ཟླ8པའི་ཚེས28ཉིན་གེ་སར་གནམ་ཐང་གི་གནམ་ཐང་འབབ་ཚིགས་རྩིས་སྤྲོད་ཀྱི་མཛད་སྒོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་སྤེལ་བ་དང་། དེས་ལོ་གཉིས་ལྷག་ཙམ་རིང་བཟོ་སྐྲུན་བྱས་པའི་གེ་སར་གནམ་ཐང་བསྐྲུན་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱས་པ་མཚོན་པ་མ་ཟད། གནམ་གྲུ་ཤར་གཏོང་བྱ་ཆོག་པའི་ཆ་རྐྱེན་ཡོད་ཚད་འཛོམས་ཏེ། དཀར་མཛེས་བྱང་རྒྱུད་ཀྱི་བོད་རིགས་ས་ཁུལ་དུ་གནམ་ཐང་མེད་པའི་རྣམ་པ་དེའང་ལོ་རྒྱུས་སུ་གྱུར་བ་རེད།
གེ་སར་གནམ་ཐང་ནི2017ལོའི་ཟླ6པར་དངོས་སུ་བཟོ་སྐྲུན་བྱེད་པའི་འགོ་ཚུགས་པ་དང་། དེ་ནི་དཀར་མཛེས་ཁུལ་གྱི“འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་གཏོང་བའི”འཐབ་ཇུས་རྣམ་གྲངས་གལ་ཆེན་ཞིག་རེད། གནམ་ཐང་དེ་དཀར་མཛེས་ཁུལ་དཀར་མཛེས་རྫོང་ལའེ་མ་གྲོང་རྡལ་དང་སྡེ་དགེ་རྫོང་མཚོ་རྔ་གྲོང་རྡལ་གྱི་འབྲེལ་མཚམས་སུ་ཆགས་ལ། དཀར་མཛེས་རྫོང་དང་བར་ཐག་སྤྱི་ལེ52ཙམ་དང་། སྡེ་དགེ་རྫོང་དང་བར་ཐག་སྤྱི་ལེ152ཙམ་ཡོད་ལ། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི4067ཟིན་པ་དང་། དེ་ནི་མཐོ་སྒང་གི་དམངས་སྤྱོད་ཡན་ལག་གནམ་གྲུ་ཐང་ཞིག་རེད།
གནམ་ཐང་དེས་དམིགས་ཚད་ལྟར2025ལོར་འགྲུལ་པ་མི་ཐེངས་ཁྲི22དང་ལོར་དངོས་ཟོག་དང་དངོས་ཟོགསྦྲག་སྐྱེལ་བྱེད་ཚད་ཏུན་660ལ་སླེབས་པའི་བྱང་བྱ་ལྟར་ཇུས་འགོད་བྱས་ཡོད།
སྔོན་དཔག་ལྟར་ན་གནང་ཐང་འདི་ད་ལོའི་ཟླ9པའི་ཟླ་དཀྱིལ་དུ་ཤར་གཏོང་བྱ་རྒྱུ་དང་། ཐོག་མར་ཁྲེང་ཏུའུ་ཧྲོང་ལིའུ་གནམ་ཐང་ནས་དཀར་མཛེས་གེ་སར་གནམ་ཐང་། ཁྲུང་ཆིན་ཅང་པེ་གནམ་ཐང་ནས་དཀར་མཛེས་གེ་སར་གནམ་ཐང་དུ་ཤར་གཏོང་བྱ་རྒྱུ་རེད།