བདག་ལ་མཱ་འཇམ་དབྱངས་རྣམ་རྒྱལ་ཟེར་ཞིང་། 1949ལོར་བྲག་འགོ་རྫོང་ལི་ཁོག་ཅེས་པའི་ས་ཆ་རུ་སྐྱེས། བྱིས་དུས་སུ་མདོ་དགོན་དུ་སོང་སྟེ་ཨ་ཞང་གི་མདུན་ནས་བོད་ཡིག་ལ་སློབ་སྦྱོང་བྱེད་འགོ་བརྩམས། དུས་རབས་ཀྱི་འཕོ་འགྱུར་ལས་ལོ་ངོ་ཁ་ཤས་ཀྱི་རྗེས་ནས་འབྲོག་ལས་ལ་དངོས་སུ་ཞུགས་ལ་ཁྱིམ་མཚེས་གཡས་གཡོན་ལ་རུ་སྐྱེལ་ཁལ་འགེལ་དང་། དེ་མིན་ཡུལ་ཤོག་གཞན་དག་ཏུ་ཞོར་ལས་བྱེད་པར་ཡང་རྒྱུན་དུ་འགྲོ་དགོས། དེ་ལྟར་རིམ་གྱིས་ནར་སོན་པ་ན་བདག་གིས་རྒྱུན་པར་གོང་རིམ་གྱི་དབུ་ཁྲིད་དག་གི་བྱ་བར་རྒྱབ་སྐྱོར་དང་མང་ཚོགས་དཀའ་ངལ་ཅན་ལ་རོགས་རམ་བྱས་པ་ཡིན། ད་ལྟ་ཡང་བྱ་བ་དེ་དག་སྒྲུབ་པ་ནི་བདག་གི་འཚོ་བའི་གོམས་གཤིས་ཤིག་ཏུ་ཆགས་སོང་།
རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་སོགས་ཀྱི་ལོ་མང་ཤས་ཤིག་ལ་ཀྲུང་གོའི་དཔལ་འབྱོར་ལ་ཕམ་ཁ་ཆེན་པོ་བཟོས། ང་ཚོའི་ཕ་ཡུལ་འདིར་1959ལོར་དམངས་གཙོ་བཅོས་བསྒྱུར་བྱས་ལ། 1960ལོར་མཉམ་ལས་ཁང་བཙུགས་མོད། འོན་ཀྱང་སྐབས་དེར་རྒྱལ་ཡོངས་སྤྱིའི་དཔལ་འབྱོར་ཤིན་ཏུ་རྒུད་པའི་དུས་ཡིན་པས་ན་ས་གནས་སོ་སོའི་མང་ཚོགས་ལ་འཚོ་བའི་ཐད་ནས་དཀའ་ངལ་ཆེན་པོ་བྱུང་། ནམ་རྒྱུན་མར་དང་རྩམ་པ་སོགས་དཀོན་ལ། རྟ་ཤ་ཁྱི་ཤ་ཟ་བ་དང་དེ་མིན་རི་དྭགས་རྔོན་ནས་འཚོ་བ་རོལ་ཐབས་བྱ་དགོས། གཞན་དབྱར་དུས་སུ་རྩི་ཤིང་དང་རྩྭ་ལྡུམ་ཁ་ཤས་ཀྱི་ལོ་མས་ཇའི་ཚབ་བྱས་ནས་འཐུང་བ་ཡིན། སྐབས་དེར་རས་ཆའི་རིགས་ཤིན་ཏུ་དཀོན་པས་ནམ་རྒྱུན་གོས་སུ་སློག་པ་དང་ཕྱིང་ལྭ་གྱོན་པ་ལས་དེང་སང་ལྟ་བུའི་ནང་གོས་སྣ་ཚོགས་ཤིག་གྱོན་རྒྱུ་ལར་ནས་མེད། ཟ་མའང་དེ་བཞིན་ཏེ་དེང་སང་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་སུ་འགྲོ་བ་མགྱོགས་དྲགས་པས་ཁོ་ཚོས་ཟ་མ་གང་ཟོས་ནའང་མི་ཞིམ་པའི་ཚོར་བ་ཞིག་ལས་ཞིམ་པའི་སྣང་བ་ཞིག་ཤིན་ཏུ་དཀོན། དེ་ནི་དེང་སང་གི་མི་རྣམས་ཀྱིས་སྔོན་གྱི་ལོ་རབས་དྲུག་ཅུ་པའི་སྐབས་ཀྱི་འཚོ་བ་དེ་རོལ་མ་མྱོང་བས་ཡིན།
སྔོན་ཆད་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ནི་རྟ་དང་གཡག་ཡིན་ལ། རྒྱུན་པར་ཐག་རིང་ཐུང་གང་ལ་འགྲོ་དགོས་ཀྱང་རྟ་ལ་ཞོན་ནས་འགྲོ་དགོས། དབུ་ཁྲིད་དག་ཀྱང་ཚོགས་འདུ་ཆེ་ཆུང་གང་ལ་འགྲོ་དགོས་ཀྱང་རང་གྲོ་རང་རྩམ་བྱས་ནས་འགྲོ་དགོས་པར་མ་ཟད། རྟའི་གཟན་ཆས་ཀྱང་ཁྱེར་ནས་འགྲོ་དགོས། བདག་གིས་ཆེས་བརྗེད་དུ་མེད་པ་ནི་ཉིན་ཞིག་ང་ཚོ་བྲག་འགོར་ཚོགས་འདུར་སོང་བ་ན། འབྲེལ་ཡོད་ལས་ཁུངས་དག་གིས་ང་ཚོར་ཁང་པ་ཆེན་པོ་ཞིག་གི་ནང་དུ་གྲོ་དང་ནས་ཀྱི་སོག་མ་མང་པོ་ཞིག་བླུགས་ནས་ཉལ་གདན་བྱས་འདུག །དེ་ནི་ད་ལྟའི་སྐར་ལྔའི་མགྲོན་ཁང་ཞིག་གི་ནང་ནས་བསྡད་པ་ལྟ་བུའི་སྤྲོ་སྣང་ཞིག་རྒྱས་སོང་།
སྐབས་དེའི་སྤྱི་ཚོགས་སྤྱིའི་དཔལ་འབྱོར་འཚོ་བ་ཇི་ལྟར་ཞན་ནའང་རང་རྒྱལ་གྱིས་དབུ་ཁྲིད་དག་གིས་སློབ་གསོ་ལ་དོ་སྣང་ཆེན་པོ་བྱས་ནས། 1956ལོ་ནས་བཟུང་སློབ་གྲྭ་གསར་འཛུགས་བྱས་མོད། འོན་ཀྱང་མང་ཚོགས་ཀྱིས་སློབ་གསོའི་རྩ་དོན་ལ་རྒྱུས་ལོན་མེད་པས་རང་གི་བུ་ཕྲུག་ལ་སློབ་གསོ་མྱོང་བའི་སྐལ་བ་འབྱུང་དུ་འཇུག་མི་སྲིད།
1966ལོར་“བཞི་གཙང་ལས་འགུལ་”སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྱབ་བསྒྲགས་བྱས་པ་ན། ཡུལ་ཚོ་སོ་སོ་ནས་གྲལ་རིམ་ཡག་པ་དང་ཏང་ལ་བློ་དཀར་བའི་མི་རྣམས་ལས་བྱེད་པར་བདམས་པ་རེད། བདག་ནི་ས་གནས་འདིའི་བསམ་བློ་སྔོན་ཐོན་ཅན་གྱི་རིགས་སམ་རྒྱལ་ཁབ་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་སུ་གཏོགས་པས་ན་སྲིད་གཞུང་གི་ལས་བྱེད་པར་བདམས་ཐོན་བྱུང་། སྐབས་དེའི་བདག་གི་ཟླ་ཕོགས་ནི་ཟླ་རེར་སྒོར་23.4ཡིན་ལ། འོ་མ་དམ་བེ་གང་ལ་སྒོར་ཟུར་གཅིག་ཡིན། མར་རྒྱ་མ་གང་ལ་སྒོར་ཟུར་8ཡིན། ཤ་རྒྱ་མ་གང་ལ་སྒོར་ཟུར་4ཡིན། 1966ལོ་ནས་2002བར་བགྲང་བྱ་36རིང་ལ་ས་ཁུལ་བཞི་པའི་ཡུལ་ཚོ་སོ་སོ་ནས་ཡུལ་གཙོའི་འགན་ཁུར་ལ། དཔལ་འབྱོར་ཤིན་ཏུ་ཞན་ནའང་མང་ཚོགས་ཀྱི་དོན་དུ་རང་སྲོག་བློས་བཏང་གིས་བྱ་བར་འབད་པ་བྱས་མྱོང་ལ། དེ་ལ་འབྲེལ་ཡོད་དབུ་ཁྲིད་དག་གིས་ཀྱང་ཡིད་ཆེས་དང་གདེང་འཇོག་ཆེན་པོ་བྱེད་མྱོང་བར་མ་ཟད་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པ་སོགས་ནས་གཟེངས་རྟགས་ཀྱང་རབ་དང་རིམ་པ་ཞིག་གནང་མྱངས།
1979ལོར་བདག་གི་རྐང་པ་ཆག་ལ། སྐབས་དེར་སྨན་པར་བསྟེེན་པ་དང་ལྷན་དུ་རང་གིས་རང་ལ་རྐང་པར་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བ་ཡིན། དོན་དངོས་སུ་སྐབས་དེར་རུས་ཆག་བཅིངས་པའི་སྨན་པ་ཞིག་ཡོད་པ་ཐོས་མྱོང་མེད་ལ། ལྷག་པར་དུ་ས་གནས་འདིའི་ཕྱོགས་སུ་རུས་ཆག་བཅིངས་མཁན་ཡང་གཅིག་ཀྱང་མེད། དེ་ལྟར་བདག་གིས་རང་སྟེང་ནས་རུས་ཆག་བཅིངས་པའི་རིག་གནས་སྦྱང་ལ། ཁོར་ཡུག་གི་མི་རེ་འགའི་རྐང་ལག་སོགས་ལ་ཆག་གྲུམ་ཤོར་ན་བདག་ལ་འབོད་སྲིད། དེ་ལྟར་རང་ལའང་དགའ་སྣང་གི་ཚོར་བ་ཞིག་གིས་མུ་ནས་མུ་རུ་ཉེ་འཁོར་གྱི་མི་རྣམས་ལ་རོགས་རམ་བྱས་ནས་རུས་ཆག་བཅིངས་པ་ནས་ད་ལྟའི་བར་དུ་ནད་པ་སྟོང་བདུན་ལྷག་ལ་སྨན་བཅོས་བྱས་ཤིང་། དེ་དག་ལས་མ་དྲག་པ་གཅིག་ཀྱང་མེད་ལ། ད་ལྟ་བོད་མདོ་དབུས་ཁམས་ཀྱི་ནད་པ་མང་པོ་ཞིག་འདིར་འོང་གིན་འདུག །དེ་ནི་གཅིག་ནས་བདག་གི་སྨན་བཅོས་བྱས་ན་དམའ་སྐྱོང་གི་ཁྱིམ་ཚང་དག་ལ་རིན་མེད་ངང་སྨན་བཅོས་བྱེད་བཞིན་ཡོད་ལ། ད་དུང་ས་གནས་འདིའི་སློབ་གྲྭ་དག་ལས་ཞུགས་ཀྱི་སྐབས་སུ་དགེ་སློབ་སུ་ཞིག་ལ་ཆག་གྲུམ་བྱུང་ན་རིན་མེད་ངང་སྨན་བཅོས་བྱེད་བཞིན་ཡོད། དེ་མིན་གཞན་ནད་པ་རེའི་སྨན་ཡོན་སྒོར་100ཡན་མི་དགོས། དེ་ལྟར་རིན་གོང་སླ་བས་ཡིན་ལ། ཕྱོགས་གཞན་ཞིག་ནི་གཤགས་བཅོས་མི་དགོས་པའི་ཁྱད་ཆོས་ལྡན་པས་ཡིན། བདག་གིས་རུས་ཆག་བཅིངས་པ་ཙམ་ལས་གཞན་སྨན་བཅོས་གང་ཡང་མི་ཤེས་ལ། རུས་ཆག་བཅིངས་པ་དེའང་དགེ་རྒན་དང་རིག་གཞུང་གང་ལའང་བསྟེན་མྱོང་མེད་པར། རང་གི་ཉམས་མྱོང་ཁོ་ན་བརྒྱུད་དེ་ད་ལྟ་རུས་ཆག་བཅིངས་པའི་སྒྲིག་ཆས་ཆ་ཚང་འདི་དག་ཀྱང་རང་གིས་བཟོས་པ་ཤ་སྟག་ཡིན། སྔ་གཞུག་ཏུ་བདག་གིས་སློབ་མ་100ལྷག་གསོ་སྐྱོང་བྱས། དེའི་ཕྱིར་བདག་གི་ངོ་ལོ་བཞི་བཅུའི་རིང་གི་ཉམས་མྱོང་ཕྱོགས་གཅིག་ཏུ་བསྡུས་ནས་《བོད་ལུགས་གསོ་བ་རིག་པའི་ལག་ལེན་དངོས་ནས་ཉམས་མྱོང་ཐོབ་པའི་རུས་ཆག་སྦྱོར་ཐབས།》ཞེས་པའི་དེབ་ཆུང་ཞིག་དཔར་ཡོད། དེ་ནི་རང་གི་སློབ་མ་རྣམས་དང་བོད་ལུགས་གསོ་རིག་ལ་སྦྱང་བ་བྱེད་འདོད་མཁན་རྣམས་ལ་རྒྱུ་ཆ་མཁོ་འདོན་ཙམ་གྱི་ཆེད་དུ་བྲིས་པ་ཡིན།
བདག་གིས་བྱ་བ་འདི་དག་ནི་ལོ་འདི་གར་རྒྱལ་ཁབ་ཀྱིས་གཙིགས་ཆེན་དུ་བཟུང་བའི་བྱ་བ་སྟེ་དབུལ་སེལ་ཞེས་པའི་དགོངས་དོན་དང་ཡང་ཤིན་ཏུ་མཐུན། དེ་ནི་ཏང་ཡོན་རྒན་པའམ་རྒྱལ་ཁབ་ཀྱི་ཟླ་ཕོགས་ཀྱིས་གསོས་པའི་ལས་བྱེད་པ་རྒན་པ་ཞིག་གིས་བསྒྲུབ་འོས་པའི་བྱ་བ་ཞིག་ཀྱང་ཡིན་པར་འདོད་ཡོད། དེ་ལྟར་བྱས་ན་ད་གཟོད་ཆོས་སྲིད་གང་གི་ཕྱོགས་ནས་བལྟས་ཀྱང་འགལ་བ་མེད་པར་སྤྱི་ཚོགས་འཕེལ་རྒྱས་ལ་རང་གིས་ནུས་ཚོད་ཀྱིས་ཞབས་ཞུ་ཕྲན་བུ་སྒྲུབ་པར་འབད་པ་བྱེད་བཞིན་ཡོད། །