སྤྱི་ཟླ་8པའི་ཚེས་15ཉིན། ངེད་གསར་འགོད་ཚོ་ཆུང་གསེར་རྟ་རྫོང་མཁར་དང་བར་ཐག་ལེ་དབར་83ཡོད་པའི་སྦོ་མདའ་གྲོང་རྡལ་དུ་བཅར་འདྲིར་བསྐྱོད། སྦོ་མདའ་གྲོང་རྡལ་གྱི་ལྟེ་གནས་སྨན་ཁང་གི་སྒོ་ཆེན་ནས་ནང་དུ་འཛུལ་མ་ཐག །ར་བའི་ལྡུམ་ར་ནས་འཐུལ་ཡོང་བའི་མེ་ཏོག་གི་དྲི་ངད་ཀྱིས་མྱོས་ཞིང་། སྨན་ཁང་ཕྱི་ནང་གི་ཁོ་ར་ཁོར་ཡུག་ཏུ་གཙང་སྦྲ་ལེགས་པོ་བྱས་འདུག །ནད་སྡོད་ཁང་དང་སྒོ་བསྟེན་སྨན་བཅོས་ཁང་གཉིས་ཁ་སྤྲོད་དུ་གནས་ཤིང་། ནད་སྡོད་ཁང་གི་སྒོ་འགྲམ་དུ་སྒྲིག་སྦྱོར་ཆ་ཚང་ལྡན་པའི་མྱུར་སྐྱོབ་རླངས་འཁོར་ཞིག་བཞག་འདུག་ལ། ཕྱིའི་བཟོ་བཀོད་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་ཁང་དེ་ཉི་འོད་ཀྱི་འོག་ཏུ་ཀྲང་ངེར་འགྱིང་འདུག
གསེར་རྟ་རྫོང་སྦོ་མདའ་གྲོང་རྡལ་ལྟེ་གནས་སྨན་ཁང་དུ་ཁ་གཏད་རོགས་སྐྱོར་དུ་ཡོང་བའི་ཝུན་ཅང་ཆུས་མི་དམངས་སྨན་ཁང་གི་སྨན་པ་ཕང་ཀུའོ་ཁུའོ་ཡིས་ལས་དོན་སྒྲུབ་བཞིན་པ།
སྦོ་མདའ་གྲོང་རྡལ་གྱི་ལྟེ་གནས་སྨན་ཁང་ལ་མིང་གཞན་དུ་སྦོ་མདའ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཞེས་འབོད་ཅིང་། གསེར་རྟ་རྫོང་མི་དམངས་སྨན་ཁང་གི་ཡན་ལག་སྨན་ཁང་ཞིག་རེད་ལ། སྤྱི་ལོ་2014ལོའི་ཟླ་4པའི་ཚེས་16ཉིན་གསར་དུ་བསྐྲུན་ཞིང་། ལོ་གཅིག་ལྷག་གི་རྗེས་ཏེ་སྤྱི་ལོ་2015ལོའི་ཟླ་10པའི་ཚེས་20ཉིན་ལེགས་གྲུབ་བྱུང་བ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི་1300བཏང་བ་རེད། དེ་ལས་གསེར་རྟ་རྫོང་རང་ཉིད་ཀྱིས་འཛུགས་སྐྲུན་ཐད་སྒོར་ཁྲི་436བཏང་བ་དང་ཝུན་ཅང་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་དུ་སྒོར་ཁྲི་864བཏང་བ་རེད། སྨན་ཁང་གི་ད་ལྟ་གསར་དུ་སྐྲུན་པའི་ལས་ཀའི་བཀོལ་སྤྱོད་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞིན་མ་2085.12ཡོད་ལ། འཚོ་བའི་བཀོལ་སྤྱོད་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1341.66ཡོད། སྨན་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་རྗེས་དེའི་ཞབས་ཞུའི་ཁྱབ་ཁོངས་སུ་གསེར་རྟ་རྫོང་ཁོངས་ཀྱི་“ཡུལ་ཚོ་བཞི་དང་གྲོང་རྡལ་གཅིག་”གི་མི་གྲངས་13000ལྷག་ཚུད་ཡོད། ད་ལྟ་སྨན་ཁང་དེའི་ནང་སྣ་འཛོམས་སྒོ་བསྟེན་ཚན་ཁག་དང་བོད་སྨན་ཚན་ཁག །སྨན་རྫས་ཁང་། བརྟག་དཔྱད་ཚན་ཁག །གཟུགས་བརྙན་ཚན་ཁག །སྣ་འཛོམས་ནད་སྡོད་ཁང་། སྤྱི་པའི་འཕྲོད་བསྟེན་ཚན་ཁག་སོགས་ཀྱི་སྨན་བཅོས་ཞུབས་ཞུའི་སྡེ་ཁག་འདུས་ཡོད་ལ། བསྡོམས་པས་སྨན་པ་24ཡོད་པ་དང་། དེ་ལས་སྨན་པ་གཉིས་ནི་ཝུན་ཅང་ས་ཁུལ་ནས་ཡོང་བའི་ཁ་གཏད་རོགས་སྐྱོར་གྱི་སྨན་པ་ཡིན།
སྨན་པས་ནད་པར་སྨན་བཅོས་བྱེད་བཞིན་པ།
医生正在帮助住院患者进行治疗
སྒོ་བསྟེན་ཁང་གི་ཐོག་བརྩེགས་གཉིས་པའི་ཐོག་ཏུ། ཝུན་ཅང་ཆུས་ཀྱི་མི་དམངས་སྨན་ཁང་ནས་ཡོང་བའི་སྨན་པ་ཕང་ཀུའོ་ཁུའོ་ཡིས་ནད་པ་ཞིག་ལ་ཟ་འདུག་འགྲོ་གསུམ་ལ་དོགས་ཟོན་དགོས་ཚུལ་དང་།ངེས་པར་དུ་དུས་ལྟར་སྨན་ལ་བསྟེན་ནས་བསྐྱར་དུ་བརྟག་དཔྱད་བྱེད་ས་ཡོང་དགོས་ཚུལ་སོགས་ནན་གྱིས་བཤད་བཞིན་འདུག །ཁོས་གསར་འགོད་པ་ལ་ཁོ་རང་ད་ལོའི་ལོ་འགོ་ལ་གནས་དེར་ལས་དོན་སྒྲུབ་ཏུ་ཡོང་བ་དང་། དེ་གའི་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པས། དུས་ཚིགས་རང་བཞིན་གྱི་ནད་རིགས་ཅུང་མང་ཞིང་ཚབས་ཆེ་བ་དང་། སྐབས་འགར་ཉིན་གཅིག་ལ་ནད་པ་20ལྷག་ལ་སྨན་བཅོས་བྱེད་དགོས་ཚུལ་སོགས་བཤད། ད་དུང་ཁོས་གསེར་རྟ་རུ་ལོ་གཅིག་ལྷག་ལ་ལས་དོན་བསྒྲུབ་དགོས་ཤིང་། གནས་དེ་རུ་ཁོས་སྨན་བཅོས་གཅིག་པུ་ཙམ་མིན་པར། ཆེས་གལ་ཆེ་བ་ནི་“སྤེལ་རོགས་ཁྲིད་གསུམ་”གྱི་བསམ་བློ་དར་སྤེལ་གཏང་དགོས་ལ། ས་གནས་དེ་རུ་ལག་རྩལ་བཞག་ནས། ཁྲག་འདྲེན་པ་དེ་ཁྲག་བཟོ་བ་ལ་བསྒྱུར་ཞིང་། དེ་ལས་ལེགས་པ་དང་དེ་ལས་ཡུན་རིང་བའི་སྒོ་ནས་ས་གནས་ཀྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།
ནད་སྡོད་ཁང་གི་ནད་པ་དང་ནད་པའི་ཁྱིམ་མི།
住院患者及家属