམ་འདིར《བོད་ལྗོངས་ཉིན་རེའི་ཚགས་པར》གཞིར་བྱས་ཤིང་། གསར་འགྱུར་གྱི་ཁ་བྱང་གི་ཁྱད་ཆོས་དང་བྱེད་ལས་དང་འབྲེལ་ནས་བོད་ཡིག་གསར་འགྱུར་ཁྲོད་ཀྱི་ཁ་བྱང་ལ་བྱུང་བའི་གནད་དོན་ལྔ་བཏོན་ཡོད། 
【བརྡ་ཆད་གཙོ་བོ།】 བོད་ཡིག་གསར་འགྱུར། ཁ་བྱང་། སྐྱོན།

  གླེང་གཞི།

        དེང་སྐབས་ཀྱི“ཆ་འཕྲིན་དུས་རབས” (“信息时代”)དང“ཁ་བྱང་ཀློག་པའི་དུས་རབས”(“读题时代”)སུ། གསར་འགྱུར་ཁག་ཕན་ཚུན་བར་འགྲན་བརྩོན་ཆེ་ལ། ཚད་ངེས་ཅན་ཞིག་ནས་བཤད་ན་དེ་ནི་གསར་འགྱུར་ཁ་བྱང་བར་གྱི་འགྲན་བརྩོན་ཡིན། ཚགས་པར་གྱིས་ཆ་འཕྲིན་སྣ་ཚོགས་མཁོ་སྤྲོད་དང་བརྗེ་རེས་བྱས་ཏེ། མི་དམངས་དང་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད། བོད་ཡིག་གི་ཚགས་པར་ལས་རིགས་དར་ནས་ད་བར་ལོ་དྲུག་ཅུ་ལྷག་གི་ནང་དུ། བོད་རིགས་མི་དམངས་ལ་ཕན་བདེ་གང་མང་བསྐྲུན་དང་སྐྲུན་བཞིན་ཡོད། མི་རྣམས་ཀྱིས་ཚགས་པར་སོགས་སྨྱན་བྱེད་བརྒྱུད་ནས་རང་ཉིད་ལ་དགོས་པའི་ཆ་འཕྲིན་བསྡུ་ལེན་བྱེད་ཀྱིན་ཡོད། དེ་ཡང་ཐོག་མར་ཁ་བྱང་ལ་བལྟས་ཏེ་རང་ལ་མཁོ་བའི་ཆ་འཕྲིན་འཚོལ་བཞིན་ཡོད། 
   རྒྱུན་པར་བོད་ཡིག་གསར་འགྱུར་གྱི་ཁ་བྱང་ལ་ཡིད་འགུག་གི་ནུས་པ་མེད་པའམ་སྐྱོན་དང་གནད་དོན་འགའ་བྱུང་བཞིན་འདུག་ལ། བོད་ཡིག་གསར་འགྱུར་གྱི་ཁ་བྱང་གིས་གསར་འགྱུར་གྱི་བརྗོད་དོན་མཚོན་མི་ཐུབ་པའམ་ཡང་ན་བརྗོད་དོན་རབ་རིབ་ཙམ་ལས་མཚོན་མི་ཐུབ་པ། མིང་བརྡ་གྱོང་བོ་སོགས་མང་བས་ཀློག་པ་པོར་གོ་དཀའ་བའི་སྣང་བ་སྟེར། ཀློག་པ་པོ་ཚོས་མུ་མཐུད་དུ་ལྟ་ཀློག་བྱེད་རྒྱུའི་འདུན་པ་མེད་པར་འགྱུར་གྱིན་འདུག དེའི་ཕྱིར་བདག་གིས་བོད་ཡིག་གསར་འགྱུར་གྱི་ཁ་བྱང་ལ་ཡང་སྙིང་གནད་དོན་གང་དང་ཅི་བྱུང་ཡོད་པར་བརྩད་ཆོད་དང་དབྱེ་ཞིབ་བྱེད་རྒྱུ་ཡིན། འདིརབོད་ལྗོངས་ཉིན་རེ་ཚགས་པར་སྟེང་གི་འབྲེལ་ཡོད་གསར་འགྱུར་བཀོད་ནས་འཆད་པར་བྱའོ༎
དང་པོ། ཁ་བྱང་གི་བརྗོད་དོན་མི་གསལ་བ། 
        ཚེ་རིང་རྡོ་རྗེས་བརྩམས་པའི་《གསར་འགྱུར་གྱི་སྐྱོན་སེལ་ཞོགས་པའི་སྐྱ་རེངས།》ལས“གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་མིག་ལྟར་ཡིན་པས་པར་ངོས་གྱི་བཞིན་རས་མཛེས་པར་བྱེད་པའི་ཆ་བྱད་གལ་ཆེན་ཞིག་ཡིན་པའི་ཁར། མིག་དེ་ཡང་དམུས་ལོང་གི་མིག་ལྟར་བལྟས་ན་ཡོད་པ་ཙམ་གྱི་མི་ཆོག་པར། གསར་འགྱུར་ཧྲིལ་པོའི་བརྗོད་དོན་མཐོང་ཐུབ་པའི་དབང་པོ་དང་ལྡན་ལ། འཛིན་ཐུབ་པའི་དབང་ཤེས་དང་ལྡན་པ། མཚོན་ཐུབ་པའི་བྱེད་ནུས་ཞིག་ཀྱང་དགོས་”ཞེས་པ་ལྟར། ཁ་བྱང་གིས་བརྗོད་བྱའི་ནང་དོན་མཚོན་པའམ་དེར་དཔྱད་བརྗོད་བྱེད་པ་ཡིན་སྟབས། ཁ་བྱང་གིས་ཁ་གསལ་བའི་སྒོ་ནས་ནང་དོན་གསལ་བོར་བརྗོད་དགོས། གསར་འགྱུར་གྱི་ཁ་བྱང་ལ་གབ་ཚིག་གམ་སྙན་ངག་ལྟར་ལྐོག་གྱུར་བསྡུས་བརྗོད་སོགས་ཡོང་མི་རུང་ལ། རྣམ་འགྱུར་དྲང་པོ་དང་ལངས་ཕྱོགས་དྲང་པོའི་སྒོ་ནས་དོན་དངོས་རགས་བསྡུས་སུ་སྨྲ་པ་དགོས། ཁ་བྱང་ནང་དུ་གསར་འགྱུར་གྱི་གནད་གཙོ་བོ་འབུར་དུ་ཐོན་བར་བྱས་ཏེ། ཡང་དག་ཅིང་ཁ་གསལ་བ། འོས་ཤིང་འཚམ་པའི་ངང་ནས་དོན་དངོས་བརྗོད་པར་བྱེད་དགོས། གསར་འགྱུར་གྱི་ཁ་བྱང་ལ་གཏན་ཚིགས་ལྡན་དགོས་ལ། མི་རིགས་རང་ཉིད་ཀྱི་བརྡ་སྤྲོད་དང་སྐད་ཆའི་འགྲོས་དང་མཐུན་པའི་སྒོ་ནས་མཚོན་པར་བྱེད་རྒྱུ་གལ་འགངས་ཆེ། 
        སྤྱི་ལོ༢༠༡༩ལོའི་ཟླ་༥པའི་ཚེས་༡༨ཉིན་བཏོན་པའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་གཉིས་པར། ཁ་བྱང་ལ《བོད་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་འདེགས་བྱེད་སྒོ་སློབ་གྲྭར་སྤེལ་བ》ལ་བརྗོད་དོན་གསལ་བོ་སྟོན་མི་ཐུབ་པའི་སྐྱོན་ལྡན། གསར་འགྱུར་འདིའི་ནང་དོན་ཡོངས་སུ་བལྟས་ན། ཁ་བྱང་འདིས་སྟོན་དགོས་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་རྣམས་ཀྱིས་ལུས་རྩལ་སྦྱོང་བརྡར་དང་ལེན་བྱེད་ཅིང་། བོད་རང་སྐྱོང་ལྗོངས་ཐའེ་ཆོན་དྲག་རྩལ་མཐུན་ཚོགས་ཀྱིས་སློབ་མ་སྒྲིག་འཛུགས་བྱས་ནས་ཐའེ་ཆོན་དྲག་རྩལ་ངོམས་པ་དང་། བོད་རང་སྐྱོང་ལྗོངས་དུང་དཀར་བུ་ཁྲིད་འཁོར་ཤུད་མཉམ་སྤྲོ་ཁང་གི་ཚོགས་མིས་དགེ་སློབ་ཚོར་འཁོར་ཤུད་གློད་པ(འཁོར་ཤུད་གློད་པ་ནི་འཁྱག་ཤུད་གློད་པ་སྟེ་རྒྱ་ཡིག་གི“滑冰”ཟེར་བ་དེ་ཨ་མིན་ན་བསམ། ཚགས་པར་སྟེང་འདྲ་པར་ཡང་མེད་པས། ནང་དོན་གོ་ཁག་པོ་འདུག)རེད། འདི་ལྟ་བུས་བོད་རང་སྐྱོང་ལྗོངས་སམ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་བསྡུས་ཏེ་བོད་དུ་སྨྲས་པ་ནི་ཧ་ཅང་མི་འཚམ་བ་ཞིག་མཐོང་། བོད་རང་སྐྱོང་ལྗོངས་ཀྱི་དམངས་རྣམས་ལུས་སྦྱོང་ལ་དང་བླངས་དང་དགའ་བསུ་བྱེད་པ་ཡིན་ན་བོད་པ་ཚང་མས་ཞབས་འདེགས་བྱེད་སྒོ་ནང་བཞུགས་པ་ཡིན་པས་མི་ཁྱབ་པའི་སྐྱོན་མངོན་གསལ་རེད།  དེ་མིན་ཁ་བྱང་ཁྲོད་ཀྱི་དང་བླངས་ཞབས་འདེགས་བྱེད་སྒོ་ནི་ཅི་ལྟ་བུ་ཞིག་ཡིན་པ་མི་ཤེས་ཏེ། གསར་འགྱུར་གྱི་ཁ་བྱང་གི་ཁྱད་ཆོས་དང་བླང་བྱར་མི་འཚམ་པ་ཧ་ཅང་ཀློག་འགྱུར་གྱི་གནས་ཤིག་ཏུ་མངོན། 
        དེ་མིན་༢༠༡༣ལོའི་ཟླ༡༢པའི་ཚེས༢༣ཉིན་ལ་སྤེལ་བའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་བཞི་པ་ལ། ཁ་བྱང་དུ《འཕེལ་རྒྱས་བརྟན་པོ། འབབ་འཕར་མགྱོགས་པ། དམངས་འཚོ་ཏན་ཏིག རང་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པ།》ཞེས་ཐོགས་པ་དེའི་དབུ་འདྲེན་ཁ་བྱང་ལ་བརྗོད་དོན་མི་གསལ་བའི་གནད་དོན་ལྷགས་འདུག་སྟེ། “འཕེལ་རྒྱས་བརྟན་པོ”ཞེས་པ་ནི་འཕེལ་རྒྱས་བྱུང་བ་བརྟན་ཞིང་འཕར་ཆག་མི་ཆེ་བ་སོགས་ཀྱི་དོན་ཡོད་པ་རྟོགས་ཐུབ་མོད། “འབབ་འཕར་མགྱོགས་པ”ཞེས་པ་ནི་བསྟན་དོན་ཅི་ཞིག་ཡིན་པ་གཏན་ནས་གོ་མི་ཐུབ། ཁྱད་པར་དུ་འབབ་འཕར་ཞེས་པ་ནི་གང་ལ་བརྗོད་ཀྱིན་ཡོད་པ་ལྐོག་གྱུར་ཞིག་རེད། ཕལ་ཆེར་བོད་སྐད་དུ་འབབ་འཕར་ཞེས་པའི་ཐ་སྙད་ཅིག་ཡོད་ཅེས་ར་སྤྲོད་དགོས་ན་ཁག་པོ་ཆགས་ཀིན་རེད། དེ་མིན“དམངས་འཚོ་ཏན་ཏིག”ཅེས་པ་འདི་སོ་སོར་འཕྲལ་ན་གོ་དོན་ཡོད་མོད།(དམངས་འཚོ་སྟེ་མི་དམངས་མང་ཚོགས་ཀྱི་འཚོ་བར་ཟེར། ཏན་ཏིག་ནི་གཟབ་ནན་བྱེད་པའམ་ལྷོད་གཡེང་མི་བྱེད་པའི་དོན། )འོན་ཀྱང་དམངས་འཚོ་ཏན་ཏིག་ཞེས་ལྷན་དུ་སྦྱར་ཚེ་ཀློག་པ་རྣམས་ཀྱིས་གོ་བ་རབ་རིབ་ཙམ་ཡང་གོ་རྒྱུ་མེད་པར་གྱུར་ངེས། གསར་འགོད་པ་ཚོས་བོད་སྐད་ཀྱི་འགྲོས་དང་མཐུན་པའི་སྒོས་ཀློག་མཁན་གྱི་ཡིད་ལ་འཛིན་བདེ་ཞིང་གོ་དོན་བདེ་བླག་ཏུ་རྟོགས་ཐུབ་པའི་ཁ་བྱང་ཞིག་འགོད་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་རེད། 

གཉིས་པ། ཁ་བྱང་དང་ནང་དོན་དངོས་འགལ་བ། 
        གསར་འགྱུར་ཁ་བྱང་གི་འགན་ཁུར་གཙོ་བོ་ནི་ཡང་དག་པའི་སྒོ་ནས་གསར་འགྱུར་གྱི་བརྗོད་སྙིང་མཚོན་རྒྱུ་དང་། གསར་འགྱུར་གྱི་ནང་དོན་གཙོ་བོ་ཁ་བྱང་སྟེང་ནས་མངོན་པར་བྱ་རྒྱུ་དེ་ཡིན། དེའི་ཕྱིར་གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་ནང་དོན་དངོས་རྐང་བཙུགས་ནས་བྱུང་བ་ཡིན། དེ་ནི་ཆེས་གཞི་རྩའི་ཁྱད་ཆོས་དང་བླང་བྱ་ཡིན་ཏེ།“གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་གཞུང་དངོས་ལས་བྱུང་བ་དང་། དེས་གསར་འགྱུར་གྱི་ཁ་བྱང་དེ་གཞུང་དངོས་ལ་བརྟེན་པའི་འབྲེལ་བ་ཞིག་སྟོན་དགོས་ཀྱི་ཡོད། གསར་འགྱུར་གྱི་ཁ་བྱང་གིས་གསར་འགྱུར་གྱི་དོན་དངོས་སྙིང་བསྡུས་དང་སྟབས་བདེས་མཚོན་པའི་སྐབས་སུ། ཚང་མ་གསར་འགྱུར་གྱི་དོན་དངོས་དང་འཚམ་པ་ལས་དེ་དང་རིང་དུ་བསྐྱེད་མི་ཉན། འདི་ནི་གསར་འགྱུར་ཁ་བྱང་གི་གཞི་རྩའི་བླང་བྱ་ཡིན” དེར་བརྟེན་གཅིག་ནས་ཁ་བྱང་ནང་གི་ཆ་འཕྲིན་ནི་གསར་འགྱུར་དངོས་ཀྱི་ཆ་འཕྲིན་དང་ཇི་མ་ཇི་བཞིན་ཡིན་དགོས། གཉིས་ནས་ཁ་བྱང་ཁྲོད་ཀྱི་ལྟ་བ་དེ་གསར་འགྱུར་དངོས་ནས་རྐང་བཙུགས་དགོས། 
        གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གང་དེའི་དོན་དངོས་ལ་རྐང་བཙུགས་ནས་བྱུང་ཞིང་། འབྲུ་ཉུང་ཞིང་དོན་བསྡུས་བའི་སྒོས་གསར་འགྱུར་གྱི་བརྗོད་དོན་མངོན་དགོས་པ་ལས། ཁ་བྱང་གིས་བརྗོད་བྱའི་དོན་རྡོག་རྡོག་དེ་སྟོན་མི་ཐུབ་པའམ། ཡང་ན་ཁ་བྱང་གི་ནང་དོན་བརྗོད་དོན་ནང་མེད་པ། ཁ་བྱང་གི་དོན་རྣམས་གསར་འགྱུར་གཞུང་དངོས་སུ་གསལ་བཤད་མེད་པའམ་ཁ་བྱང་དང་གཞུང་དངོས་འབྲེལ་མེད་དུ་ཆགས་པ། བརྗོད་དོན་དང་ཁ་བྱང་འགལ་ཟླར་གྱུར་པ་སོགས་ནི་འདོར་བྱ་ཡིན། བོད་ཡིག་གསར་འགྱུར་གྱི་ཁ་བྱང་ལ་གནད་དོན་འདི་འདྲ་རྒྱུན་པར་བྱུང་གིན་འདུག དཔེར་ན་༢༠༡༩ལོའི་ཟླ་༦པའི་ཚེས་༦ལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་༤པའི་ཐོག་བཀོད་པའི་གསར་འགྱུར་ཁ་བྱང་ལ《སློབ་ཁང་གི་སློབ་ཁྲིད་ནས་སློབ་གསེང་གི་ལག་ལེན་བར་ལྷ་ཀླུ་སློབ་ཆུང་གིས་སྣོད་བཅུད་ཀྱི་ཁྱད་ལྡན་སློབ་ཚན་འཚོལ་ཞིབ་བྱས་པ། ཕྲུ་གུ་ཚང་མ་ཁོར་ཡུག་སྲུང་དམག་ཡིན་པ།》ཞེས་པ་ལ་མཚོན་ན། གསར་འགྱུར་འདི་ནི་སྲོག་ཞབས་གྲ་སྡེབ་མའི་ཁོངས་སུ་གཏོགས། སྟབས་མ་ལེགས་པ་ཞིག་ལ་སྲོག་ཞབས་ཁ་བྱང་གཉིས་ལ་སྐྱོན་བྱུང་འདུག 
        གསར་འགྱུར་འདིའི་ནང་དོན་གཙོ་བོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གིས་སློབ་མ་རྣམས་ཀྱི་རང་བྱུང་ཁམས་ཆེ་མོར་དགའ་ཞེན་སྐྱེས་པ་དང་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་ཆགས་ཆེད་དུ། ལྷ་ཀླུ་སློབ་ཆུང་གི་དགེ་རྒན་དང་ལས་བཟོ་བས་ཁོར་ཡུག་སྲོང་སྐྱོང་བརྗོད་དོན་བྱེད་པའི《ང་ཚོ་ཁོར་ཡུག་སྲུང་སྐྱོང་མཁན་ཆུང་ཆུང་ཡིན》ཞེས་པའི་གཞས་གདངས་བརྩམས་པ་དང་ལུས་རྩལ་སྒྲིག་བཟོ་བྱེད་ནས། སློབ་གསེང་གི་རྩལ་སྦྱང་དུ་བྱས་པ་དང་། དགེ་རྒན་གྱིས་མཛུབ་སྟོན་འོག་ཁོར་ཡུག་སྲུང་སྐྱོང་འགྲེམས་སྟོན་ཚོམས་ཆེན་བསྐྲུན་ཡོད་པ་དང་སློབ་མ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གསལ་འགྲེལ་བ(གསལ་འགྲེལ་བ་ནི་རྒྱ་ཡིག་གི讲解员་ལ་གོ ) བྱེད་དུ་བཅུག་སོགས་བྱེད་སྒོ་སྤེལ་བ་བརྗོད་འདུག སྲོག་འཛིན་ཁ་བྱང“སློབ་ཁང་གི་སློབ་ཁྲིད་ནས་སློབ་གསེང་གི་ལག་ལེན་བར་ལྷ་ཀླུ་སློབ་ཆུང་གིས་སྣོད་བཅུད་ཀྱི་ཁྱད་ལྡན་སློབ་ཚན་འཚོལ་ཞིབ་བྱས་པ།”ནང་གི་ནང་དོན་མང་ཆེ་བ་གསར་འགྱུར་གྱི་ནང་དོན་དང་འགལ་བ་བྱུང་འདུག་སྟེ། གསར་འགྱུར་དངོས་ནང་དུ་“སློབ་ཁང་གི་སློབ་ཁྲིད”སྐོར་གྱི་ནང་དོན་གཏན་ནས་མི་འདུག་ལ། “སྣོད་བཅུད་ཀྱི་ཁྱད་ལྡན་སློབ་ཚན་འཚོལ་ཞིབ་བྱས་པ”ཞེས་པའི་ནང་དོན་མཐོང་ལམ་དུ་མི་མངོན། ཏན་ཏན་སློབ་གསེང་གི་ལག་ལེན་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་བ་བརྗོད་འདུག རང་ཉིད་ཀྱི་བསམ་ཚུལ་ལ་ཁ་བྱང་འདི་ཅུང་ཟད་བཟོ་བཅོས་བཏང་ནས་《ལྷ་ཀླུ་སློབ་ཆུང་གིས་སློབ་གསེང་གི་ལག་ལེན་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ》ཞེས་ཟེར་ན་གསར་འགྱུར་གྱི་བརྗོད་དོན་མཚོན་འདུག་པ་སྙམ་གྱིན་ཡོད། དེ་མིན་ཞབས་སྐྱོང་ཁ་བྱང་ལ“ཕྲུ་གུ་ཚང་མ་ཁོར་ཡུག་སྲུང་དམག་ཡིན་པ།”ཞེས་པའི་ནང་གི་ཕྲུ་གུ་ཆུང་ཆུང་ནི་སྲུང་དམག་ཡིན་ཞེས་པ་འདི་ཀློག་དུས་བློར་མི་བདེ་བའི་ཚོར་བ་སྐྱེས། གསར་འགྱུར་དངོས་གྱི་ནང་དོན་ལ་གཞིགས་ཚེ། ཞབས་སྐྱོང་ཁ་བྱང་འདི་ནི་གསར་འགྱུར་འདིའི་ནང་བཀོད་པའི་《ང་ཚོ་ཁོར་ཡུག་སྲུང་སྐྱོང་མཁན་ཆུང་ཆུང་ཡིན》ཞེས་པའི་གཞས་ལ་ཐད་ཀར་འགྱུར་བ་བཏང་བའི་སྣང་བ་ཤར་ཏེ། གཞས་ཚིག་ནང་གི་“ང་ཚོ”ནི་ལྷ་ཀླུ་སློབ་ཆུང་གི་སློབ་མར་གོ་བ་དང་། གསར་འགོད་པས་དེ་ཐད་ཀར“ཕྲུ་གུ”རུ་བསྒྱུར། གླུ་དབྱངས་ནང་གི“ཁོར་ཡུག་སྲུང་སྐྱོང་མཁན་ཆུང་ཆུང་ཡིན”ཞེས་པ་ཐད་ཀར་ཁ་བྱང་ནང་དུ་ཡོང་ན་མི་མཛེས་པའི་དོགས་སྣང་སྐྱེས་ནས། ཚིག་དེ་མིང་བརྡ་གཞན་དག་གི་ལམ་ནས་“ཁོར་ཡུག་སྲུང་དམག་ཡིན”ཞེས་པར་བསྒྱུར་འདུག རང་བློས་དཔག་པར་ལྟར་ན་ཞབས་སྐྱོང་ཁ་བྱང་མེད་ན་བཟང་པོ་འདུག་འདོད། གང་ལགས་ཞེ་ན་སྲོག་འཛིན་ཁ་བྱང་གིས་འབྲུ་ཉུང་དོན་བསྡུས་སྒོས་གསར་འགྱུར་གྱི་བརྗོད་བྱའི་ནང་དོན་གསལ་བོར་བསྟན་འདུག མ་གཞི་གསར་འགྱུར་འདིའི་ནང་དོན་སྙིང་རྗེ་མོ་ཞིག་འདུག་མོད། ཁ་བྱང་སྐྱོན་ཅན་གྱིས་གསར་འགྱུར་རིལ་པོ་བརྫད་སྐྱོན་བཏང་སོང་། 
        ཁ་བྱང་གིས་གསར་འགྱུར་དངོས་ཀྱི་དོན་དངོས་བརྗོད་པའམ། ཡང་ན་གསར་འགྱུར་གྱི་ནང་དོན་ལ་མདོ་བསྡུས་དང་དཔྱད་བརྗོད་བྱེད་ཆོག འོན་ཀྱང་དོན་དག་ངོ་མ་དང་རྒྱབ་འགལ་བྱས་ནས་རང་འདོད་དུ་ཁ་བྱང་ལ་འཁྱོག་བཤད་དང་སྒྲོ་འདོགས་སོགས་བྱ་མི་རུང་། ངེས་པར་དུ་གསར་འགྱུར་གྱི་ནང་དོན་དངོས་ལ་རྐང་བཙུགས་དགོས། 

གསུམ་པ། ཁ་བྱང་གོ་དཀའ་བ། 
        སྤྱིར་བཏང་གསར་འགྱུར་དང་ཆ་འཕྲིན་རིགས་ཀྱི་ཁ་བྱང་ལ་རིགས་དང་དབྱེ་བ་ཆེན་པོ་གཉིས་འདུག་སྟེ། “ཁ་བྱང་རྐྱང་བ་དང་མང་འདུས་ཁ་བྱང་སྟེ་རིགས་ཆེ་བ་གཉིས་སུ་བགར་རུང་ཞིང་། དེ་བས་སྲོག་འཛིན་ཁ་བྱང་གཅིག་བུ་ལས་མེད་པའི་ཁ་བྱང་ལ་ཁ་བྱང་རྐྱང་བ་དང་། སྲོག་འཛིན་ཁ་བྱང་དང་རམ་འདེགས་ཁ་བྱང་གཉིས་ཀ་ལྡན་པའི་ཁ་བྱང་ལ་མང་འདུས་ཁ་བྱང་འབོད་སྲོལ་ཡོད། རམ་འདེགས་ཁ་བྱང་ལ་དབྱེ་ན་དབུ་འདྲེན་ཁ་བྱང་དང་ཞབས་སྐྱོང་ཁ་བྱང་གཉིས་ཡོད་ཅིང་། ཚགས་པར་དུ་འགོད་པའི་ཆ་འཕྲིན་ལྟ་བུ་ཡིན་ན་ད་དུང་དཔར་ལ་འདེབས་སྐབས་སྲོག་འཛིན་ཁ་བྱང་དེ་རམ་འདེགས་ཁ་བྱང་གཉིས་ཀའི་བར་ལ་འགོད་དགོས་པ་དང་། ཡིག་བོངས་ནི་རམ་འདེགས་ཁ་བྱང་ལས་ཆེ་དགོས།”གསར་འགྱུར་གཅིག་གི་ཁ་བྱང་ནི་ཁ་བྱང་རྐྱང་མའམ་ཁ་བྱང་འདུས་མ་གང་ཡིན་རུང་། ཐོག་མར་ཁ་བྱང་རིག་མ་ཐག་ཏུ་ཀློག་པ་པོའི་ཡིད་སེམས་འཕྲོག་དགོས་པ་ཞིག་ཡོང་དགོས་ལ། ཁ་བྱང་ནི་ཚིག་གྱོང་བོས་གཏམས་ནས་གོ་དཀའ་བ་བྱུང་སྐྱེན་པས། བློ་ལ་འཛིན་བདེ་བ་དོན་གྱི་གོ་བ་རྟོགས་སླ་བ་སོགས་ཡོང་དགོས་ཀྱི། གསར་འགྱུར་གྱི་ཁ་བྱང་ནི་གོ་བདེ་བ་ཡོང་དགོས་ལ། ལུང་ཁུག་གི་ཡུལ་སྐད་མི་བཀོལ་བར་ཡིག་སྐད་སྤྱོད་རྒྱུ་དང་། ཆེད་ལས་གྱི་བརྡ་ཆད་གོ་ཁག་པོ་སོགས་ཀྱང་གཏན་ནས་ཡོད་མི་རུང་། དེ་ལྟར་མིན་ཚེ་རྒྱ་ཆེའི་ཀློག་པ་པོས་གསར་འགྱུར་ཀློག་འདོན་ལ་བར་ཆད་ཡོང་བ་དང་། གསར་འགྱུར་ལྟ་ཀློག་གི་བྲོ་བ་ཉམས་དམས་སུ་འགྲོ་རྒྱུའི་ཉེན་ཁ་ཆེ། 
        དཔེར་ན་༢༠༡༩ལོའི་ཟླ༦པའི་ཚེས་༧ཉིན་ལ་སྤེལ་བའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་གསུམ་པར། ཁ་བྱང་དུ《དམངས་གཙོའི་བཅོས་སྒྱུར་སྲིད་བཟང་ཉིན་བྱེད་འོག གྲ་ནང་ཞིང་པའི་འཚོ་བར་བཀྲག་མདངས་རྒྱས》ཞེས་པ་ལྟ་བུ་ལས། “བཀྲག་མདངས་རྒྱས”ཞེས་པ་ནི་མདངས་ཀྱི་འོད་རྒྱས་པའི་དོན་ཡིན་པ་ལས་གྲ་ནང་ཞིང་པའི་འཚོ་བར་ལྡན་པའི་ཁྱད་ཆོས་ཤིག་ཏུ་བརྗོད་ན་མི་འཚམ། བཤད་སྟངས་འདི་འདྲ་ཞིག་བོད་ཀྱི་སྐད་ཡིག་ཁྲོད་མེད། བོད་སྐད་ཀྱི་འགྲོ་སྟངས་དང་མི་མཐུན་པའི་ཐ་སྙད་འདི་ལྟ་བུས་གསར་འགྱུར་གྱི་ཁ་བྱང་གོ་དཀའ་བ་ཞིག་ཏུ་གྱུར་རོགས་བྱེད་འདུག 
        ད་དུང་༢༠༡༩ལོའི་ཟླ༦པའི་ཚེས་༦ཉིན་ལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་གསུམ་པའི་ཐོག་འགོད་བའི་གསར་འགྱུར་ཁ་བྱང་《ཐག་རིང་ལུང་ཁུག་ཏུ་ལོ་35རིང་ལས་གནས་བརྟན་སྲུང་བྱེད་མཁན་གྲོང་གསེབ་ཀྱི་དགེ་རྒན་ཐའོ་ཧྥེང་དབྱིང་།》ཞེས་པ་ལྟ་བུར་མཚོན་ན། “ལས་གནས་བརྟན་སྲུང”ཞེས་པ་འདི་ཐད་ཀར་རྒྱ་ཡིག“坚守岗位”ཞེས་པ་དེ་ཐད་བསྒྱུར་བྱེད་འདུག་སྟེ། རྒྱ་ཡིག་ལ་དེ་འདྲ་ལབ་སྲོལ་ཡོད་ལ་རྒྱ་ཡིག་ཤེས་པ་རྣམས་ཀྱིས་བལྟས་མ་ཐག་ཏུ་གོ་ཐུབ། འོན་ཏེ་བོད་སྐད་ཡིག་གི་འགྲོས་དང་གཏན་ནས་མི་འཚམ་ཞིང་། བོད་མི་བོད་ཡིག་ལ་བྱང་ཆ་ཆེ་རུང་རྒྱ་ཡིག་རྒྱ་སྐད་མི་ཤེས་པ་ཞིག་གིས་ཁ་བྱང་འདིའི་ནང་དོན་ཆ་ཚང་གོ་ཐུབ་རྒྱུ་ཁག་པོ་ཡོང་རྒྱུ་རེད། 
        དེ་མ་ཚད་༢༠༡༩ལོའི་ཟླ་༥པའི་ཚེས་༡༨ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོར་བཀོད་པའི་གསར་འགྱུར་ཁ་བྱང་《ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་སྔོན་ཐོན་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མིར་མཇལ་འཕྲད་གནང་བ།》ལྟ་བུའི་ནང་དོན་ཅི་བརྗོད་གོ་ཁག་པོ་འདུག་ལ། གསར་འགྱུར་དེ་༢༠༡༩ལོའི་ཟླ༥པའི་ཚེས་༢༤ཉིན་པར་མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་༼ཕྱོགས་འདུས་གསར་འགྱུར༽གྱི་པར་ངོས་གསུམ་པའི་སྟེང་དུ་བཀོད་ཅིང་། ཁ་བྱང་གི་རྣམ་པ་ཅུང་ཟད་འགྱུར་བ་བཏང་ཡོད་དེ《ཞི་ཅིན་ཕིན་གྱིས་རྒྱལ་ཡོངས་ཀྱི་འབད་བརྩོན་དཔེ་ལེགས་ཅན་ནམ་དབང་པོ་སྐྱོན་ཅན་རོགས་སྐྱོར་སྔོན་ཐོན་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་བ།》 གོང་གི་ཁ་བྱང་གཉིས་ནས་གོ་བ་གསལ་བོ་ཞིག་ལོན་ཐབས་མི་འདུག གསར་འགྱུར་འདིའི་ནང་དོན་ཡང་ཐེངས་ཁ་ཤས་མ་བལྟས་ན་གོ་བ་ལོན་ཐབས་མི་འདུག འདི་འདྲའི་གསར་འགྱུར་གྱིས་ཀློག་པ་པོའི་གསར་འགྱུར་ལྟ་ཀློག་གི་བྲོ་བ་རྦད་དེ་ཉམས་དམས་སུ་བཏང་ངེས། གསར་འགོད་པ་རྣམས་ཀྱིས་ཁ་བྱང་ལ་ཚིག་གྱོང་བོ་མི་བཀོལ་བ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་རྟོགས་སླ་ལ་འཛིན་བདེ་བའི་ཁ་བྱང་འགོད་རྒྱུར་ཅིས་ནས་ཀྱང་འབད་དགོས། 

བཞི་པ། ཁ་བྱང་རིང་དྲགས་པ། 
        གསར་འགྱུར་གྱི་ཁ་བྱང་ལ་ཚིག་རྙོག་མེད་པར་འབྲུ་ཉུང་ལ་དོན་གོ་བདེ་མོ་ཞིག་ཡོང་དགོས་ཏེ། ཚགས་པར་གྱི་པར་ངོས་ལ་རྣམ་གཞག་ངེས་གཏན་ཞིག་ཡོད་ལ། ཀློག་པ་པོའི་ལྟ་ཀློག་གི་ཡིད་འགུག་ལ་ཚད་ངེས་ཅན་ཡོད་པས། གསར་འགྱུར་ཆེད་མཁས་པས་འདོད་དོན་དུ་གསར་འགྱུར་ཁ་བྱང་གི་ཡིག་འབྲུ་དགུ་ནས་བཅུ་གཅིག་བར་བྱུང་ན། སྤྱིར་བཏང་དུ་བརྗོད་བྱའི་དོན་བསྟན་ཐུབ་པའི་ཐོག་ཏུ། ཀློག་པ་པོས་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ཆ་འཕྲིན་གྱི་དོན་གཙོ་བོ་ཤེས་རྟོགས་བྱུང་ཐུབ་ཅིང་། འབྲུ་མང་པོས་བསྡེབས་པ་མིན་པས་ལྟ་ཀློག་གི་ངལ་བ་སེལ་དེ་ཡིད་འགུག་གི་ནུས་པ་ཐོན་ཐུབ་པ་བརྗོད་ཀྱིན་འདུག 
        མ་གཞི་བྱས་ན་གསར་འགྱུར་གྱི་ཁ་བྱང་ནི་འབྲུ་ཉུང་ཞིང་དོན་འདུ་བ། གོ་སླ་བ་ཡོང་དགོས། དེ་འདྲ་ཡོང་ཐུབ་མིན་ལས་གསར་འགྱུར་ལས་བཟོ་བའི་གསར་འགྱུར་ལས་རིགས་ལ་བྱང་ཆ་ཡོད་མེད་རྟོགས་ཐུབ། བོད་ཡིག་ཚགས་པར་མང་ཆེ་བར་གསར་འགྱུར་ཁ་བྱང་གི་ཡིག་འབྲུ་མང་བའི་སྣང་ཚུལ་ལྡན་སྟེ། 
        དགོས་མེད་ཚིག་ཚོགས་ཁ་བྱང་ནང་གང་འདོད་དུ་བཅུག་པ་སྟེ། དཔེར་ན་༢༠༡༩ལོའི་ཟླ་༦པའི་ཚེས་༩ཉིན་གྱི་གཟའ་ཉི་མར་སྤེལ་བའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོའི་གསར་འགྱུར་དང་པོ། ཁ་བྱང་ལ《ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་དུས་ཐུང་སློབ་སྦྱོང་དང་དུས་ཐུང་དྲིལ་བསྒྲགས་དུས་ཐུང་གྲོས་བསྡུར་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དྲིལ་བསྒྲགས་དང་སློབ་གསོའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱས་པ། མི་སེར་གྱི་སྐད་ཆའི་ཐོག་ནས་གནས་ལུགས་ཆེན་པོ་བརྗོད་པ།》ཞེས་པ་ལ་མཚོན་ན། ཁ་བྱང་འདིར་ཡིག་འབྲུ་ལྔ་ལྔ་ལྡན་པས་ཁ་བྱང་རིང་དྲག་པའི་སྐྱོན་ཆེན་པོ་ལྡན། གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་དངོས་པོ་ངེས་བསྟན་མིན་ལ་གསར་འགྱུར་གྱི་དངོས་གཞི་མིན་པས། ཁ་བྱང་ལ་ཡིག་གྲངས་འདི་འདྲ་མང་པོ་ཞིག་བྱུང་བ་ནི་ཁ་བྱང་གི་བླང་བྱ་དང་ཧ་ཅང་མི་འཚམ་ཞིག་ཏུ་སྣང་། ཁ་བྱང་འདི་ནི་མང་འདུས་ཁ་བྱང་ཞིག་ཡིན་ཏེ། “ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་དུས་ཐུང་སློབ་སྦྱོང་དང་དུས་ཐུང་དྲིལ་བསྒྲགས་དུས་ཐུང་གྲོས་བསྡུར་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དྲིལ་བསྒྲགས་དང་སློབ་གསོའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱས་པ།” ཞེས་པ་ནི་སྲོག་འཛིན་ཁ་བྱང་དང་། “མི་སེར་གྱི་སྐད་ཆའི་ཐོག་ནས་གནས་ལུགས་ཆེན་པོ་བརྗོད་པ།” ཞེས་པ་ནི་ཞབས་སྐྱོང་ཁ་བྱང་རེད། ཚགས་པར་གྱི་པར་ངོས་སུ་ཁ་བྱང་རིང་དྲགས་པས་ཁ་བྱང་གཞན་པའི་ཡིག་གཟུགས་ཆེ་ཆུང་ལྟར་དུ་སོང་ན་ཡིག་ཕྲེང་བཞི་ལྔ་ཙམ་དགོས་པ་དང་། གསར་འགྱུར་གྱི་ནང་དོན་ཡང་མང་རྒྱུ་མེད་པས། མགོ་ཆེ་ཞིང་ལུས་པོ་ཆུང་བའི་ཡ་མ་གཟུགས་སུ་ཆགས་འགྲོ་བར་དོགས་ནས། རྩོམ་སྒྲིག་པས་བསམ་གཟས་ནས་འབྲུ་མང་བའི་སྲོག་འཛིན་ཁ་བྱང་གི་ཡིག་གཟུགས་ཆུང་ཆུང་བྱེད་པ་དང་། ལྟོས་བཅས་ཀྱིས་འབྲུ་ཉུང་བའི་ཞབས་སྐྱོང་ཁ་བྱང་གི་ཡིག་གཟུགས་ཆེ་རུ་བསྐྱེད་འདུག དེ་ལྟར་བྱས་ཚེ་གསར་འགྱུར་གྱི་ནང་དོན་གནད་བསྡུས་སུ་མཚོན་པའི་སྲོག་འཛིན་ཁ་བྱང་གིས་ཀློག་པ་པོའི་མིག་དབང་འགུག་རྒྱུར་གནོད་པ་མ་ཟད། ཡིག་འབྲུ་ཆེ་པོ་ལྡན་པའི་ཞབས་སྐྱོང་ཁ་བྱང་གིས་ཐོག་མར་ཀློག་པ་པོའི་མིག་ལམ་དུ་མངོན་མོད། དེ་ལས་གསར་འགྱུར་གྱི་ཆ་འཕྲིན་གཙོ་བོ་གང་ཡང་རྒྱུས་ལོན་བྱེད་མི་ཐུབ་པས། ཀློག་པ་པོ་རྣམས་གསར་འགྱུར་དེ་ཀློག་འདོད་མེད་པ་ཞིག་ཏུ་ཆགས་འགྲོ་རྒྱུའི་ཉེན་ཁ་ཡོད། 
        གལ་ཏེ་གོང་གི་གསར་འགྱུར་གྱི་ཁ་བྱང་ལ་ཅུང་ཟད་ལེགས་བཅོས་བྱས་ནས་ཁ་བྱང་གི་ཡིག་གྲངས་ཇེ་ཉུང་བཏང་ཞིང་གསར་འགྱུར་གྱི་ནང་དོན་གཙོ་བོ་བསྡུས་ནས་བརྗོད་ན་ཆོག་སྟེ། ཁ་བྱང་ནང་གི་“དུས་ཐུང་སློབ་སྦྱོང་དང་དུས་ཐུང་དྲིལ་བསྒྲགས་དུས་ཐུང་གྲོས་བསྡུར་བཅས་བྱས་ཏེ” ཞེས་པའི་ཚིག་རིང་བོ་དེ། ཐད་ཀར་“དུས་ཐུང་སྒོས”ཅེས་པའི་འབྲུ་གསུམ་གྱི་ནང་དུ་བསྡུས་ཆོག་ཆོག་ཡིན། དེ་འདྲ་བཅོས་པའི་དབང་དུ་བཏང་ན་གསར་འགྱུར་དེའི་སྲོག་འཛིན་ཁ་བྱང་གི་ཡིག་གྲངས་ཞེ་གཉིས་ནས་ཉེར་བརྒྱད་དུ་བསྐྱུངས་བར་བྱས་ཆོག 
        ཚགས་པར་ཐོག་གི་གསར་འགྱུར་ཁ་བྱང་ནི་ཀློག་པ་པོས་མགྱོགས་མྱུར་སྒོས་གསར་འགྱུར་ནང་དོན་ངོས་འཛིན་བྱེད་རྒྱུ་དང་། གསར་འགྱུར་གྱི་རིན་ཐང་བརྡར་ཤ་ཆོད་པའི་བརྡ་འཕྲིན་དང་པོ་དེ་ཡིན། ཚད་ལྡན་གྱི་ཁ་བྱང་ཞིག་གིས་གསར་འགྱུར་གྱི་བརྗོད་སྙིང་ལེགས་པར་མངོན་པར་མཚོན་པར་བྱེད། འབྲུ་ཉུང་ཞིང་གོ་སླ་བའི་ཚིག་ལ་བརྟེན་ནས་གསར་འགྱུར་རིལ་པོའི་བརྗོད་དོན་མདོར་བསྡུར་སྒོས་བསྟན་གྱིན་ཡོད། ཀློག་པ་པོས་རང་ཉིད་ཀྱི་དགོས་མཁོ་ལ་གཞིར་ནས་གདམ་གསེས་ཡོད་པའི་སྒོ་ནས་གསར་འགྱུར་ཀློག་དུས། ཁ་བྱང་ནི་ནུས་ལྡན་གྱི་ལག་ཆ་གལ་ཆེ་ཞིག་ཏུ་གྱུར་འདུག 
        དེའི་སྟབས་ཀྱིས་གསར་འགྱུར་སྒྲིག་བཟོ་ཁང་དང་གསར་འགོད་པ་བཅས་ལ་མཚོན་ན་གསར་འགྱུར་གྱི་བརྗོད་དོན་གནད་དུ་བཟུང་ནས། ཀློག་པ་པོའི་ཡིད་དབང་འགུག་པའི་ཁ་བྱང་འགོད་ཅི་ཐུབ་བྱ་རྒྱུ་ནི་གཡོལ་དུ་མེད་པའི་འགན་ཁུར་ཡིན། ཁ་བྱང་གིས་ཡིག་འབྲུ་ཉུང་བའི་སྒོས་གསར་འགྱུར་གྱི་བརྗོད་དོན་བསྡུས་ནས་མཚོན་པའི་བྱེད་ནུས་འདོན་སྤེལ་བྱེད་རྒྱུར་གཞོལ་དགོས། 

ལྔ་པ། ཁ་བྱང་དུ་ཡིག་ནོར་བྱུང་བ། 
        སྤྱིར་བཏང་དུ་བཤད་ན། གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་གྲུབ་ཆ་ཆེས་གཙོ་ཆེ་དེ་ཡིན། “ཁ་བྱང་ཀློག་པའི་དུས་རབས”སུ་སླེབས་དུས་ཁ་བྱང་ལེགས་ཉེས་ཀྱིས་ཐད་ཀར་བརྩམས་ཆོས་ཀྱིས་མི་སེམས་འགུག་མིན་ལ་ཤན་ཤུགས་ཐེབས། ཉིན་རེར་ཚགས་པར་ཁང་སོ་སོ་དང་སྨྱན་གཟུགས་སོ་སོ་ནས་ནང་དོན་འདྲ་མིན་གྱི་གསར་འགྱུར་མོད་པོ་སྤེལ་བ་དང་། གལ་ཏེ་གསར་འགྱུར་གྱི་ཆ་འཕྲིན་མི་དེ་བས་མང་པོས་ཤེས་སུ་བཅུག་དགོས་ཚེ། ཁ་བྱང་གི་ཡིད་དབང་འགུག་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། 
        ཀློག་པ་པོས་ཁ་བྱང་སྟེང་ནས་རང་ལ་མཁོ་བའི་ཆ་འཕྲིན་གདམ་ཀ་བྱེད་དུས། གལ་ཏེ་གསར་བྱུང་དོན་དག་གི་གསར་བའི་ཆ་དང་རིན་ཐང་གི་ཆ་རྣམས་ཁ་བྱང་སྟེང་ནས་ལེགས་པར་མངོན་ཏེ། ཁ་བྱང་ལ་ཡིད་འགུག་ནུས་པ་ཆེས་ཆེར་ལྡན་ཚེ། གསར་འགྱུར་གྱི་ནང་དོན་ལ་མུ་མཐུད་ཀློག་འདོན་བྱེད་རྒྱུའི་སྤྲོ་བ་སྐྱེས། གལ་ཏེ་གསར་འགྱུར་ཁ་བྱང་ལ་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་མི་ཐུབ་ཅིང་གསར་འགྱུར་གང་དེ་བེད་མེད་སྙིགས་རོ་ལྟ་བུར་མཐོང་ཚེ། གསར་འགྱུར་གང་དེ་དང་ཚགས་པར་འདོན་ཐེངས་གང་དེ། ཐ་ན་ཚགས་པར་ཁང་གང་དེའི་མིང་ཁ་བརྫད་པའམ་ལ་རྒྱ་ཤོར་བའི་མཇུག་འབྲས་སོགས་ཀྱང་ཐོན་སྲིད། 
        བོད་ཡིག་གི་ཚགས་པར་ནང་དུ་ཡི་གེའི་དག་ཆ་མ་ཐོན་པ། བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པའི་གནད་དོན་མང་པོ་མཆིས། སྤྱིར་བཏང་དུ་བཤད་ན། གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་མིག་ལྟ་བུ་ཡིན་པས་ཁ་བྱང་ནང་དུ་ཡིག་ནོར་དང་གཏག་ནོར་གཏན་ནས་འབྱུང་མི་རིགས་པ་དང་། ཁ་བྱང་གི་ནང་དོན་ལ་དོ་སྣང་བྱེད་དགོས་ལ། དེ་མཐུན་གྱི་རྣམ་དབྱེ་ཚིག་ཕྲད། དུས་གསུམ་དང་དག་ཆ་སོགས་ལ་ཤིན་ཏུ་གཟབ་ནན་བྱེད་དགོས། བོད་ཡིག་གསར་འགྱུར་མང་པོའི་ཁ་བྱང་ལ་ཡིག་ནོར་སོགས་སྐྱོན་གྱི་དྲི་མ་མང་པོ་འགོས་འདུག་ཏེ། དཔེ་ཞིག་དྲངས་ན། ༢༠༡༣ལོའི་ཟླ་༡༢པའི་ཚེས་༢༤ཉིན་ལ་བཏོན་པའི་ཚགས་པར་དུ་བཀོད་པའི་གསར་འགྱུར་ཞིག་གི་ཁ་བྱང་ལ་ནོརའཁྲུལ་ཆེན་པོ་ཞིག་བྱུང་འདུག་སྟེ།《ཉིན་ལྟར་ཕ་ཤ་སྤྱི་རྒྱ་ཁྲི1.8ཁྲོམ་རར་མཁོ་འདོན་བྱེད》ཅེས་པ་ལྟར་བྲིས་འདུག་ལ། དེ་ལྟར་ན་ཉིན་ལྟར་“ཕ་ཤ”སྤྱི་རྒྱ་དེ་འདྲ་ཁྲོམ་རར་མཁོ་འདོན་བྱས་ཞེས་པའི་གསར་འགྱུར་ཞིག་མི་སུས་མཐོང་ཡང་འཇིགས་ཡེར་བ། སྐྲག་སྣང་དང་སྐྱོ་སྣང་སོགས་མི་སྐྱེས་ག་ལ་སྲིད། ནང་དོན་དངོས་ལ་བལྟས་ཚེ། དེ་ནི་“ཕག”གཏགས་ནོར་བྱུང་ནས་“ཕ”ཞེས་པར་བྲིས་ཤེས་མོད། རྩོམ་ཅི་རིགས་ཡིན་ཡང་ཁ་བྱང་མ་ཟད་ནང་དོན་ལ་ཡིག་ནོར་བྱུང་རྒྱུར་ཧ་ཅང་འཛེམ་དགོས་པའི་དོན་ཞིག་དང་ཚང་མས་སུམ་རྟགས་དག་གསུམ་ཡང་དག་ཡོང་རྒྱུར་ཤིན་ཏུ་གཟབ་དགོས། དེ་བས་ཀྱང་གསར་འགྱུར་ནི་རྒས་དར་གཞོན་གསུམ་ཚང་མས་ཀློག་རྒྱུར་དགའ་བས། གལ་ཏེ་ཁ་བྱང་ལ་ནོར་འཁྲུལ་བྱུང་ན་མི་རྣམས་ལ་ཆ་འཕྲིན་རྫུན་མའམ་ཆ་འཕྲིན་གོ་ལོག་ཐེབས་ཉེན་ཡོད། 
        ཁ་བྱང་གི་ནོར་འཁྲུལ་ཐད་དུ་སུམ་རྟགས་དག་གསུམ་གྱི་ནོར་འཛོལ་ལས་གཞན། ད་དུང་ཁ་བྱང་གི་མིང་བརྡ་གཞུང་དངོས་ནང་མེད་པས་ཁ་བྱང་ནང་དུ་བྱུང་བའི་མིང་བརྡ་ནི་ཁུངས་མེད་ལུང་མེད་རྫུན་གཏམ་ལྟ་བུ་ཞིག་ཏུ་གྱུར་བ་ལའང་གོ་ཆོག འདི་ནི་གོང་བཀོད་ཀྱི་སྐྱོན་གཉིས་པ་སྟེ་ཁ་བྱང་དང་ནང་དོན་དངོས་འགལ་བ་དང་འདྲ་བའི་ཆ་བདོག བོད་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེ་ཡིན་སྟབས། སྔོན་རྗེས་ཡང་འཇུག་ཡིག་འབྲུ་རེ་ཙམ་ནོར་བ་དེས་ཀྱང་བརྗོད་བྱའི་དོན་གཞན་ཞིག་སྟོན་སྲིད། དེ་བས་གསར་འགོད་པ་དང་གསར་འགྱུར་ལོ་ཙཱ་བ། ཞུས་དག་པ། རྩོམ་སྒྲིག་པ་སོགས་ཀྱིས་ཁ་བྱང་ཚད་ལྡན་ཡོང་རྒྱུར་འབད་དགོས་ཅིང་། ཁ་བྱང་ལ་ཡིག་ནོར་མི་འབྱུང་བར་ཁག་ཐེག་ཡོད་པ་བྱེད་དགོས། 

སྤྱི་བསྡོམས། 
        གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་ཧྲིལ་བོའི་ཆེས་གལ་ཆེ་བའི་གྲུབ་ཆ་དེ་ཡིན། དེས་ཚིག་ཐུང་ཞིང་དོན་གསལ་བའི་སྒོ་ནས་གསར་འགྱུར་གྱི་བརྗོད་དོན་ལེགས་པར་མཚོན་ལ། གསར་འགྱུར་ལ་དཔྱད་གཏམ་བརྗོད་པ་དང་ཀློག་པ་པོའི་ཡིད་དབང་འཕྲོག་པ་བཅས་ཀྱི་བྱེད་ནུས་དུ་མ་ལྡན། གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་དོན་དངོས་ལ་རྐང་བཙུགས་པ། འབྲུ་ཉུང་ཞིང་གོ་བདེ་བ། བསྟན་དོན་གསལ་བ་སོགས་ཡིན་གཅིག་ཡོང་དགོས། 
        བོད་ཡིག་གསར་འགྱུར་ཁ་བྱང་ལ་སྐྱོན་དང་གནད་དོན་རབ་དང་རིམ་པ་ཞིག་སྣང་སྟེ། གཅིག་ནས་ཁ་བྱང་གི་བརྗོད་དོན་མི་གསལ་བ། གཉིས་ནས་ཁ་བྱང་དང་ནང་དོན་དངོས་འགལ་བ། གསུམ་ནས་ཁ་བྱང་གི་ནང་དོན་གོ་དཀའ་བ། དེ་བཞིན་དུ་ཁ་བྱང་རིང་དྲགས་པ་དང་ཁ་བྱང་དུ་ཡིག་ནོར་གཏགས་ནོར་བྱུང་བ་སོགས་ལྷད་མང་པོ་ཞིག་ཞུགས་འདུག རྩོམ་འདིར་གསར་འགྱུར་གྱི་ཁ་བྱང་གི་ཁྱད་ཆོས་དང་བྱེད་ནུས་སོགས་རིགས་པའི་གཞུང་ལུགས་དང་འབྲེལ་ནས། 《བོད་ལྗོངས་ཉིན་རེའི་ཚགས་པར》སྟེང་གི་གསར་འགྱུར་གཞིར་བཟུང་སྟེ། བོད་ཡིག་གསར་འགྱུར་གྱི་ཁ་བྱང་གི་སྐྱོན་ལྔ་པོ་ལ་དབྱེ་ཞིབ་བྱས་ཡོད། མཐར་བོད་ཡིག་གི་གསར་འགྱུར་ལས་རིགས་ལ་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་ལམ་སྙིང་ནས་འདེབས་སོ༎

  ཟུར་བཀོད། དཔྱད་གཞིའི་ཡིག་ཆ། 
   གཅིག བོད་ཡིག་གི་དཔྱད་ཞིབ་ཡིག་ཆ། 

[1]ཚེ་རིང་རྡོ་རྗེ། 《གསར་འགྱུར་གྱི་སྐྱོན་སེལ་ཞོགས་པའི་སྐྱ་རེངས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༢་པར། 
[2]རྡོ་དཀར་བཀྲ་ཤིས་ཚེ་རིང་། 《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་བསྐྲུན་ཁང་། ༢༠༠༦ལོའི་ཟླ་དང་པོར། 
  གཉིས། རྒྱ་ཡིག་གི་དཔྱད་ཞིབ་ཡིག་ཆ། 

[1]若文著:《新闻编辑能力训练教程》,上海,复旦大学出版社,2006年3月。 
[2]王兆国著:《浅谈新闻标题》,新闻研究导刊,2014年8月,第5卷第9期。 
[3]钱 亨著:《浅析报纸新闻标题的功能及制作要求》,新闻传播, 2018年6月23日。 
[4]姜国良著:《如何写好新闻标题》,新闻传播,2017年2月8日。 
[5]许梦著:《浅析“读题时代”背景下如何做好报纸新闻标题》,新闻研究导刊,2017年10月10日。 
[6]艳梅著:《新闻标题制作常见的问题和对策研究》,新闻传播,2013年3月15日。 
[7] 李瑞著:《我国新闻报道标题写作问题及对策》,现代交际,2012年8月23日。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1