ད་ལྟའི་སི་ཁྲོན་བོད་ཡིག་སློབ་གྲྭའི་མདུན་སྒོ།
གྲངས་ཀའི་འགྱུར་ལྡོག
ལོ་རབས་བརྒྱད་ཅུ་པའི་ལོ་འགོར། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚ་རླབས་མུ་མཐུད་དུ་མཐོ་རུ་འཕྱུར་བས། བོད་ཀྱི་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་མྱུར་སྐྱོབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དུས་སྐབས་ཤིག་ལ་སླེབས། སྐབས་དེར་སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱིས་སྣེ་ཁྲིད་ནས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་ཞིང་ཆེན་སྲིད་གཞུང་སོགས་སུ་སྡེ་དགེ་རུ་བོད་ཀྱི་རིག་གནས་ཆེད་སྦྱོང་སློབ་གྲྭ་ཞིག་འཛུགས་རྒྱུའི་སྙན་ཞུ་ཕུལ། དེ་ལྟར་དཀའ་ཚེགས་འོ་བརྒྱལ་གང་མང་མྱངས་བའི་མཐར། སྤྱི་ལོ་1981ལོའི་ཟླ་8པའི་ཚེས་31ཉིན། སློབ་གྲྭ་འཛུགས་ཆོག་པའི་ཆོག་མཆན་གནང་། དེ་ལྟར་ཞིང་ཆེན་བོད་ཡིག་སློབ་གྲྭ་ཆེས་ཐོག་མར་སྡེ་དགེ་རྫོགས་ཆེན་དུ་བཙུགས་ལ། སློབ་གྲྭར་དགེ་རྒན་ལས་བཟོ་པ་ཁྱོན་24དང་དེ་དག་ལས་དངོས་ཞུགས་ལས་སྒྲུབ་པ་9 གནས་སྐབས་ལས་སྒྲུབ་པ་7དང་གདན་ཞུས་དགེ་རྒན་8ལས་གྲུབ། སྐབས་དེའི་སློབ་གྲྭ་དང་དགེ་རྒན་གྱི་ཆ་རྐྱེན་གྱིས་1982ལོར་བོད་སྐད་ཡིག་དང་བོད་སྨན། བཟོ་རིག་བཅས་ཆེད་སྦྱོང་གསུམ་ལ་སློབ་མ་80བསྡུ་རྒྱུའི་འཆར་གཞི་བཀོད།
དེ་ལྟར་སི་ཁྲོན་ཞིང་ཆེན་གྱི་འགན་འཛིན་རྣམ་པའི་ཐུགས་ཁུར་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་མ་སྐུལ་དང་བླངས་ཀྱི་རོགས་རམ་ལས། ལོ་ངོ་སུམ་ཅུ་ལྷག་གི་བཀའ་སྡུག་དང་འབད་བརྩོན་ཁྲོད་ནས། ད་ལྟ་སློབ་གྲྭ་ཡོངས་ལ་ལས་སྒྲུབ་མི་སྣ་66དང་སློབ་མ་1359རུ་འཕེལ་རྒྱས་བྱུང་ཡོད་པ་དང་སློབ་གྲྭའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་35213ཡོད།
སྒྲིག་གཞི་ལམ་ལུགས་ཀྱི་འགྱུར་ལྡོག
དུས་རབས་ཀྱི་དགོས་དབང་གིས་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་འཛུགས་པའི་དུས་སུ། སྒྲ་རིག་དང་བཟོ་རིག །གསོ་རིག་སོགས་ཀྱི་ཆེད་ལས་རང་བཞིན་གྱི་དགེ་རྒན་ཧ་ཅང་དཀོན་པས། སྔ་དུས་སུ་དགོན་སྡེ་སོགས་ནས་བཅུ་ཕྲག་རིག་གནས་ལ་སྦྱངས་པ་བྱས་པའི་མཁས་པ་དང་སྐྱེས་ཆེན་དམ་པ་ཁག་གཅིག་བོད་ཡིག་སློབ་གྲྭའི་དགེ་རྒན་དུ་གདན་ཞུ་བྱས་ནས་སློབ་ཁྲིད་བྱེད་དུ་བཅུག་པ་དང་། སློབ་གྲྭ་རང་ཉིད་ཀྱི་འབད་བརྩོན་དང་གོང་འགོ་ཁྲིད་རྣམ་པའི་ཐུགས་བརྩེའི་འོག་ཏུ། སྤྱི་ཚོགས་ཀྱི་ལས་རིགས་མང་པོ་ནས་ཡོན་ཏན་གྱི་ཆུ་ཚད་ངེས་ཅན་ལྡན་པའི་ལས་བྱེད་པ་སོགས་དགེ་རྒན་དུ་གདན་འདྲེན་བྱས། དེ་ལྟར་ལོ་ཟླའི་འཁོར་འགྲོས་དང་བསྟུན་ལ་སྐྱེས་ཆེན་དམ་པ་དེ་དག་གི་བཀའ་དྲིན་གྱིས་དུས་ད་ལྟར་བོད་ཡིག་སློབ་གྲྭ་རུ་ཆེད་ལས་དགེ་རྒན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། འབུམ་རམས་པ་དང་ཞིབ་འཇུག །དངོས་གཞི་སོགས་བོད་སྐད་ཡིག་དང་བཟོ་རིག །གསོ་རིག་སོགས་དགེ་རྒན་ཆེད་ལས་ཀྱི་ཐོབ་ཐང་ལྡན་པའི་དགེ་རྒན་མང་པོ་ཡོད། མ་ཚད་དེང་རབས་ཀྱི་སློབ་ཁྲིད་སྒྲིག་ཆས་ལས་རྩིས་འཕྲུལ་དང་སྨྱན་སྦྱོར་སོགས་དེང་རབས་སློབ་ཆས་མ་འདུས་པ་མེད་པའི་དེང་རབས་སྣ་འཛོམས་སློབ་གྲྭ་ཞིག་ཏུ་གྱུར་ཡོད། དེ་ཡང་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་རྣམས་ནི་སི་ཁྲོན་ཞིང་ཆེན་དང་རྒྱལ་ནང་གི་མི་རིགས་སློབ་གྲྭ་ཆེ་འབྲིང་ཁག་དང་རྒྱལ་ཁབ་ཀྱི་ལས་ཁུངས་སོགས་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ནས་ཡོད་ལ། དེ་ཡང་གསེར་ས་འོག་དང་འོད་ནམ་མཁའི་དཔེ་ལྟར་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཐུགས་བརྩེ་བས་བསྐྱངས་པའི་སློབ་མ་དེ་དག་གིས་ནམ་ཡིན་རུང་ང་ནི་བོད་ཡིག་སློབ་གྲྭའི་སློབ་མ་ཞིག་ཡིན་ཞེས་མགོ་བོ་མཐོ་རུ་བསྒྲེངས་ནས་བཤད་ཆོག་ཆོག་ཡིན་ལ་བཤད་ཀྱང་བཤད་བཞིན་ཡོད།
འཛུགས་སྐྲུན་གྱི་འགྱུར་ལྡོག
1981ལོའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་འཛུགས་མཛད་སྒོ།
1981年省藏校建校典礼
སྦྲ་གུར་ནང་དུ་སློབ་ཁྲིད་བྱེད་བཞིན་པ།
在帐篷里上课
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དར་མདོའི་སློབ་ར།
四川省藏文学校康定校址
ཞིང་ཆེན་བོད་ཡིག་སློབ་གྲྭའི་ཆེས་ཐོག་མའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་400ཡོད་ལ། དེ་ཡང་སྦྲ་གུར་སློབ་གྲྭ་ཞེས་སུ་འབོད། ས་རྒྱ་ཆེ་རུང་མ་དངུལ་དང་དགེ་རྒན་གྱི་ཆ་རྐྱེན་གྱིས་སྦྲ་གུར་དུ་སློབ་ཁྲིད་བྱེད་བཞིན་ཡོད། དབྱར་ཐོག་ཆར་པ་དྲག་ཏུ་འབབ་པ་དང་དགུན་ཁར་གྲང་ངར་བཟོད་པར་དཀའ་བ་སོགས་ཀྱི་དཀའ་སྡུག་གི་ལོ་ཟླ་དེ་དག་ལ། སློབ་གྲྭའི་དགེ་སློབ་ཚང་མས་ཉིན་ནས་ཉིན་དང་ཟླ་ནས་ཟླ། ལོ་ནས་ལོ་ལ་མི་རིགས་སློབ་གསོའི་ལས་དོན་དུ་འབད་པ་ལྷད་མེད་ཀྱིས་རྒྱུན་འཁྱོངས་བྱས་ནས། ཐོག་མའི་སྦྲ་གུར་སློབ་ཁང་ནས་དུས་ད་ལྟར་དགེ་རྒན་སྡོད་གནས་དང་སློབ་མའི་སྡོད་གནས། སྣ་འཛོམས་ཐོག་ཁང་དང་སློབ་ཁྲིད་ཐོག་ཁང་། དཔེ་མཛོད་ཐོག་ཁང་དང་ཞིབ་འཇུག་ཐོག་ཁང་། སྨྱན་སྦྱོར་གསར་པའི་སློབ་ཁང་སོགས་སློབ་གྲྭ་སྤྱི་ཡོངས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་35213ཡོད་པའི་སློབ་གྲྭ་ཚད་ལྡན་ཞིག་ཏུ་གྲུབ་ཡོད།
ཞིབ་འཇུག་གི་འགྱུར་ལྡོག
མི་རིགས་སློབ་གསོ་ནི་ལོ་རྒྱུས་རྒྱུན་རིང་ལ་ཞིབ་འཇུག་གཏིང་ཟབ་པ། དེ་ཡང་སློབ་གསོའི་ལས་དོན་སྒྲུབ་པའི་སྡེ་ཁག་ཅིག་ལ་ཆ་མཚོན་ནས་བཤད་ན། སློབ་གསོ་དང་སློབ་མ་སྐྱོང་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན་ལ། དེ་དང་འགྲོགས་ནས་མི་རིགས་སློབ་གསོའི་ལས་དོན་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡང་ངེས་པར་ཏུ་ཤུགས་རྒྱག་དགོས་པའི་གནད་གལ་ཆེན་ཞིག་རེད།
ཐོག་མའི་སྦྲ་གུར་སློབ་གྲྭའི་སྐབས་སུ་ཕྱི་ནང་གང་རུང་གི་ཆ་རྐྱེན་གྱིས་སློབ་ཁྲིད་བྱ་རྒྱུ་ལས་ལས་དོན་གཞན་ཞིག་སྒྲུབ་འདོད་ཡོད་ཀྱང་ཤུགས་ཀྱིས་མི་འདང་པའི་དཔེ་ལྟར་སྒྲུབ་ཐུབ་བཞིན་མེད་ལ་སྐབས་དེའི་ཆེས་གལ་ཆེ་བའི་ལས་ཀ་ནི་མི་རིགས་སློབ་གསོའི་རྗེས་རབས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་འདུག། ཡིན་ན་ཡང་གོང་འགོ་ཁྲིད་ཀྱི་ཐུགས་ཁུར་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར། སྐྱེས་ཆེན་དམ་པ་དེ་དག་གི་དཀའ་ལས་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ཁྲོད་ནས་གོང་དུ་བཤད་པ་ནང་བཞིན། རྒྱལ་ནང་གི་གྲུ་ག་སོ་སོ་ན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་ཧ་ཅང་མང་ལ་རང་རང་གི་ས་ནས་གྲུབ་འབྲས་ཀྱང་ངེས་ཅན་རེ་ཐོབ་བཞིན་ཡོད། ད་ནི་ཞིང་ཆེན་བོད་ཡིག་སློབ་གྲྭ་འདི་ཕྱི་ཡི་སྤྱི་ཚོགས་སུ་བོས་ན་མིང་ཡོད་ལ་བགོས་ན་སྐལ་ཡོད་པ། ནང་སློབ་གསོ་ཡི་སྡེ་རུ་གྲུབ་འབྲས་བལྟས་ན་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། སྔ་མའི་གསོ་རིག་ཚོད་ལྟ་ཁང་དང་བཟོ་རིག་ཚོད་ལྟ་ཁང་སོགས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་ཕྱིན་པའི་ཐོག་ནས་ད་ནི་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་བོད་རིག་པའི་ཞིབ་འཇུག་གི་སྡེ་ཁག་བཙུགས་ཡོད་པ་དང་ལོ་རེ་ནས་ལོ་རེ་བཞིན་བོད་ཀྱི་ཤེས་རིག་སྐོར་གྱི་ལས་གཞིའི་རྣམ་གྲངས་ཀྱི་སྐོར་ལ་འབད་བཞིན་ཡོད་དོ། །
ལོ་ངོ་སུམ་ཅུ་ལྷག་གི་སློབ་གསོ་ཡི་རྒྱུད་ལམ་རིང་པོ་འདི། ཆུ་མོའི་བཞུར་སྒྲ་དང་ཁུ་བྱུག་གི་གསུངས་ལ་ཉན་པ་བཞིན་དགེ་རྒན་འགྱུར་མེད་ཚེ་དབང་ལགས་ཀྱི་མདུན་ནས་རྒྱུས་ལོན་རེ་བྱས་ན། ཡིད་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་རྣོན་པོ་རེ་རང་བཞིན་གྱིས་སྐྱེས་ཡོང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་བགྲང་བྱ་70ལོན་པའིི་དུས་དེ་རིང་། ང་ཚོས་འགོ་ཁྲིད་རྣམ་པ་དང་ས་གནས་སྲིད་གཞུང་། སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་དག་གི་བཀའ་དྲིན་ལ་ཡི་རངས་བྱེད་ལ། ལོ་ངོ་སུམ་ཅུ་ལྷག་གི་ལོ་ཟླའི་ཁྲོད་ནས་མི་རིགས་སློབ་གསོའི་ལས་དོན་ལ་རང་ནུས་གང་ཡོད་ཕུད་པའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་ཡོད་པའི་མི་བུ་ཡོངས་ལ་ཡང་བཀའ་དྲིན་ཞུ། མ་འོངས་པར་ཞིང་ཆེན་བོད་ཡིག་སློབ་གྲྭའི་མི་རིགས་སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཁ་གཡང་འབོད། །