དབུལ་ཕོངས་དུད་ཁྱིམ་གཞལ་ཡས་ཁང་དུ་སྤོས། ལོངས་སྤྱོད་འཛོམས་ཤིང་དགའ་བདེའི་དཔལ་ལ་རོལ།

ཚུལ་ཁྲིམས་བཟང་པོས་བྲིས་ཤིང་། བསྟན་འཛིན་ཉི་མས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ཚར་དུ་དངར་བའི་སྤུས་ལེགས་སྤྲོ་སྐྱིད་ཁང་། 
新居街道

དབྱར་ཟླ་གསུམ་པའི་དཀར་མཛེས་ནི་གཡུ་ཡི་མེ་ལོང་ངོས་སུ་གསེར་གྱི་ཉི་ཟེར་འཕྲོས་པ་ལྟར་སྣང་ཞིང་། མུ་མཐའ་མེད་པའི་ཞིང་ཁར་འབྲུ་དྲུག་སྙེ་མའི་མགོ་བོ་དུད་ཅིང་། བསིལ་རླུང་དལ་གྱིས་ལྡང་བའི་འགྲོས་དང་བསྟུན་ནས་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ངང་ཚུལ་ལ་བལྟས་ན། ཕྱོགས་བཞིའི་སྐུ་མགྲོན་རྣམས་ལ་དགའ་བསུ་བྱེད་པ་དང་གཅིག་མཚུངས་རེད། རྫ་ཆུ་སྔོན་མོ་དལ་གྱིས་བཞུར་བའི་འགྲམ་ངོགས་སུ་ལྕང་མའི་བསིལ་གྲིབ་འཇམ་ལ། རྫོང་མཁར་གྱི་འཛུགས་སྐྲུན་ཉམས་དགའ་ཞིང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩིག་རྨང་མཐུག་ཅིང་དེའི་ཐོག་དེང་རབས་གསར་དར་རིག་གནས་ཀྱིས་ཕྲ་རྒྱན་སྤྲས་འདུག །

དུས་རིམ་གཉིས་པའི་གནས་སྤོ་བཅའ་སྡོད་མཛད་སྒོ། 
二期迁建点入住仪式 

སྤྱི་ཟླ་8པའི་ཚེས་12ཉིན། ངེད་བཅར་འདྲི་ཚོ་ཆུང་དཀར་མཛེས་རྫོང་སྲིབ་ངོ་ཡུལ་ཚོ་རྒྱུད་བཟང་ལུང་པའི་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་དུ་བཅར་འདྲིར་ཕྱིན། ས་གནས་དེ་ནི་རྫོང་མཁར་དང་བར་ཐག་ཉེ་ཞིང་། གཡོན་གཡས་མདུན་རྒྱབ་ཡོངས་སུ་ལོ་ཏོག་དང་སྤང་ལྗོངས། ལྕང་མ་སོགས་ཀྱིས་གཡོགས་འདུག ཁང་པའི་བཟོ་བཀོད་ལེགས་ཤིང་རྒྱ་ཁྱོན་ཆེ་ལ། མདུན་གྱི་ར་བའི་ནང་དུ་མེ་ཏོག་དང་རྩྭ་ལྡུམ་གྱིས་ཁྱབ་པས། ལྷིང་འཇགས་ཀྱི་ཁོར་ཡུག་དེ་ནི་འབྱོར་ལྡན་རྣམས་འདུག་སའི་སྤྲོ་སྐྱིད་ཁང་ཞིག་མིན་ནམ་སྙམ་སྲིད། དེ་ནས་ང་ཚོས་པར་ལེན་བཞིན་ཚར་དུ་དངར་བའི་བཀོད་ལེགས་ཁང་བཟང་དག་གི་འགྲམ་དུ་སོང་ཞིང་། དུད་ཚང་ཞིག་གི་སྒོ་རུ་སླེབས་པས་ཕོ་ལོ་སུམ་ཅུ་ལྷག་སོན་པའི་སྐྱེས་པ་ཞིག་གིས་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་བསྟན་ནས་ཁྱེད་ཚོ་གང་ནས་ཡོང་བ་ཡིན། ཁྱིམ་དུ་འགྲོ་ནས་ངལ་གསོ་ཅུང་ཙམ་གྱིས་དང་ཟེར་བས། ང་ཚོས་བཅར་འདྲི་བྱེད་པའི་གོ་སྐབས་དེ་འདྲ་ཞིག་ཨེ་རྙེད་བསམ་ནས་འགྲོ་བཞིན་ཡོད་སྟབས། རྨ་བྱས་འབྲུག་སྒྲ་ཐོས་པ་ནང་བཞིན་དང་ལེན་བྱས་ནས་ཁོའི་ཁྱིམ་དུ་སོང་།

གོས་ཆེན་གྱིས་བཟོས་པའི་སྒོ་ཡོལ་ཡར་བཀྱགས་ནས་ནང་དུ་ཕྱིན་པས། ཁང་པའི་ནང་གི་པང་གཅལ་མེ་ལོང་ལྟར་དྭངས་ཤིང་བདུག་སྤོས་ཀྱི་དྲི་བཟང་འཐུལ་བ་དང་། བྱ་འབྲུག་ཁ་སྤྲོད་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་བརྐོས་པའི་མདུན་ཅོག་དང་ཉལ་ཁྲི། སྒྲོམ་བུ་སོགས་ལས་བོད་ལུགས་ཀྱི་ཁྱད་ཆོས་མངོན་ཞིང་། འཁྱག་སྒམ་དང་བརྙན་འཕྲིན། ཐབ་ཀ །ལུས་པོ་འཁྲུ་ཆས། དེ་བཞིན་གློག་དང་ཁྱིམ་སྤྱོད་དྲ་བ་སོགས་ལས་དེང་རབས་ཀྱི་ཁྱད་ཆོས་མངོན་འདུག བསོད་ནམས་རིན་ཆེན་བཟའ་མི་གཉིས་ཀྱིས་བོད་པའི་ཁྱིམ་ཚང་ཡ་རབས་ཤིག་གི་ཚུགས་ལྟར་མགྲོན་པོ་ལ་གུས་བཀུར་ཆེ་ཞིང་། ཁ་ཞེ་གཉིས་མེད་ཀྱིས་སྣེ་ལེན་བྱེད་བཞིན་འདུག །དེ་ནས་ང་ཚོས་བསོད་ནམས་རིན་ཆེན་ཚང་གི་གནའ་ནས་ད་ལྟའི་བར་གྱི་འཕོ་འགྱུར་སོགས་ལ་རྒྱུས་ལོན་བྱེད་འགོ་བརྩམས་པ་ཡིན། ཁོ་དང་ཁོའི་བཟའ་ཟླ་གཉིས་ནི་ལོ་ན་སུམ་ཅུ་ལྷག་ལ་སོན་ཡོད་ཀྱང་། ཆུང་དུས་ཁྱིམ་གྱི་ཆ་རྐྱེན་ཞན་པས་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་མ་བྱུང་། གཙོ་བོ་ཕྱུགས་ལ་བརྟེན་ནས་འཚོ་ཐབས་བྱས་ཀྱང་ཕྱུགས་ཟོག་གི་གྲངས་ཀ་ཉུང་བ་དང་ཁྱིམ་དུ་ཕྲུ་གུ་མང་པོ་ཡོད་པ་སོགས་ཀྱིས་རྐྱེན་ནས་དབུལ་ཕོངས་ཀྱི་གནས་སུ་ལྷུང་།
སྐབས་དེར་ཁོའི་སེམས་སུ་ཕྲུ་གུ་རྣམས་སློབ་གྲྭ་རུ་གཏོང་རྒྱུའི་འདུན་པ་ཆེ་ནའང་། འབྲོག་ས་དང་སློབ་གྲྭའི་བར་ཐག་རིང་ཞིང་། དབྱར་དགུན་སྟོན་དཔྱིད་ཀྱི་མཚེར་ས་ལ་འགྱུར་ལྡོག་ཆེ་བ་དང་། ད་དུང་འབྲོག་ས་རུ་ཙག་ཙིག་གི་བྱ་བ་མང་བ་སོགས་ཀྱི་རྐྱེན་གྱིས་ཕྲུ་གུ་རྣམས་ཀྱང་ཕ་མ་གཉིས་ལྟར་ཀ་ཁ་ཙམ་ཡང་མི་ཤེས་པའི་གནས་སུ་ལྷུང་ལ་ཉེ། ལོ་འགའི་ཡར་སྔོན་དུ་ཁོ་པ་ཚང་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་གནད་སྨིན་དབུལ་སྐྱོར་གྱི་འཆར་ཟིན་ནང་བཀོད་པས། བསོད་ནམས་རིན་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རེ་བའི་སྨྱུ་གུ་འབུས། ལོ་གཉིས་ཀྱི་ཡར་སྔོན་དུ་དཀར་མཛེས་རྫོང་སྲིབ་ངོ་ཡུལ་ཚོ་རྒྱུད་བཟང་ལུང་པའི་དབུལ་ཕོངས་གནས་སྤོ་བྱ་ཡུལ་ལེགས་གྲུབ་བྱུང་ཞིང་། ཁྱིམ་གྱི་གནས་ཚུལ་ལྟར་སྲིད་གཞུང་གིས་ཁོ་པ་ཚང་ལ་རིན་མེད་སྒོས་ཐོག་བརྩེགས་གཉིས་ཅན་གྱི་སྤྲོ་སྐྱིད་ཁང་པ་འདི་བྱིན་པས། བསོད་ནམས་རིན་ཆེན་ཁྱིམ་མི་ལྔ་པོ་རྫོང་མཁར་དུ་གནས་སྤོས་ཤིང་ཕྲུ་གུ་ཚོས་དེང་རབས་ཀྱི་སློབ་གསོ་མྱོང་འགོ་བརྩམས། ད་ལྟ་བུ་མོ་ཆུང་བ་རྫོང་བྱིས་གཉོར་ཁང་དང་། བུ་མོ་ཆེ་བ་དང་འབྲིང་བ་གཉིས་སོ་སོས་རྫོང་སློབ་ཆུང་གཉིས་པའི་ལོ་རིམ་གསུམ་པ་དང་བཞི་པ་རུ་སློབ་སྦྱོང་བྱེད་བཞིན་འདུག །ཁོའི་བཟའ་ཟླས་རྫོང་མཁར་གྱི་སྣ་མང་ཚོང་ཁང་ཞིག་ཏུ་ཞབས་ཞུ་མའི་ལས་ཀ་གཉེར་བཞིན་ཡོད་ལ། ཁོ་རང་དབྱར་ཟླ་དང་པོ་དང་གཉིས་པ་ལ་ཕྱིར་འབྲོག་ས་རུ་ལོག་ནས་དབྱར་རྩྭ་དགུན་འབུ་སོགས་རྩྭ་སྨན་འཐུ་བཞིན་ཡོད།

དེ་ནས་ངེད་བཅར་འདྲི་ཚོ་ཆུང་གིས་ཁོང་བཟའ་མི་ཡོངས་དང་ལྷན་དུ་འདྲ་པར་ཞིག་བླངས་ནས་ཕྱིར་སྡོད་གནས་སུ་ལོག་པ་ཡིན། ཉལ་ཁྲི་ལ་གན་ནས་ཡུད་ཙམ་བསྡད་པས་ཡིད་ཀྱི་བུ་ཆུང་ལ་གཤོག་ཟུང་ཐོགས་ཏེ་དེ་རིང་གི་བཅར་འདྲི་བྱ་ཡུལ་དུ་སྐྱོད་སོང་། སྤྲོ་སྐྱིད་ཁང་གི་ཟུར་ཁ་རེ་རེ་ནས་འཆམ་མཐུན་ལྡན་པའི་ཁྱིམ་ཚང་ཞིག་གི་དྲོད་ཁོལ་མངོན་ཞིང་།
བཟའ་མི་གཉིས་ཀྱི་ལྷད་མེད་འཛུམ་མདངས་ལས་བརྩེ་བ་ཟབ་མོའི་རང་མདངས་འཆར། ཕྲུ་གུ་དག་གི་སྤྱང་དྲུང་ལྡན་པའི་མིག་ཟུང་ལས་མི་རིགས་ཤིག་གི་མ་འོངས་རེ་བའི་འོད་སྣང་འཚེར། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1