བགྲང་བྱ་བདུན་ཅུའི་འབྲས་བཟང་གཡུར་དུ་ཟ། དཀར་མཛེས་རྫོང་གི་བཞིན་རས་གསར་དུ་བརྗེས།

རྣམ་དཀར་ལྷ་མོས་བསྒྱུར་ཞིང་ལིའུ་པིང་ཁོ་ཡིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ད་ལྟའི་དཀར་མཛེས་རྫོང་མཁར།
今日甘孜县城

མདོ་ཁམས་གྲོང་མཁར་དཀར་མཛེས་རྔམ་ཅིང་བརྗིད། རི་ཆུ་མཛེས་སྡུག་ལྷུན་ཆགས་ཀུན་གྱི་གཞི། འདས་པའི་ལོ་ངོ་བདུན་ཅུའི་རིང་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དབུ་ཁྲིད་འོག །དཀར་མཛེས་རྫོང་གིས་བསམ་བློ་བཅིངས་འགྲོལ་བཏང་ནས་གནད་འགག་བསལ་བརྟོལ་དང་། བཅོས་བསྒྱུར་གསར་གཏོད་བྱས་ནས། དཀའ་བ་ཁྱད་དུ་བསད་ནས་རྩེ་གྲ་སྙེག་ཏེ། འཕེལ་རྒྱས་ཀྱི་སྤུས་ཀ་གོང་མཐོར་མངོན་གསལ་བཏང་ཞིང་། ཞིང་གྲོང་མཉམ་སྡེབ་ཀྱིས་མགྱོགས་མྱུར་མདུན་སྐྱོད་བྱས་ནས་སྤྱི་ཚོགས་ལས་རིགས་ཡར་རྒྱས་དང་མི་དམངས་མང་ཚོགས་ལ་བདེ་སྐྱིད་འཚོ་བ་བསྐྲུན།


ལོ་རབས་བརྒྱད་ཅུ་པའི་དུས་ཀྱི་དཀར་མཛེས་རྫོང་། 
80年代甘孜县城

དྲོ་འཇམ་དབྱར་གྱི་དུས་ལ། དཀར་མཛེས་རྫོང་གི་ས་ཆར་སླེབས་དུས་ཁྱེད་ཀྱིས་མཐོང་ཐུབ་པ་ནི་དྲ་བ་འདྲ་བའི་གཞུང་ལམ་དང་དགུང་ལ་ཟུག་པའི་ཐོག་ཁང་། གཙང་ཞིང་དག་པའི་སྲང་ལམ། ལྗང་ལོ་ལྡེམ་ལྡེམ་བྱེད་པའི་ཞིང་གྲོང་། བརྗིད་ཆགས་སྟར་འགྲིག་གི་སྡོད་ཁང་ཡིན་ལ། ཁྱེད་ཀྱིས་ཐོས་ཐུབ་པ་ནི་མང་ཚོགས་ཀྱིས་འདི་དག་ཡོད་ཚད་ལ་བླངས་པའི་བསྟོད་གླུ་ཡིན། དེ་མིན་ད་དུང་ལས་གཞི་སོ་སོའི་ཁྲོད་ཀྱི་འཕྲུལ་ཆས་ཀྱི་ལྡིར་སྒྲ་ཐོས་དུས་ཁྱེད་ལ་ད་ནི་ཡངས་པའི་ས་ཆེན་འདི་གཉིད་ལས་སད་པ་དང་འབྱུང་འགྱུར་གྱི་ཆེད་དུ་རང་གིས་འབད་པ་བྱེད་དགོས་སྙམ་པའི་ཚོར་བ་དྲག་པོ་ཞིག་སྟེར་བཞིན་འདུག

དཀར་མཛེས་རྫོང་མཆོད་རྟེན་དཀར་པོ་སྤྱི་གླིང་། ཡིའུ་ཅན་ཀྲུང་གིས་པར་བླངས།

甘孜县白塔公园


སྔོན་ཆད་ཀྱི་དབུལ་ཕོངས་ཁྱིམ་ཚང་སྟེ་དཀར་མཛེས་རྫོང་ཡུལ་ལུང་སྡེ་པའི་ཇོ་པོས་བཤད་ན། སྔོན་ཆད་གྲོང་ཚོའི་ནང་དུ་ཉི་གློག་ལས་མེད་ཅིང་། ཉི་གློག་གི་གློག་ཤུགས་ཞན་པ་དང་གློག་ནུས་ཀྱིས་མི་འདང་བས་ང་ཚོས་གློག་གི་བ་མ་དང་གློག་ཐབ་སོགས་ཁྱིམ་བཀོལ་གློག་ཆས་བཀོལ་མ་མྱོང་། ཐ་ན་བརྙན་འཕྲིན་ཡང་ལྟ་རྒྱུ་དཀའ་མོ་རེད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་10ལྷག་ལས་མ་འདས་པའི་ཁང་པའི་ཁྲོད་ཝ་100ཅན་གྱི་གློག་ཏོག་བཀར་ཡང་གསལ་པོ་ཞིག་འབྱུང་མི་ཐུབ། བྱིས་པ་ཚོས་ནམ་རྒྱུན་ཁྱིམ་སྦྱོང་ལས་བྱ་འབྲི་བའི་སྐབས་སུ་མཆོད་མེའི་འོད་ལ་བསྟེན་བཞིན་ཡོད། ད་ལྟའི་དུས་སུ་རྒྱལ་ཁབ་ཀྱིས་གློག་འཐེན་ཡོད་པས། གློག་ཤུགས་བཟང་པས་འོད་གསལ་གསལ་གྱི་གློག་ཏོག་བཀར་ཐུབ་པར་མ་ཟད་བརྙན་འཕྲིན་ལ་ཡང་ལྟ་ཐུབ་བཞིན་འདུག །ད་ལྟ་ངས་བསམ་ན་གོས་འཁྲུ་ཆས་དང་འཁྱག་སྒམ་སོགས་ཉོ་འདོད་སྐྱེས་ཡོད་ཟེར་བཞིན་གདོང་ལ་འཛུམ་གྱིས་ཁེངས་འདུག །འདི་ལས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་དམངས་ཕན་གློག་ཤུགས་ལས་གཞིའི་མང་ཚོགས་ལ་ཕན་ཅི་འདྲ་ཐོགས་ཡོད་པ་མཐོང་ཐུབ། ད་ལོའི་ཟླ་6པར། ཟླ་ངོ་གསུམ་རིང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་དཀར་མཛེས་རྫོང་གི་རྫ་ཁོག་ཡུལ་ཤོག་དམེ་ཡུལ་སྡེ་པའི་གློག་འཐེན་ལས་གཞི་ལེགས་གྲུབ་བྱུང་ཞིང་། འདི་ལས་དཀར་མཛེས་རྫོང་གི་སྲིད་འཛིན་སྡེ་པ་219ལ་རྒྱལ་ཁབ་གློག་ཤུགས་ཀྱིས་ཁེབས་ཡོད་པ་མཚོན་ལ། དེ་བས་ཀྱང་དབུལ་གྲོལ་འགག་སྒྲོལ་གྱི་ལས་གཞི་ཆེན་མོ་འདི་དཀར་མཛེས་ཀྱི་ས་ཆ་ནས་འབྲས་བུ་སྨིན་པ་མཚོན་ཐུབ།

རྒྱུད་བཟང་ལུང་པའི་དབུལ་སྐྱོར་གནས་སྤོ་ས་ཚིགས། 
吉绒隆易地扶贫搬迁点

སྔོན་ཆད་དཀར་མཛེས་རྫོང་དུ་དབུལ་ཕོངས་སྡེ་པ་129ཡོད་ལ། དེ་རུ་ཁྱིམ་ཚང་3387ལ་ཡིག་ཚགས་བཟོས་ཤིང་མི་གྲངས་15708ཡོད། དབུལ་ཕོངས་ཀྱི་བྱུང་ཚད་དེ་24.68%ཟིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཚད་ལས་ཀྱང་བརྒྱ་ཆ10.6ཡིས་མཐོ་འདུག འདི་ནི་དཀར་མཛེས་རྫོང་གི་དབུལ་གྲོལ་འགག་སྒྲོལ་གྱི་མདུན་དུ་གནས་པའི་དཀའ་གནད་ཡིན་ལ། ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ན་ངེས་པར་དུ་སེལ་དགོས་པའི་རྫོང་མཁར་ཡིན། 2018ལོའི་ལོ་མཇུག་བར་དུ་རྫོང་འདིའི་དབུལ་ཕོངས་ཁྱིམ་ཚང་2629དང་མི་གྲངས་12476དབུལ་ཐར་བྱུང་ཞིང་། སྡེ་པ་98དབུལ་ཕོངས་གྲོང་ཚོའི་ཞྭ་མོ་ཕུད་པ་རེད། འདི་དག་ཡོད་ཚད་ནི་རྫོང་དང་འབྲེལ་ཡོད་ལས་བྱེད་པ་དང་མང་ཚོགས་ཀྱིས་རྔུལ་ཆུའི་ཐིགས་པས་བསྐྲུན་པ་ཡིན།

ཟླ་ཐང་པ་ཚ་ལུང་གྲོང་རྡལ་དབུལ་སྐྱོར་གནས་སྤོ་ས་ཚིགས། 
达通玛查龙镇易地扶贫搬迁点
དཀར་མཛེས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་དབྱང་ཀྲི་ཀཱང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་དཀར་མཛེས་རྫོང་གིས་དབུལ་གྲོལ་འགག་སྒྲོལ་བསམ་ཕྱོགས་ལེགས་བསྒྱུར་དང་ཐོན་ཁུངས་ཕྱོགས་སྡོམ། མ་རྩ་གཏོང་བ་ཇེ་རྒྱས་བཏང་ནས་གཙོ་བོ་ཆུ་དང་གློག །ལམ་བཅས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་གཙོ་གཉེར་བྱས་ཤིང་། འབྱོར་འབྲིང་སྤྱི་ཚོགས་ལ་ཕྱོགས་པའི་ལམ་ནས་བདེ་འཇགས་ཀྱི་ཆུ་འཐུང་བ་དང་མང་ཚོགས་ཀྱི་འཚོ་བ་འོད་གསལ་ཅན་དུ་གཏོང་བ་དང་།
ཞིང་གྲོང་གཞུང་ལམ་དག་སྒྲིག་དང་སྦྲེལ་མཐུད་བྱས་ནས་དུད་ཁྱིམ་བར་གྱི་ལམ་སྤྱི་ལེ་280དང་སྡེ་པའི་ནང་གི་ལམ་སྤྱི་ལེ་774.55བསྐྲུན་ཞིང་། ཟམ་པ་གསར་བསྐྲུན་དང་ཞིག་གསོ་བྱས་པའི་གྲངས་ཀ་72ལ་སླེབས་ཡོད་པས། གྲོང་ཚོའི་ལམ་དང་དུད་ཁྱིམ་བར་དུ་ལམ་ཡོངས་སུ་ཁེབས་པ་བྱས་ཡོད། དེ་མིན་ཞིང་གྲོང་གི་བདེ་འཇགས་ཆུ་འཐུང་བའི་ཁྱིམ་ཚང་2094ཡི་མི་གྲངས་10963ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་98ཀྱི་གློག་ཤུགས་ལས་གཞི་དང་གློག་ལམ་དག་སྒྲིག་བྱས་ནས། དབུལ་ཕོངས་ཁྱིམ་ཚང་2000གི་བདེ་འཇགས་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས། དེ་མིན་ཉི་གློག་ལམ་སྒྲོན་དང་ཁོར་སྲུང་ལས་གཞི་སྤེལ་ཞིང་། སྤྱི་པའི་གསང་སྤྱོད་ཁང་69དང་སྙིགས་དུང་105དང་ཆུ་རྐའི་ལས་གཞི་ལེགས་བཅོས་བྱས་པ་རེད།

དཀར་མཛེས་རྫོང་གིས་ཡུལ་བབ་དང་བསྟུན་པའི་སྒོ་ནས་ཞིང་ལས་ལ་འཚམ་པ་ཞིང་ལས་དང་།
ཕྱུགས་ལས་ལ་འཚམ་པ་ཕྱུགས་ལས། ཡུལ་སྐོར་ལ་འཚམ་པ་ཡུལ་སྐོར་བྱས་ནས་གནད་ཁེལ་སྲིད་ཇུས་ལག་བསྟར་བྱས་ནས། ཐོན་ལས་འཕེལ་རྒྱས་དང་རྒྱ་ཆེར་སྤེལ་ནས་མང་ཚོགས་ཀྱི་ཡོང་འབབ་གོང་མཐོར་གཏོང་རྒྱུ་དེ་ཡིན་ལ། ཐོན་ལས་ཆེན་པོའི་གནད་དོན་ཐག་གཅོད་བྱས་དེ་དབུལ་ཕོངས་ཁྱིམ་ཚང་མཆོང་སྐྱོད་དཔལ་འབྱོར་གེ་སར་རྒྱལ་པོའི་མཁར་རྫོང་སྟེ་སྡེ་པ་བརྒྱ་ཡིས་རྟེན་གཞིའི་ལས་གཞི་དེ་ཞིང་ཁུལ་དང་འབྲོག་ཁུལ་གྱི་ལས་རིགས་ཀྱི་ཁྱད་ཆོས་མི་མཐུན་པ་ལ་བརྟེན་ནས་དེང་རབས་ཞིང་ལས་སྐུལ་སྤེལ་དང་ཕྱུགས་ལས་འཕེལ་རྒྱས་བཏང་ནས་གེ་སར་རིག་གནས་ལས་རིགས་གཞིས་ཀ་དང་ཁམས་བྱང་ནོར་གནག་སྐྱེ་ཁམས་ཐོན་ལས་གཞིས་ཀས་ལྟེ་བ་བྱས་པའི་ཁྱད་ལྡན་ཐོན་ལས་གཉིས་འགོ་ཚུགས་ཏེ། ཐོན་ལས་གཞིས་ཀ་དང་གྲོང་ཚོ་རིམ་པའི་རྩ་འཛུགས། ཐུན་མོང་དཔལ་འབྱོར། ཞིང་ཁྱིམ། བཅས་སྡེབ་པའི་ཐོན་ལས་འཕེལ་རྒྱས་དཔེ་རྣམ་བསྐྲུན་ནས་མང་ཚོགས་ཀྱི་ཡོང་འབབ་གོང་མཐོར་གཏོང་རྒྱུ་བྱས་ཡོད། ཤུགས་ཆེན་པོས་ཁྱད་ལྡན་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་བས། མང་ཚོགས་དེ་ལས་མང་པོ་ཞིག་འབྱོར་ཕྱུག་ཅན་གྱི་ལམ་ལ་ཞུགས།

ཟིན་ཐོ་འདི་དག་གིས་དཀར་མཛེས་རྫོང་གི་ལོ་ངོ་བདུན་ཅུའི་རིང་གི་ལོ་རྒྱུས་འཕེལ་རྒྱས་ཁྲོད། གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་བཀའ་དྲིན་དང་ཏང་གི་མི་རིགས་ས་ཁུལ་རང་སྐྱོང་སྲིད་ཇུས་ཀྱི་མཛུབ་སྟོན་འོག དཀར་མཛེས་རྫོང་གི་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལོ་རྒྱུས་མདུན་སྐྱོད་ཀྱི་ལམ་ལ་ཆས་ཤིང་། རྫོང་ཡོངས་ཀྱིས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་བདེ་འཇགས། ལས་བྱེད་མི་སྣ་དང་མང་ཚོགས་ཀུན་གྱིས་ཧུར་ཐག་འབད་འབུངས་བྱེད་པའི་རྣམ་པ་ཞིག་མངོན་འདུག

གཞི་གྲངས་ལས་དཀར་མཛེས་རྫོང་གི་འཕོ་འགྱུར་ལ་ལྟ་བ་།

བཅིངས་འགྲོལ་བཏང་མ་ཐག་དཀར་མཛེས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚབས་ཆེན་རྗེས་ལུས་སུ་ཆགས་ཤིང་། དཔལ་འབྱོར་སྤྱིའི་འབོར་གྲངས་དང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཤིན་ཏུ་དམའ་བར་མ་ཟད། ཕྱོགས་བསྡུས་ནུས་ཤུགས་ཀྱང་ལྷག་ཏུ་ཞན། 1950ལོར། རྫོང་ཡོངས་ཀྱི་བཟོ་ཞིང་ལས་རིགས་སྤྱིའི་ཐོན་གྲངས་སྒོར་ཁྲི་9.97ལས་མེད། ལོ་ཧྲིལ་པོའི་སྤྱི་ཚོགས་ཚོང་ལས་ཀྱི་སིལ་འཚོང་སྤྱི་བསྡོམས་སྒོར་ཁྲི་49.2དང་། རྫོང་ནོར་སྲིད་ཡོང་འབབ་སྒོར་ཁྲི་12.3 གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་མཇུག་གི་གསོག་སྒོར་ཁྲི་9.97ལས་མི་འདུག ཞིང་འབྲོག་མང་ཚོགས་ནི་དབུལ་པོ་དབུལ་རྐྱང་ཁོ་ན་ཡིན། དེ་ཡང་བགྲང་བྱ་70ཡི་རིང་། སྐབས་སོ་སོའི་རྫོང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་འོག་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རྒྱུན་མཐུད་ཧུར་བརྩོན་བརྒྱུད། རྫོང་ཡོངས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་སྔར་བྱུང་མ་མྱོང་བའི་བཅིངས་འགྲོལ་དང་འཕེལ་རྒྱས་བྱུང་ཞིང་། དཔལ་འབྱོར་སྤྱི་འབོར་ཆེས་ཆེར་མཐོར་འདེགས་བྱུང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དེ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད། 2018ལོར། རྫོང་ཡོངས་ཀྱི་ས་གནས་ཐོན་སྐྱེད་ཀྱི་སྤྱི་གྲངས་སྒོར་དུང་ཕྱུར་10.87མངོན་འགྱུར་བྱུང་སྟེ། དཔལ་འབྱོར་སྤྱི་གྲངས་དེ་རྒྱལ་ཁབ་བཙུགས་མ་ཐག་སྒོར་ཁྲི་5000མ་ཟིན་པ་ནས་སྒོར་དུང་ཕྱུར་11ཏུ་འཕར་བ་མངོན་འགྱུར་བྱུང་བ་དང་། ས་གནས་སྤྱི་པའི་ནོར་སྲིད་སྔོན་དཔག་ཡོང་འབབ་སྒོར་ཁྲི་7082ཟིན་ཞིང་། སྒོར་ཁྲི་བཅུ་ནས་ཁྲི་སྟོང་གི་མཆོང་བརྒལ་མངོན་འགྱུར་བྱུང་ཞིང་། དེ་མིན་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཆ་སྙོམས་ཡོང་འབབ་སོ་སོ་སྒོར་33563དང་སྒོར་11267ཟིན་པས་ཡོང་འབབ་ཀྱི་མཐོར་འདེགས་ཆེན་པོ་མངོན་འགྱུར་བྱུང་བ། རྫོང་ཡོངས་སུ་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་། དམངས་འཚོ་འགན་སྲུང་མུ་མཐུད་དུ་ལེགས་བཅོས་བྱུང་བ། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཆམ་མཐུན་བརྟན་བརླིང་དང་ལས་བྱེད་མང་ཚོགས་ཀྱིས་སྙིང་སྟོབས་ཆེར་སྐྱེད་ཀྱི་དར་རྒྱས་རྣམ་པ་མངོན་འདུག །  

དཀར་མཛེས་རྫོང་མཁར་སྒང་ཡུལ་ཚོའི་ཞིང་གྲོང་གསར་པ།
甘孜县卡攻乡新农村

གློག་རྡུལ་ཚོང་དོན་ལྟེ་གནས་དབུ་འབྱེད་པ། 
电商中心开园


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1