༄༅།། གསེར་ཧོར་ཤུལ་ཞེས་པའི་ས་མིང་ཐོགས་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-30




   གསེར་ཧོར་ཤུལ་ཞེས་པའི་ས་མིང་ཐོགས་ཚུལ།

     དེ་ཡང་ཧོར་ཤུལ་ཞེས་པ་ནི་དེང་གི་ཧོལ་ཤུལ་དགོན་ཆགས་ཡུལ་གྱི་ལུང་པ་གཡས་གཡོན་གཉིས་ལ་བྱ་ཞིང་། ཧོར་ཤུལ་དགོན་ཞེས་པའང་ས་མིང་དགོན་ལ་ཐོགས་པ་ཡིན། མིང་དེ་ཅི་ལྟར་ཐོགས་དོན་ནི་མིག་སྔར་གཅིག་མཐུན་གྱི་འདི་རེད་ཅེས་གནད་ལ་ཁེལ་ཞིང་ཡིད་རྟོན་འཕེར་བ་ཞིག་སུས་ཀྱང་བཤད་མེད་ལ། སྔོན་གྱི་ཡིག་ཆ་སོགས་སུ་མི་གསལ་བ་དང་ལྷག་དོན་རང་ཡུལ་གྱི་རྒན་པོ་རྣམས་ལའང་རྒྱུས་ཙམ་མེད་པའི་ཚད་དུ་སླེབས་པས། ས་མིང་འདི་བསེད་གྲོལ་བྱེད་པར་འོལ་ཚོད་ཀྱིས་མི་འོང་ཞིང་ལོ་རྒྱུས་དངོས་དང་བསྟུན་ནས་བཤད་པ་ཤིན་ཏུ་གལ་ཆེ། དེས་ན་སྤྱིར་ཧོར་ཤུལ་ཞེས་པའི་ཧོར་འདི་འཇུག་ཡུལ་དུ་མ་ཞིག་ཡོད་ཏེ། ཧོར་ཞེས་སྤྱི་མིང་དུ་འབོད་སྐབས་གནའ་བོའི་གྲུ་གུ་དང་ནེ་སྨལ་དེང་གི་ཞིན་ཅང་མི་རིགས་ཀྱི་ཡབ་མེས(胡)རྣམས་ལ་གོ་བ་གཅིག་དང་། བོད་ཀྱི་དམངས་ཁྲོད་རྩོམ་རིག་གེ་སར་རྒྱལ་པོའི་སྒྲུང་ནང་དུ་བྱུང་བའི་ཧོར་གླིང་གཡུལ་འགྱེད་ཅེས་པའི་ཧོར་དེར་གོ་བ་གཉིས་དང་།  བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་མགར་སྟོང་བཙན་ཡུལ་བཟུང་རྒྱ་བཟའ་ཀོང་ཇོ་སློང་བའི་གཉེ་བོར་ཆས་དུས་སུ། ཕྱོགས་བཞིའི་རྒྱལ་ཁབ་ཀྱི་ཕོ་ཉའི་གྲས་ན་བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ་ཞེས་པའི་ཧོར་བྱ་བ་དེར་གོ་བ་གསུམ་དང་། པདྨ་བཀའ་ཐང་ལས། སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་། ཞེས་སོག་པོ་ཇིན་གུར་བའི་དམག་དང་ཕྱིས་ཀྱི་ལོ་རྒྱུས་ལྔ་པ་ཆེན་མོའི་དེབ་ཐེར་སོགས་སུ་བྱུང་བའི་གུ་ཤྲི་ཧན་བསྟན་འཛིན་སྐོར་གྱི་སོག་པོ་ལ་གོ་བ་བཞི་སོགས་མང་དུ་ཡོད་པས། ཧོར་ཤུལ་ཞེས་པའི་མིང་འདི་ཐོགས་ཚུལ་ལའང་རྟ་མོག་མོག་གི་སྤུ་ལྟ་བུའི་བཤད་ཚུལ་སྣ་ཚོགས་ཤིག་ངང་གིས་འབྱུང་ཡོང་བ་སྨྲོས་མི་དགོས་མོད། ཞིབ་ཀྱིས་བསམ་ཞིང་ལེབ་ཀྱིས་བལྟས་ན་ལོ་རྒྱུས་དངོས་དང་ར་འཕྲོད་པ་ནི་ཕྱིས་ཀྱི་ལྔ་བ་ཆེན་པོ་སྐབས་ཀྱི་ཧོར་སོག་དེ་ཡིན་པས། རང་ལུགས་ནི་བཤད་སྟངས་རྗེས་མ་སྟེ་ཧོར་ཤུལ་ཞེས་པའི་ཧོར་དེ་སོག་པོའི་མི་རིགས་ལ་གོ་ཞིང་ཧོར་ཤུལ་ཞེས་པ་ནི་ཧོར་གུ་ཤྲི་ཧན་བསྟན་འཛིན་གྱི་དམག་བརྒྱུད་ཤུལ་དུ་བཀྲལ་ཏེ་ཅུང་ཟད་བསྙད་པར་འདོད།

      དེ་ཡང་ཐོག་མར་ས་མིང་འདི་ཐོགས་ཚུལ་ལ་སྤྲོ་བ་འཕེལ་ཆེད་དང་ལོ་རྒྱུས་ཀྱི་གནད་ཁྲོལ་བར་རམ་འདེགས་ཡོང་སླད་དུ། བོད་སོག་བར་གྱི་འབྲེལ་བ་ཉུང་ངུ་ཞིག་ཚིག་ཚོགས་ཡང་མོའི་ལམ་ནས་བརྗོད་ན། བོད་ཀྱི་ལོ་རྒྱུས་སྟེང་གཞུང་ས་དགའ་ལྡན་ཕོ་བྲང་ཞེས་གངས་ལྗོངས་ཆེན་པོ་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་གྱུར་བའི་སྲིད་དབང་དེ་ཚུགས་མ་ཐག་པའི་སྐབས་སུ། གཙང་པ་སྡེ་སྲིད་ཡབ་སྲས་ཀྱིས་རང་གི་སྲིད་དབང་མཐར་སྐྱོང་གི་བསམ་བློའི་ཆབ་སྲིད་ཀྱི་དབང་གིས་སྟོབས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་དགེ་ལུགས་པའི་ཁ་གཏད་དུ་ལངས་ཏེ། མཚོ་སྔོན་དུ་འཁྱམས་པའི་ཧལ་ཧེའི་ཆོག་ཐུ་རྒྱལ་པོ་དཔུང་རོགས་སུ་བརྟེན་ནས། དགེ་ལུགས་པའི་ལག་ནས་སྲིད་དབང་འཕྲོག་འདོད་ཀྱི་བསམ་སྦྱོར་སྤེལ་ཏེ་ཐོག་མར་མཚོ་སྔོན་དང་ཁམས་ཕྱོགས་སུ་ཡོད་པའི་དགེ་ལུགས་པའི་དགོན་སྡེ་མང་པོ་བཅོམ་བརླག་བྱེད་པའི་སྦྱོར་བ་བཤམས་ཚེ། རི་བོ་དགེ་ལུགས་པའི་མཐོ་རིམ་མི་སྣ་པཎ་ཆེན་སྐུ་ཕྲེང་བཞི་པ་དང་རྒྱལ་དབང་ལྔ་པའི་ཕྱག་མཛོད་བསོད་ནམས་རབ་བསྟན་གཉིས་གྲོས་མཆིད་ནས་སྐབས་དེར་ཞིན་ཅང་དུ་ཡོད་པའི་ཨོ་རོད་ཚོ་བཞིའི་ཡ་གྱལ་ཧུ་ཤོག་ཐུ་ཚོ་བའི་མགོ་དཔོན་གུ་ཤྲི་ཧན་ལ་རྒྱབ་རྟེན་བཅོལ་བ་དང་། གུ་ཤྲི་ཧན་གྱིས་ཀྱང་དཔུང་རོགས་བཏེགས་ནས་ཐོག་མར་མཚོ་སྔོན་ནས་ཆོག་ཐུའི་རུ་སྡེ་བཅོམ་ཞིང་། ཁམས་ཀྱི་བེ་རི་ཐུའུ་སུ་དོན་ཡོད་རྡོ་རྗེས་གཙང་པ་སྡེ་སྲིད་ལ་འཕྲིན་བསྐུར་ཏེ་འབྲུག་གི་ལོ་བར་དུ་རང་རེས་ཚོས་རང་ས་ནས་དོན་འགྲུབ་པ་བྱེད། འབྲུག་ལོ་དབུས་སུ་འཛོམས་སྟེ། ཇོ་བོ་ཟེར་བ་ཆུ་ལ་བསྐུར། སེ་འབྲས་དགེ་གསུམ་བཤིགས་ནས། བན་བོན་གང་འོས་ཤིག་བསྟེན་ཟེར་བ། གུ་ཤྲི་ཧན་གྱིས་གསན་ནས་གོམ་གང་མདུན་སྤོས་ཀྱིས་དེང་གི་དཀར་མཛེས་ཁུལ་བརྒྱུད་ནས་བར་ཁམས་ཡུལ་ཀྱི་བེ་རི་རྒྱལ་པོ་འཁོར་དང་བཅས་པ་རྨག་མེད་དུ་བརླགས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》འི་ནང་དུ་ཡང“སྤྱི་ལོ༡༦༣༩ལོར་བོད་ས་ཡོས་ལོར་གོ་ཤྲི་ཁང་གིས་དཔུང་ཆེན་མཚོ་སྔོན་ནས་བཏེགས་ཏེ་བར་ཁམས་སུ་ཡོད་པའི་གཙང་པ་སྡེ་པའི་མཐུན་ཕྱོགས་བེ་རི་ཚོ་པའི་ཐོག་ཏུ་དཔུང་འཇུག་གནང་སྟེ་ལོ་གཅིག་ཙམ་རིང་གཡུལ་འགྱེད་པ་བརྒྱུད་སྡེ་དགེ་དང་། དཀར་མཛེས། སྨར་ཁམས། འདན་ཁོག  དཔལ་ཡུལ། སེར་ཤུལ་སོགས་དྲགས་ཤུགས་ཀྱིས་བླངས་ཏེ་བེ་རི་འགོ་པ་དོན་ཡོད་རྡོ་རྗེ་རྗེས་འབྲང་དང་བཅས་པ་ཚར་བཅད།” ཅེས་པ་ལྟར་རོ། །

     དེ་ལྟར་སོག་རྒྱལ་གུ་ཤྲི་ཧན་གྱིས་རང་གི་མགོ་ལུས་སྲོག་གསུམ་རི་བོ་དགེ་ལྡན་པའི་ཆོས་རྒྱུད་ལ་ཡོངས་སུ་ཕུལ་ཞིང་གཞུང་ས་དགའ་ལྡན་སྲིད་དབང་ཡང་སོག་དཔོན་གུ་ཤྲི་བའི་དཔུང་རོགས་ལ་བརྟེན་ནས་ཚུགས་ཐུབ་པ་བྱུང་མོད།  དམག་འཁྲུག་གི་རྒྱལ་ཁ་ནི་རྣམ་པ་ཀུན་ཏུ་ཁྲག་གི་རྒྱ་མཚོ་བསྲིབས་པ་ལས་བྱུང་བ་ཡིན་པས། གུ་ཤྲི་ཧན་བསྟན་འཛིན་གྱིས་དགེ་ལྡན་པའི་གྲུབ་མཐའ་ལ་མཐུན་རྐྱེན་བསྐྲུན་པའི་ཞོར་དུ་མདོ་ཁམས་ཡུལ་ཀྱི་བན་བོན་གྱི་དགོན་པ་མང་པོ་ཞིག་དམར་པོ་ཁྲག་གི་དུར་ས་རུ་བསྒྱུར་བ་ལོ་རྒྱུས་ཀྱིས་གྲུབ་བོ།།  དེས་ན་ང་ཚོའི་གསེར་རྟའི་ས་ཆ་འདིར་གུ་ཤྲི་ཧན་གྱི་དམག་ཐོན་མྱོང་ཡོད་པ་ལོ་རྒྱུས་ཡིག་ཆ་གྲགས་ཅན་དུ་དངོས་སུ་མ་མཐོང་མོད། རང་ཡུལ་གྱི་དགོན་སྡེ་ཁ་ཤས་ཀྱི་ལོ་རྒྱུས་དང་། རྒན་པོ་རྣམས་ཀྱི་ངག་རྒྱུན་དག་ཆ་གཅིག་ཏུ་བསྡེབས་ན་ཧ་ལམ་གྱི་ལྐོག་ཏུ་མ་གྱུར་བར་གསལ་བོ་ཤེས་ཐུབ། 《དཀར་མཛེས་ཁུལ་གྱི་དགོན་སྡེའི་ལོ་རྒྱུས་ཕྱོགས་བསྡུས།》ནང་དུ་ཧོར་ཤུལ་གྱི་སྟོད་རྒྱུད་ཨ་སྐྱབས་མཁན་ལེབ་དགོན་པའི་ལོ་རྒྱུས་འབྲི་སྐབས། དགོན་པ་འདི་ཐོག་མར་འགྲོ་མགོན་ཆོས་ཀྱི་འབྱུང་གནས་ཀྱིས་བླ་མས་ཐུགས་བཀོད་ལྟར་གནས་དེའི་ལྷོ་ལྕགས་མོ་བྲག་དཀར་ཞེས་པའི་ལྷོ་ཕྱོགས་སུ་བཏབ། ཐོག་མར་བཀའ་བརྒྱུད་པ་ཡིན། དེའི་སློབ་མ་ཀརྨ་ངེས་དོན་བསྟན་འཛིན་བླ་རབས་ཀྱིས་བསྐྱངས། རབ་བྱུང་བརྒྱད་པའི་མགོ་ཙམ་ལ་ཟླ་བ་རྒྱལ་མཚན་བྱ་བས་ཨ་ཡག་ཤྭཀྱ་རྒྱལ་མཚན་གྱི་སྡེ་ཁྲོད་དུ་སྤོས། བླ་རབས་དང་དཔོན་རབས་བདུན་གྱིས་བསྐྱངས། བོད་རབ་བྱུང་བཅུ་གཉིས་པའི་ནང་ལ་སོག་པོའི་དམག་ལྷ་སར་བརྒྱུད་པའི་ལམ་ཞོར་དུ་ཁེལ་བས་དགོན་པ་འདིའི་རྟེན་དང་བརྟེན་པར་གཏོར་བརླག་ཚབས་ཆེན་ཐེབས་ཏེ། ཡུལ་དགོན་གཉིས་ཀ་བྲོས་བྱོལ་དུ་འགྲོ་དགོས་བྱུང་སོང་། ཞེས་བྲིས་པ་དང་། ཧོར་ཤུལ་གྱི་སྨད་རྒྱུད་དང་འདབས་འབྲེལ་དུ་ཆགས་པ་ཤོ་རབ་དང་ཡང་འོའི་ཕྱོགས་ཀྱི་ཉུག་གི་གདོང་དེར་ཡང་སྔོན་ཉུག་དགོན་ཞེས་བོན་པོའི་དགོན་པ་ཞིག་ཡོད་པར་ཧོར་དམག་གློ་བུར་དུ་ཐོན་ཞིང་དགོན་པ་དེའི་བླ་གྲྭ་མ་ལུས་འདུ་ཁང་གི་ནང་དུ་བཙུད་ནས་སྐད་ཅིག་ཙམ་ལ་ཐལ་བ་རྡུལ་དུ་བརླག་པའི་སྦྱོར་བ་བརྩམས་ཚེ། བླ་མ་གཡུང་དག་ཟེར་བ་ཞིག་དགོན་པའི་འདུ་ཁང་གི་རྒྱང་མཐོང་ཁ་ནས་བར་སྣང་དུ་འཕུར་སོང་། བླ་མ་གཞན་ཞིག་ཀྱང་འདུ་ཁང་གི་ནང་ནས་རིངས་སྟབས་ཀྱིས་ཕར་འཕུར་ཚུར་འཕུར་བྱས་མོད། འཇིགས་སུ་རུང་བའི་ཧོར་དམག་གིས་གྲི་མཚོན་གྱིས་བསྣད་ནས་ཕྱི་མའི་གཟིགས་མོར་བཏང་སོང་། རྗེས་སུ་ཡུལ་དེའི་མི་རྣམས་ཀྱིས་ཁོང་རྣམ་གཉིས་ལ་འཕུར་ཆེན་འཕུར་ཆུང་ཞེས་ངག་རྒྱུན་དུ་འབྱམས་སུ་ཀླས་ཤིང་། ད་ཡོད་ཀྱི་རྒན་པོ་རྣམས་ཀྱི་ངག་ནས་ཀྱང་དེ་ལྟར་གཅིག་མཐུན་དུ་བཤད། དེ་བཞིན་གསེར་ཁོག་གི་ཡུལ་འདི་ནས་སྐབས་དེའི་སོག་དམག་གྱི་དམག་དཔོན་ཞིག་རྐྱེན་ལམ་དུ་ཤོར་ནས། དམག་དཔོན་དེའི་ཐམ་ཀ་དཀྱིལ་སྔོན་དགོན་གྱི་བླ་མ་ཞིག་ལ་བསྔོ་རྟེན་དུ་ཕུལ་བ་ད་ལྟ་ད་དུང་ཉར་ཚགས་བྱས་ཡོད། ད་དུང་གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་སྦོ་སྒང་དུའང་སྔོན་སྦོ་དགོན་ཞེས་བོན་པོའི་དགོན་ཆེན་ཞིག་ཡོད་པ་དེར་ཡང་ཧོར་དམག་ཐོན་ནས་རྗེས་ཤུལ་ཙམ་ཡང་མ་བཞག་པར་བརླགས་སོང་ལ། སྐབས་དེའི་མི་རྣམས་ཀྱིས་སོག་དམག་འགོག་བྱེད་དུ་ཆགས་ར་དང་ས་དུང་ཆེན་པོ་བརྐོས་པ་སོགས་ད་ལྟའི་མིའི་ཤ་མིག་གི་སྤྱོད་ཡུལ་དུ་འགྱུར་ཐུབ།

     དེ་ལྟར་ན་ཧོར་ཤུལ་གྱི་སྟོད་སྨད་གཉིས་ལ་ཧོར་དམག་ཐོན་མྱོང་བ་མ་ཟད་དགོན་པ་ཁ་ཤས་ལའང་གཏོར་བརླག་ཐེབས་གཤིས། ཧོར་ཤུལ་འདི་ཡང་སྐབས་དེའི་ཧོར་དམག་གི་བརྒྱུད་ལམ་ཞིག་ཏུ་ཁེལ་ཡོད་པས་ཕྱིས་ཀྱི་མི་རྣམས་ཀྱིས་ཧོར་གྱི་བརྒྱུད་ཤུལ་ཞེས་པ་བསྡུས་ཏེ་ཧོར་ཤུལ་བོས་པ་རྒྱུན་འབྱམས་སུ་སོང་བར་སྙམ། གུ་ཤྲིར་ཧན་གྱི་དམག་ལ་ཕྱོགས་ཁག་དུ་མ་ཞིག་ཡོད་པ་ལས་གསེར་རྟའི་ས་ཆ་འདིར་ཟིང་འཁྲུག་སློང་མཁན་ནི་ཧོར་བྱ་ཁྱུང་རྒྱལ་པོའམ་གོ་ཝི་ཏན་དེ་ཡིན་པར་གྲགས། གོ་ཝི་ཏན་གྱིས་གསེར་རྟའི་ས་ཆ་ལ་ཟིང་འཁྲུག་མི་ཉུང་བ་ཞིག་བསླངས་མཐར་ལི་རྩང་ཆུ་བཞིའི་ཕྱོགས་སུ་བསྐྱོད་ཀྱང་། གཙང་གི་དམེ་ཐང་ཟེར་བའི་ས་ཆ་ལ་ཐོན་དུས། ཝ་ཤུལ་གོས་ནག་མས་དམག་དཔོན་བྱས་ཏེ་གཙང་དམག་བསྡུས་ནས་སྒེགས་ཁོག་དང་། རྒྱུ་ཁོ་གཙང་རོང་ཁོག་རྣམས་སུ་དམག་འཁྲུག་རླུང་དམར་འཚུབ་པ་ལྟ་བུ་བྱུང་། ཝ་ཤུལ་གོས་ནག་མའི་སོག་པོའི་དཔོན་པོ་བྱ་ཁྱུང་རྒྱལ་པོ་བསད་པའི་དཔའ་རྟགས་སུ་དགྲ་ལག་བཅད་དེ་མགོན་ཁང་གི་སྒོར་བཏགས། མི་རྟའི་བམ་ཐང་བཀྲམ། ཁྲག་གི་རྫིང་བུ་འཁྱིལ། དེང་སང་ཡང་གཙང་གི་རྒྱུ་རེ་ལབ་ཙེ་དང་། དམེ་ཐང་ཟེར་བའི་ས་མིང་ཐོག་དོན་དེ་ནས་བྱུང་ངོ་ཟེར་བ་གཙང་སྨད་ཀྱི་ལོ་རྒྱུས་ཨུཏྤལ་གཞོན་ནུའི་མགུལ་རྒྱན་ལས་བྱུང་ཞིང་། ཧོར་བྱ་ཁྱུང་རྒྱལ་པོ་གོ་ཝི་ཏན་གྱི་མཁར་རྔ་འཕར་བརྒྱ་མ་ཞེས་པ་དེང་གི་ལྷ་རྩེ་དགོན་པ་རུ་ཡོད་པ་ལྷ་རྩེ་སྐྱབས་མགོན་གྱི་གསུང་འབུམ་དུ་གསལ།

    ཡང་མནོག་ཆུང་འོལ་ཚོད་ཀྱིས་བཤད་པ་ལ་དགའ་བ་ཁ་ཅིག་གིས་ཧོར་ཤུལ་ནི་གླིང་སྒྲུང་ཁྲོད་ཀྱི་ཧོར་གླིང་གཡུལ་འགྱེད་ཀྱི་མགོ་བཙུགས་ས་ཡིན་པ་དང་། གནས་འདིར་ཧོར་སྟེ་སོག་པོའི་མི་རིགས་ཀྱི་གྲིབ་མ་ཙམ་ཡང་འགོམས་མ་མྱོང་བར་བཤད་མོད། དེ་ནི་གྱི་ན་ཙམ་ལས་ཤིན་ཏུ་དོན་ལ་མ་གནས་པའོ།། རྒྱུ་མཚན་གླིང་སྒྲུང་གི་ངོས་ཐད་ནས་བཤད་ནའང་དེང་གི་ཧོར་ཤུལ་གྱི་ཡུལ་འདི་ནི་གླིང་གི་ཆེ་རྒྱུད་དཔོན་པོ་གསེར་བའི་ཉི་འབུམ་དར་ཡག་གི་ལས་བཞི་འཕྲིན་ལས་སྤེལ་སའི་གནས་ཡིན་ལ། ཧོར་གླིང་གཡུལ་འགྱེད་ཀྱི་དབུ་ནས་ཞབས་སུ་ཧོར་གུར་དཀར་དང་ཆེ་རྒྱུད་དཔོན་པོ་གསེར་བའི་ཉི་འབུམ་དར་ཡག་གཉིས་གཡུལ་བགྱེས་པའི་ཟུར་ཙམ་ཡང་བྱུང་མེད་ལ། ཧོར་གླིང་གཡུལ་འགྱེད་དུ་བྱུང་བའི་ཨ་ཕྱི་དུག་ཐང་ཟེར་བ་དེ་ཡང་གནས་འདི་ན་མེད་དོ།། རིག་པའི་གཞུང་ལུགས་ཀྱི་གཤལ་དུ་བཀྲམ་ནའང་ཧོར་གླིང་གཡུལ་འགྱེད་ཅེས་པའི་ཧོར་ནི་སྒ་འ་ཞ་ཞེས་པ་དེར་གོ་ལ། ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ་གཙོར་གྱུར་བའི་བོད་རིག་པ་སྨྲ་བ་རྣམས་ཀྱིས་ཀྱང་ཧོར་གླིང་གཡུལ་འགྱེད་ནི་མང་སྲོང་སྐབས་འ་ཞ་དང་འཐབ་པའི་གཡུལ་དེར་ངོས་འཛིན་གྱིན་ཡོད། དེས་ན་སྔོན་དུས་ཀྱི་སྒ་འ་ཞའི་ཡུལ་ནི་མདོ་སྨད་ཀྱི་ཅོ་ནེ་དང་ཐེ་བོའི་ཡུལ་ཡིན་པ་ལས་གནས་འདི་མིན་པས་རྗེས་སུ་བྱུང་རྒྱལ་ལ་མ་བརྟག་པའི་གཏམ་ཉོག་དེ་དག་སྨྲ་བར་བག་ཟོན་བྱ་བར་རིགས།  གཞན་སོག་དམག་ཀྱང་གནས་འདིར་ཡོང་མྱོང་ཡོད་དེ་གུ་ཤྲི་ཧན་བསྟན་འཛིན་གྱི་སྐབས་སུ་གསེར་རྟའི་ཕྱོགས་ཀྱི་ཡུལ་དགོན་དུ་མ་ཞིག་ལ་སོག་དམག་གིས་འཇིགས་པ་བྱུང་ཡོད་ལ། དཔེར་ན་གོང་སྨྲོས་ཀྱི་གསེར་རྟའི་ཡུལ་གྱི་སྦོ་མདའ་དང་ཤོ་རབ། མཁན་ལེབ་སོགས་ཀྱི་དགོན་པ་ལ་ཧོར་དམག་གིས་གཏོར་སྐྱོན་ཐེབས་པ་ལྟ་བུ་དང་། དེ་ལས་ཀྱང་གོ་སྐོན་བློ་འགུག་ལྡན་པ་ནི་སྔོན་གསེར་ཡུལ་ལ་དབལ་ཤུལ་མ་ཐོན་པའི་སྐབས་སུ་སོག་པོ་ཐར་ཐོར་ཡོད་རབས་དང་། ད་ལྟའི་ས་མིང་འགའ་ལའང་ཧར་ཆེན་དང་ཏ་ཟི། ཧོར་ཆེན། ཧོར་དགེ། ཧོར་ལུང་སོགས་ཡོད་པ། ཡུལ་སྡེའི་ནང་གི་རུས་སྐོར་ལའང་སོག་པོ། སོག་རུ། སོག་དཀར་སོགས་ཡོད་པས་མཚོན་ཐུབ།

    གཞན་ཤེས་དགོས་པ་ཞིག་ལ་གསེར་རྟའི་ཡུལ་འདིར་ཧོར་གྱི་དམག་བརྒྱུད་པ་ཙམ་ལས་ས་བཟུང་པ་དང་སྲིད་དབང་བཙུགས་པ་སོགས་གང་ཡང་བྱས་མེད་པ་དེ་དང་། གསེར་རྟ་དང་ཁད་མི་རིང་བའི་ཡུལ་ཕྱོགས་མང་པོ་ཞིག་ལ་ས་སྐྱ་པའི་རིང་ནས་ཧོར་གྱི་མི་ཐར་ཐོར་རེ་ལན་གཉིས་སམ་གསུམ་དུ་ཡོང་མྱོང་ཡོད་མོད། དེ་དག་ནི་གནས་སྐབས་ཀྱི་འགྲུལ་བཞུད་པ་ཙམ་ཡིན་པ་ལས་ཡུལ་ཕྱོགས་འདིར་ཤུགས་རྐྱེན་དེ་ཙམ་མེད། རྗེས་ཀྱི་དགའ་ལྡན་སྲིད་དབང་སྐབས་ཀྱི་ཧོར་གུ་ཤྲི་ཧན་གྱི་དམག་ནི་ཡུལ་ཕྱོགས་འདིར་སྡོད་ཡུན་ཆེས་རིང་ཤོས་དང་། ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་ཤོས་དང་རྙོག་དྲ་སློང་བ་ཆེས་མང་བ་དེ་རེད། དེའི་རྒྱུ་མཚན་གྱིས་འདིར་དམིགས་ཀྱིས་གུ་ཤྲི་ཧན་གྱི་དམག་གི་བརྒྱུད་ཤུལ་རེད་ཟེར་དགོས་དོན་ཡང་དེ་ཡིན་ཞིང་དེ་ཡི་གོང་དུ་དེང་གི་ཧོར་ཤུལ་དགོན་ལ་ཧོར་ཤུལ་དགོན་ཞེས་མི་འབོད་པར་ཆུང་ཡོས་དགོན་ཞེས་འབོད་ལ། སྔོན་གྱི་ལུང་བསྟན་སོགས་ཀྱི་ནང་དུ། ཆུང་ཡོས་དགོན་ལ་ཨོ་རྒྱན་སྤྲུལ་བ་འབྱུང་། ། ཞེས་སོགས་གསལ་བས་སོ། ། ཡང་རྒྱ་ཡིག་གི《ཏྰ་ལའི་བླ་མའི་རྣམ་ཐར།》ཞེས་པའི་ནང“༡༦༣༩ལོར་གུ་ཤྲི་ཧན་གྱིས་ཡང་དམག་ཁྲིད་དེ་ཁམས་ཀྱི་དཀར་མཛེས་རྒྱུད་ལ་ཕར་རྒོལ་བྱས་ཏེ་བེ་རིའི་ཐུའུ་སུ་དོན་ཡོད་རྡོ་རྗེ་ཚར་གཅོད་བྱས་ཐོག་དེང་སང་གི་སྡེ་དགེ་དང་། དཀར་མཛེས། སྨར་ཁམས། འདན་ཁོག དཔལ་ཡུལ། སེར་ཤུལ་རྣམས་ཀྱི་ས་ཆ་བཟུང་སྟེ་རང་གི་མངའ་འོག་གི་མི་བཏང་ནས་ཡུལ་དེར་དབང་སྒྱུར་དང་ལོ་ལྟར་དཔྱ་ཁྲལ་བསྡུ་ལེན་བྱེད་དུ་བཅུག་པ་རེད།” ཞེས་པ་ལྟར་གུ་ཤྲི་ཧན་གྱི་དམག(འདིར་བརྗོད་པའི་གུ་ཤྲི་ཧན་གྱི་དམག་ཅེས་པ་ནི་སྐབས་དེའི་གུ་ཤྲི་ཧན་གྱི་མངའ་འོག་གི་མི་དང་དེ་ལས་མཆེད་པའི་གུ་ཤྲི་ཧན་དང་འབྲེལ་ཡོད་ཀྱི་ཕྱིས་སུ་ཁམས་ཕྱོགས་སུ་ལུས་པའི་ཧོར་གྱི་མི་རྣམས་ལ་གོ་དགོས། དབལ་མིང་པཎྡི་ཏས་བརྩམས་པའི་རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པ་འཇུག་པའི་འབབ་སྟེགས་སུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ལ་སྲས་བཅུ་ཡོད་པ་ལས། ཆེ་བ་ནི་ཚེ་རིང་ཡེལ་དུ་ཆི་ཡིན་ལ། ཚེ་རིང་ཡེལ་དུ་ཆིའི་སྲས་མཁའ་འགྲོ་བློ་བཟང་བསྟན་སྐྱོང་དཔའ་རྩལ་ཤིན་ཏུ་ཆེ་བས། སྨྲ་ཁམས་ཕྱོགས་སུ་དམག་དཔུང་བཏེགས་ཏེ་མདོ་ཁམས་སྒང་དྲུག་ཐམས་ཅད་དང་། ཤར་དར་རྩེ་མདོ་ཚུན་ཆད་དབང་དུ་བསྡུས། འཇང་ས་ཐམ་རྒྱལ་པོའི་སྟེང་དུ་དམག་དྲངས། ཞེས་བརྗོད་ཡོད་མོད། དེ་དག་ནི་ཡིག་ཚོགས་ལྕི་བ་ལ་དོགས་པས་བྱེ་བྲག་ཏུ་མ་བཤད་པ་ལས། ཐམས་ཅད་གོང་སྨྲོས་ཀྱི་གཏམ་གྱི་ནང་དུ་འདུས་ཤིང་། ཇི་སྐད་དུ། ཡན་ལག་དེ་དག་དེ་ཡིས་འཐུ། གསུངས་པ་ལྟར་རོ།།)ནི་ཡུལ་ཕྱོགས་འདིར་སྡོད་ཡུན་ཆེས་རིང་ཤོས་དང་ཟིང་འཁྲུག་བསླངས་ཚད་མང་ཤོས་དེ་ཡིན། ལྷག་ཏུ་གུ་ཤྲི་ཧན་གྱི་དམག་ཁག་སྔོན་མ་དག་གིས་ཁམས་ཀྱི་བེ་རི་རྒྱལ་པོ་རྨག་མེད་དུ་བཏང་རྗེས་ཤར་མར་གཙང་པ་ཡབ་སྲས་ལ་དམག་སྣ་མ་དྲངས་པར་དེང་གི་རྟའུ་ཁང་སར་དུ་ལོ་གསུམ་ལ་དམག་སྦས་བྱས་ཟེར་བ་དེ་དང་། ཧོར་བྱ་ཁྱུང་རྒྱལ་པོ་གཙང་གི་ས་ནས་ཕམ་པར་བྱས་ཤིང་། སོག་དམག་ཀྱང་ལོ་བཅུ་གཉིས་ལྷག་བར་དུ་ཚ་སྐུའི་འགོ་ཐོག་དང་། གཙང་གི་ར་ཧོར་ཁ་མདོ། ཀ་འཛོང་ཁ་མདོ་སོགས་ལ་ཆགས་བཏབས་ནས་བསྡད་པ་ཚངས་པས་བྲིས་པའི་ཝ་ཤུལ་གཙང་སྟོད་ཚང་གི་བྱུང་རིམ་ལོ་རྒྱུས་རགས་བསྡུས་གཙང་ཐང་སྦྲང་མའི་གླུ་དབྱངས་ཞེས་པ་རུ་གསལ་པས། དེ་ལྟར་ན་སྐབས་དེའི་ཉེ་འཁོར་གྱི་ཡུལ་ལུང་མང་པོ་ཞིག་ལ་སོག་དམག་ཤ་འཛུལ་ལྤགས་འཛུལ་བྱས་ཏེ་ཤུགས་རྐྱེན་མང་དུ་བསྐྲུན་ཡོད་པའང་ཤེས་ཐུབ།

      དེ་ལས་ཀྱང་བདེན་ཁ་མཐུག་པོ་ཞིག་ནི་ཉེ་ཆར་རྒྱལ་ནང་གི་ནང་བསྟན་གནའ་རྫས་རྟོག་དཔྱོད་ཆེད་མཁས་པ་སྐུ་ཞབས་ཝུན་ཡས་ཁྲང(温玉成)གིས་གསེར་རྟའི་ལྷ་རྩེ་དགོན་པའི་གེ་སར་ལྷ་ཁང་གི་ལྡེབས་རིས་ངོས་ཀྱི་གེ་སར་སྐུ་རིས་དེར་དབྱེ་ཞིབ་བྱེད་སྐབས། གེ་སར་སྐུ་རིས་དེ་ནི་ཆིང་རྒྱལ་རབས་སྐབས་སུ་བྲིས་པ་ཞིག་ཡིན་ལ། གེ་སར་སྐུ་རིས་དེས་བཞེས་པའི་མདོག་སེར་རྐྱ་དང་དབྱིབས་སྒོར་སྒོར་གྱི་ཕྱིང་ཞྭ་དེ་ནི་སོག་པོའི་ལུགས་ཀྱི་ཞྭ་ཞིག་རེད་ཅེས་བཤད། སྐད་ཆ་འདི་ནི་རྣམ་པ་ཀུན་ཏུ་དཔྱད་རིན་མེད་པ་ཞིག་མ་ཡིན་ཏེ། ཚུལ་འདི་ལས་གུ་ཤྲི་ཧན་གྱི་དམག་དཔུང་གནས་འདིར་སྡོད་ཡུན་རིང་པ་མ་ཟད། དེའི་གྲལ་གྱི་དམག་མི་འགའ་ས་གནས་དེའི་བོད་རིགས་དང་ལྷན་དུ་འཚོ་བ་དང་དད་པ་སོགས་མཉམ་གཅིག་ཏུ་འདྲེས་ཏེ། དགྲ་ལས་རྣམ་རྒྱལ་གེ་སར་དཔའ་རྒོད་ཆེན་པོ་ལ་ཐུན་མོང་གི་སྒོ་ནས་མཆོད་བསྟོད་བྱས་པ་ཤེས་ཐུབ། དེས་རྒྱུ་མཚན་གྱིས་སྐབས་དེའི་ཐག་ཉེ་རིང་ཀུན་གྱི་ཡུལ་ལུང་མང་པོ་ལ་ཧོར་གུ་ཤྲི་ཧན་གྱི་དམག་གིས་རྒྱུ་བྱས་ཏེ་ས་མིང་ཐོགས་པ་མང་ངོ་།། དཔེར་ན། གོང་སྨྲོས་ཀྱི་སོག་རི། ཧར་ཆེན། སོག་དཀར་ལྟ་བུའོ།། དེས་ན་ཧོར་ཤུལ་ཞེས་པའི་ས་མིང་འདི་ཡང་དེ་ལྟར་ཐོགས་པར་སྙམ་མོ།།

     འདི་ནི་ཕྲན་གྱི་ལག་སོན་བྱུང་བའི་ཡིག་ཆ་དང་ངག་རྒྱུན་དག་ལྷུ་བསྒྲིགས་པ་ལས་བྱུང་བའི་རིགས་པའི་དཔྱད་གཞི་ཙམ་ཡིན་པ་ལས། རྣམ་པ་གཅིག་ཏུ་ན་འདི་རེད་ཅེས་ཁ་ཚོན་བཅད་པ་ཡེ་ནས་མིན་པ་མ་ཟད།  རྦད་དེ་གནད་འདི་ལ་བརྟག་ཅིང་དཔྱོད་པའི་བློ་ལྡན་རེ་བྱུང་ན་ལེགས་བཤད་ཀྱི་བདུད་རྩི་ཆར་དུ་བསྙིལ་བར་རེ་བ་དང་སྐུལ་མ་བྱེད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1