༄༅།། ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་སྒྲ་གདངས་ཀྱི་ཁྱད་པར་སྐོར་གླེང་བ།

ཀུན་ཁྱབ་ཀླུ་བྱམས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-04


ཀུན་ཁྱབ་ཀླུ་བྱམས།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་དུ་སྒྲ་གདངས་ཀྱི་ཁྱད་པར་ཆེན་པོ་ཡོད་པར་དམིགས་ནས། དངོས་སུ་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཨམ་སྐད་སྨྲ་ཁོངས་རྫོང་ཁག་བཅུ་ལྷག་ལ་བསྐྱོད་དེ། ཡུལ་དངོས་བཅར་འདྲི་དང་གཤིབ་བསྡུར་གང་མང་བྱས་མཐར། ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་སྒྲ་གདངས་ཀྱི་ཁྱད་པར་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] ཨ་མདོ། ཁ་སྐད། ཡིག་སྐད། ཁྱད་པར། འབྲེལ་བ། སྒྲ་ཇི་བཞིན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0122-18
             དེ་ཡང་ཀུན་གྱིས་མཁྱེན་གསལ་ལྟར། ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་དུ་སྒྲ་གདངས་ཀྱི་ཁྱད་པར་ཆེན་པོ་ཡོད་པ། དཔེར་ན། བཏུང་ཕོར་དཀར་ཡོལ་གྱི་མིང་ལ་ཀ་བུའུ་དང་ཀ་རུའུ་ཟེར་བ། དམ་ལྷོད་ལ་དང་ལྷོད། ཕྱི་དྲོ་ལ་ཤི་དྲོ། གཡོན་ལག་ལ་ཉོ་ལག་ཟེར་བ་སོགས་ལྟ་བུ།ཡང་ཨམ་སྐད་ཁྲོད། ད་ལྟའི་བར་སྒྲ་ཇི་བཞིན་དུ་ཡི་གེ་འབྲི་སྲོལ་བྱུང་མེད་པའམ་འབྲིར་ཁག་པའི་བརྡ་ཆད་མང་པོ་ཞིག་ངག་ཐོག་ཏུ་ལུས་ཡོད་པ། དཔེར་ན། ཉི་མ་ནུབ་རིའི་ཕག་ལ་ཡིབ་པའམ་ཡལ་བའི་དོན་ལ་ཉི་མ་འགྱལ་ཟེར་ཞིང་། སྒེའུ་ཁུང་ངམ་དྲ་མའི་མིང་ལ་བྱག་ཙེའམ་བྱག་ཚེ།(བྱ་ཚེ་ཞེས་པའི་གདངས་ཐོན།) ཀུ་རེ་རྩེད་པའི་དོན་ལ་དཔྱ་ང་བཤད་པ་ཡིན། བསྡིགས་པའམ་གཤེ་གཤེ་བཏང་བའི་དོན་ལ་བསྐུགས་ཟེར་བ་སོགས་ལྟ་བུ། ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་དུ་ཁྱད་པར་དེ་འདྲ་ཡོད་ཚེ་དེ་གཉིས་བར་དུ་འབྲེལ་བ་ངེས་ཅན་ཞིག་ཀྱང་ཡོད་ཁོ་ཐག་ཡིན་པས།འབྲེལ་བ་ཇི་ལྟར་ཡོད་ལུགས་ཀྱི་གསང་གནད་དེ་རྟོགས་སླད། ཁོ་བོ་ཆེད་དུ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཨམ་སྐད་སྨྲ་ཁོངས་ཀྱི་རྫོང་ཁག་བཅུ་ལྷག་ལ་བསྐྱོད་ནས། ཡུལ་དེ་དག་གི་མཁས་པ་རྣམ་པར་བཀའ་འདྲི་ཞུས་ཏེ་ཞིབ་འཇུག་བྱས་མཐར། ད་གཟོད་ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་གྱི་གསང་གནད་ཇི་ལྟར་དགྲོལ་བར་སྡོམ་ཆིངས་ནང་བཞིན་གྱི་གསེད་བཀྲོལ་ཐབས་འགའ་རྙེད་པས། ལས་འདིར་འཇུག་པ་ཡངས་པའི་མཁས་དབང་རྣམ་པར་གྲོས་གཞི་སློང་བའི་ཚུལ་དུ་དབུལ་བར་བྱའོ།།
             དང་པོ། མིང་གཞི་ལ་དབྱངས་འདོགས་འཕུལ་རྟེན་སོགས་ཞུགས་པའི་དབང་གིས་གཞི་གདངས་ལ་འགྱུར་བ་ཐོན་ཚུལ།
             གཅིག  མིང་གཞི་ཁ་ཡིག་ཅན་འགའ་ཞིག་ལ་སྐབས་འགར་“ཧྭ་”སྒྲ་ཐོན། དཔེར་ན། རས་སོགས་འདྲ་བྱེད་ཀྱི་(ཁེ་གྲི་)ལ་ཧྭེ་དགྱི་ཟེར་བ།(ས་ཁུལ་ལ་ལས་ཁེ་གྲི་ཞེས་སྒྲ་ཇི་བཞིན་དུ་ཐོན།) གྲི་སོགས་ཀྱི་ཁ་གཙུབ་རྡར་ངོས་སུ་འཇམ་འདྲད་བྱས་པའི་དོན་གྱི་(ཁ་ཕུར་བྱས་)ཞེས་པ་ལ། ཨམ་སྐད་དུ། ཧྭ་བུར་བྱས་ཞེས་པའི་སྒྲ་ཐོན། གྲིས་མི་ཆོད་ན་རྡོ་རྩུབ་ངོས་ལ་ཁ་ཕུར་ཞིག་བྱོས་ཟེར་བ་ལྟ་བུ། ཕྲང་དོག་སའི་དབྲག་བར་རམ་སྲུབས་བར་ནས་སོང་བའི་དོན་གྱི་(ཁ་བར་ནས་སོང་)ཞེས་པ་ལ། ཨམ་སྐད་དུ། ཧྭ་བར་ནས་སོང་ཞེས་པའི་གདངས་ཐོན། བཤད་པའི་ཚིག་ལ་མི་ཉན་པའམ་བློ་ཁ་བསྒྱུར་མི་ནུས་པའི་དོན་གྱི་(ཁ་མེད་ཀི་)ཞེས་པར། ཨམ་སྐད་དུ། ཧྭ་མེད་ཀི་ཞེས་པའི་གདངས་ཐོན། དཔེར་ན། ང་མ་སོང་ན་ཁོ་ལ་ཁ་མེད་ཀིན།(ཧྭ་མེད་ཀིན།) ངས་ཇི་ལྟར་བཤད་ཀྱང་ཁོ་ལ་ཁ་མེད་ཀིན་(ཧྭ་མེད་ཀིན་)ཟེར་བ་ལྟ་བུ། སུན་སྣང་ངམ་མ་རངས་པའི་དོན་མཚོན་བྱེད་ཀྱི་(ཨ་ཁ་ཁ་)ཞེས་པར། ཨམ་སྐད་དུ། ཨ་ཧྭ་ཧྭ་ཞེས་པའི་གདངས་ཐོན། ཨ་ཁ་ཁ་(ཨ་ཧྭ་ཧྭ་)ཁྱོས་ང་ལ་དགྲ་ཞིག་མ་བྱས་ན་མི་ཆོག་གམ་ཟེར་བ་ལྟ་བུ། སྣང་བ་མཐོན་པོ་ཅན་ནམ་རང་མཐོང་ཆེ་བའི་མིར་(ཁེངས་རྐྱལ་)ཟེར་བ་ལ། ཨམ་སྐད་དུ། ཧྭེངས་རྐྱལ་ཞེས་པའི་གདངས་ཐོན། ཁ་སང་དེ་རིང་མི་དེ་ཁེངས་རྐྱལ་“ཧྭེངས་རྐྱལ་”ཞིག་ཏུ་ལོག་ཡོད་ཟེར་བ་ལྟ་བུའོ།།
             གཉིས།  མགོ་འདོགས་མེད་ཅིང་དབྱངས་བཞི་གང་རུང་ལྡན་པའི་མིང་གཞི་ག་ཟླུམ་ཅན་གྱི་ཡི་གེ་ཁག་ཅིག་ལ་སྐབས་འགར་“ཝ་”སྒྲའི་གདངས་འདྲ་ཐོན། དཔེར་ན། ལྗོན་ཤིང་མ་གལ་ལ་མ་ཝལ་ཞེས་དང་། ལྗོན་ཤིང་གི་ར་ལག་ལ་ཡལ་ག་ཟེར་བར་ཡལ་ཝ། དངོས་གོང་ལ་དངོས་ཝོང་།མཚན་སྙན་གྲགས་དོན་གྱི་ཁ་གོང་ལ་རྒྱ་ལ་ཁོག་ཝོང་ལ་རྒྱ་ཟེར་ཏེ། 《མགོ་ལོག་རུས་མཛོད་རྒྱས་པ་》རུ། …ཕྱིའི་ཁ་གོང་དང་། ནང་གི་ལ་རྒྱ། ①ཞེས་འབྱུང་། འགྲམ་པའི་ཟ་གོང་ལ་ཟ་ཝོང་། བུ་མོས་གནས་ཡུལ་ནས་གནས་གོང་ཆོད་མ་ཆོད་ལ་གནས་ཝོང་ཆོད་མ་ཆོད། ཡུལ་གོང་ཆོད་མ་ཆོད་ལ་ཡུལ་ཝོང་ཆོད་མ་ཆོད།(འདི་གཉིས་ལ་གནས་གོ་ཆོད་མ་ཆོད་དང་། ཡུལ་གོ་ཆོད་མ་ཆོད་འབྲི་བའང་མཆིས། དེ་ལྟར་ན་ཝོ་སྒྲ་ཐོན།) རྟའི་ཐོག་ཏུ་ཞོན་པའི་དོན་གྱི་རྟ་གོང་ལ་བུད་ཅེས་པར་རྟ་ཝོང་ལ་བུད། རྟ་གོང་ནས་མར་བབས་པ་ལ་རྟ་ཝོང་ནས་བབས་ཟེར་བ་ལྟ་བུ། མཚོ་སྔོན་གྱི་མགོ་ལོག་དང་། ཀན་ལྷོའི་རྨ་ཆུ་རྫོང་། སི་ཁྲོན་གྱི་ཁྱུང་མཆུ་རྫོང་སོགས་ཀྱི་སྐད་དུ། ཁལ་འགེལ་བ་ལ་ཝལ་འགེལ་བ་ཟེར། དེ་ནི་ཁལ་གྱི་ཚབ་ཏུ་གལ་བྲིས་པས་ཝལ་སྒྲ་ཐོན་པ་ཡིན། ལྷ་ཁང་ལ་ལྷི་ཝང་(གང་)། ལྷི་ཝང་ཞེས་པའི་སྒྲ་ཡང་ཁང་གི་ཚབ་ཏུ་གང་སྦྱར་ཏེ་ཐོན་པ་ཡིན། སྣ་ཁུང་ལ་སྣ་ཝུང་ཟེར་བ་དེ་ཡང་ཁུང་གི་ཚབ་ཏུ་གུང་སྦྱར་བས་ཡིན། མགོའི་སྐྲ་དཀར་པོ་ལ་མགོ་ཝར་དང་། ས་དཀར་པོ་ལ་སག་ཝར་ཟེར་བ་དཀར་གྱི་ཚབ་ཏུ་གར་སྦྱར་བས་ཐོན་པ་ཡིན་ཚུལ་སོགས་ལྟ་བུའོ།།
             གསུམ། དབྱངས་འདོགས་ལས་མེད་པའི་མིང་གཞི་ག་ད་གཉིས་ཀྱི་ཡི་གེ་ཁག་ཅིག་ལ། སྐབས་འགར་སྔོན་འཇུག་ག་ད་འ་གསུམ་ཡོད་པའི་ཚུལ་དུ་གདངས་ཐོན། དཔེར་ན། གནམ་གང་ལ་གནམ་འགང་ཞེས་དང་། སྟོན་དུས་ཀྱི་ཞིང་ནང་གི་སྲན་གང་ལ་སྲན་འགང་། མི་དང་ཁྱིམ་ཚང་དར་བའི་རྩེ་མོའི་དུས་སུ་སླེབས་པའི་དོན་མཚོན་བྱེད་དུ། བཟང་ལ་ཁེ་དགྱི། མེ་མདའི་ཁ་གྲི་ལ་ཁ་དགྱི། དཀའ་སྡུག་མྱངས་པ་གྱོང་གུད་དུ་སོང་བའི་དོན་གྱི། སྡུག་གྱོང་ཞེས་པར་སྡུག་དགྱོང་གི་སྒྲ་ཐོན་པ་ལྟ་བུ། རྟ་སྒའི་ཐོག་གི་ཤ་བཏགས་སྡོམ་བྱེད་ཀྱི་རྒྱུན་བུ་ཤ་ཐག་གི་མིང་དེ་ཤ་དག་ཏུ་གྱུར་ནས་ཤ་གདག་ཅེས་པའི་གདངས་ཐོན། ཡུལ་ལྷ་གཞི་བདག་ལ་སྙན་དར་ཕུལ་བའི་དོན་ལ་སྙན་གདར་བཏིང་། ཡི་དྭགས་ལ་ཡི་གདྭགས། མཚོ་སྔོན་གྱི་འབྲོག་ཁུལ་དུ་གཉེན་སྟོན་བྱེད་སྐབས་ཆུ་དར་ཞེས་པའི་ཆོ་ག་ཞིག་ཡོད་པ་ལ་ཆུ་གདར་དང་།ཞིང་རྨོ་ལོག་རྒྱག་གི་ཡོ་བྱད་གཉའ་ཤིང་ཐོག་གི་གཤོལ་མདའ་འཛིན་བྱེད་ཆུ་ཐག་ལ་ཆུ་དག དེ་ལ་ཆུ་གདག་ཅེས་པའི་སྒྲ་ཐོན། སྨན་དུག་དང་རྫ་དུག རྡོ་དུག་སོགས་ལ་གདུག་གི་སྒྲ་ཐོན། ཁོག་དུག་བསྲིངས་ལ་ཁོག་གདུག་བསྲིངས། རྩྭ་ཁྱི་དུག་གི་མིང་ལ་རྩྭ་ཁྱི་གདུག བརྩེ་དུང་ལ་བརྩེ་གདུང་། རྟ་སོགས་ཀྱི་མཇུག་མ་ཆད་ཅིང་རྔོག་མ་ཟད་ནས་མེད་པའི་དོན་ལ།རྔ་ཆད་རྔོག་དུམ་ཞེས་པར་རྔ་ཆད་རྔོག་གདུམ། མང་པོའམ་བགྲང་གིས་མི་ལང་བའི་དོན་ལ་དག་མེད་ཟེར་བར་གདག་མེད། དཔེར་ན། འགྲུལ་བ་དག་(གདག་)མེད་ཅིག་ཡོང་གིན་ཡོད་ཟེར་བ་ལྟ་བུ། རྐང་སྣམ་ཁ་ཐིག་ལ་ཁ་དིག་གམ་ཁ་འདིག་དང་ཁ་གདིག མི་བཞི་བརྒྱད་དོ་ལ་མི་བཞི་བརྒྱད་འདོ།སྡུག་དག་རྒྱུ་རེད་ལ་སྡུག་འདག་རྒྱུ་རེད་ཟེར་བ་ལྟ་བུའོ།།
             བཞི། མིང་གཞི་ཅ་ཡིག་ཅན་ལ་“ཀྱ་”སྒྲའི་གདངས་ཐོན་དུས་མཆིས་ཤིང་། མིང་གཞི་ཆ་ཡིག་ཅན་ལ་སྐབས་འགར་“ཁྱ་”སྒྲ་ཐོན་དུས་མཆིས། དཔེར་ན། བཅའ་བ་རིམ་གྲོ་ལ་བཀྱའ་བ་རིམ་གྲོ་ཞེས་དང་། གྲི་རྡུགས་(རྟུགས་)ཀྱིས་ཤར་གཅིལ་པ་ལ་གྲི་རྡུགས་ཀྱིས་ཤ་ལ་དཀྱིལ་ཟེར་བ་ལྟ་བུ།འབུད་ཤིང་ཆ་མ་ལ་ཁྱ་མ། ཆ་མ་འགེལ་བྱེད་ཀྱི་སྒའམ་གླང་སྒ་ལ། ཨ་མདོའི་རོང་སྐད་དུ། ཁྱ་སྒ་(ཆ་སྒ་)ཞེས་པའི་གདངས་ཐོན། ལག་ཆགས་པ་ལ་ལག་ཁྱགས། ལྷས་ཆུ་ས་འོག་ནས་བཞུར་སའི་ཆུ་ཁུང་གི་མིང་ལ་ཁྱུག་ཝུང་། འབྲུག་ཕོ་ཆུང་ལ་འབྲུག་ཕོ་ཁྱུང་། 《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ་》དུ།ཟོ་ཆུན་ལ་ཟོ་ཁྱུན། ②ཞེས་འབྱུང་། དམུ་དགེ་བསམ་གཏན་ཚང་གིས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་མགོ་བརྗོད་གསུང་པའི་ཁྲོད། སྤྱིར་གཞུང་ལུགས་དག་ལ་ལྟ་ཞིང་སྦྱང་བར་བྱེད་པ་ལ་མིང་གི་བརྡ་ཁྱད་ཤེས་པ་གལ་ཆེ། … ③ཞེས་བརྡ་ཆད་ལ་བརྡ་ཁྱད་བྲིས་ཡོད། ཁྱོ་ལག་ལ་ཆོ་ལག་(སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཡོ་ལོ་མ་དང་ཡོ་ཁྱོ་མ་ཟེར་ཏེ། དགྲ་ལག་ཡོ་ཁྱོ་མ་ཟེར་བ་ལྟ་བུ།) ངག་འཆལ་ལ་ངག་འཁྱལ། འཆུས་པ་ལ་འཁྱུས་པ་(འཁྱོག་པོའི་དོན་)ཟེར་བ་ལྟ་བུའོ།།
             ལྔ། མཚོ་སྔོན་གྱི་དཔའ་ལུང་རྫོང་དང་། ཀན་ལྷོའི་བསང་ཆུ་རྫོང་གི་འབོ་ར་དང་། ཨ་མཆོག་སོགས་ཀྱི་སྐད་དུ། ཉ་ལ་ན་སྒྲ་ཐོན། དཔེར་ན། དེ་རིང་གི་ཉི་མ་ལ་དེ་རིང་གི་ནི་མ་ཞེས་པའི་སྒྲ་ཐོན་པས། ཡུལ་དེའི་བླ་མ་ཞིག་ལ་བཅིབ་བསུ་བྱེད་སྐབས། ངག་ལས་བླ་མ་ནི་མ་(ཉི་མ་)འདྲ་བོ་ཞེས་འབོད་ཀྱིན་ཡོད་ཅེས་ཐོས་སྐད། ཉལ་ལ་མནལ། གཉའ་ལྟག་ལ་གནའ་ལྟག ཞོ་ཉོ་བ་ལ་བཞོ་ནོ་གེ སྙིང་མ་རྗེ་ལ་སྣིང་མ་རྗེ་ཟེར། གནའ་བོའི་ཞང་ཞུང་སྐད་དུ། བཅུ་གཉིས་ལ་ཅུ་ནེས་ཟེར། རེབ་གོང་སོགས་ཀྱི་སྐད་དུའང་། ཡིན་ནི་ནམ་འདོད་ལ་ཞེས་པར་ཡིན་ཉི་ནང་འདོད་ལ་ཟེར་ཞིང་། གོ་རེའི་ནང་སྙི་ལ་ཉང་སྙིས་ཟེར། དཔེར་ན། གོ་རེའི་གྱོང་ཁ་བྱིས་པར་བྱིན། ཉང་སྙི་ལོ་ལོན་ལ་བྱིན་ཟེར་བ་ལྟ་བུ། དེ་ཡང་བརྡ་རྙིང་གི་འཆད་རྒྱུན་བཟུང་བས་ཡིན་ཏེ། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》དུ། འ་བ་ཉི་ཉེ་བས་ཉིད། ④ཅེས་འབྱུང་སྟེ། འ་བ་ཞེས་པ་ཨ་ཕའི་མིང་དུ་དེང་དུས་ཀྱང་ཨ་མདོའི་ཡུལ་གྲུ་ལ་ལར་བཤད་རྒྱུན་མཆིས་ཤིང་། ཉི་ནི། ངོས་བཟུང་གི་ཕྲད་ནི་ཞེས་པ་དང་སྦྱོར་དོན་མཚུངས། ཉིད་ནི་འབའ་ཞིག་དང་ཁོ་ནའི་དོན་ཏེ། ཨ་ཕ་ནི་ཉེ་བོ་ཁོ་ན་ཉིད་དོ་ཞེས་པའི་དོན་ཡིན་པ་ལྟ་བུའོ།།
             དྲུག  མིང་གཞི་ཏ་ཡིག་ཅན་གྱི་ཡི་གེ་རེ་གཉིས་ལ་སྐབས་འགར་“ཀྱ་”སྒྲ་ཐོན་ཅིང་། ཐ་ཡིག་ཅན་རེ་གཉིས་ལ་“ཁྱ་”སྒྲ་ཐོན། དཔེར་ན། འདུག་སྟེགས་དང་ས་སྟེགས་ལ་འདུག་སྐྱེགས་དང་ས་སྐྱེགས་ཟེར་ཏེ། ས་སྐྱེགས་ཐོག་ཏུ་གནམ་སྐྱེགས་ཟེར་བ་ལྟ་བུ། ལག་པ་ཡར་བཏེགས་ལ་ལག་པ་ཡར་བཀྱེགས། མགོའི་ཕྱི་ལྟག་ལ་མགོའི་ཕྱི་ལྐ ག ཐེག་ལ་ཁྱེག ཐེག་རྒྱུ་མ་རེད་ལ་ཁྱེག་རྒྱུ་མ་རེད། ངག་རྒྱུན་དུའང་། ཁྱེག་ཁྱེག་ཀླད་པའི་གཙུག མི་ཁྱེག་རྐང་བའི་མཐིལ་ཟེར་བ་ལྟ་བུའོ།།
             བདུན།  ཕ་ཡིག་ཕལ་ཆེར་ལ་“ཧ་”ཡི་གདངས་འདྲ་ཐོན་ཅིང་། བ་ཡིག་ཁག་ཅིག་ལ་“འ་”ཡི་གདངས་འདྲ་ཐོན། དཔེར་ན། ཕ་མ་ལ་ཧ་མ་ཞེས་དང་། ཕོ་མོ་ལ་ཧོ་མོ། ཟླ་ཕོགས་ལ་ཟླ་ཧོགས། ཕེབས་པ་ལ་ཧེབས་པ། སྒོའི་ལྟག་རྒྱབ་ཀྱི་མིང་ལ་སྒོའི་ཕག་ཟེར་བར་སྒོའི་ཧག གྲུ་མོས་ཕུད་ཏིས་བརྒྱབ་པ་ལ་ཧུད་ཏིས་བརྒྱབ། ཁྱིས་རྨུགས་ནས་ཕུད་པའི་དོན་ལ་ཁྱིས་ཧུའུ་ཟེར་བ་སོགས་ལྟ་བུ་ནི་སྔ་མའི་དཔེ་དང་། བོད་སྐད་ལ་འོད་སྐད་ཅེས་དང་། བོད་ཡིག་ལ་འོད་ཡིག བོན་པོ་ལ་འོན་པོ། བུ་མོ་ལ་འོ་མོ། བོ་ཐོ་ལ་འོ་ཐི།བོ་ཐོ་རྡུང་བྱེད་ལ་འོབ་རྡུང་། དབུགས་ལ་འུགས། སྣོད་སྟོང་ནང་ལ་འུགས་(དབུགས་)སྟོང་བརྒྱབ་ཅེས་དང་། 《དེབ་ཐེར་དམར་པོ་》རུ། སྔར་ནུ་འོ་རྒྱལ་སྲིད་བསྐོས་པའི་སྙིང་ནད་ལ་བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས་སོ།། ⑤ཞེས་ཡིག་རྙིང་ཁག་ཏུའང་ནུ་བོ་ལ་ནུ་འོ་ཞེས་བྲིས་ཡོད་པ་ལྟ་བུ་ནི་ཕྱི་མའི་དཔེའོ།།
             བརྒྱད། མིང་གཞི་ཞ་ལས་གྲུབ་པའི་ཡི་གེ་ཁག་ཅིག་ལ་སྐབས་འགར་“གཞའ་”སྒྲ་ཐོན། དཔེར་ན། ཉིན་ཞག་འགའ་ལ་ཉིན་གཞག་འགའ་ཟེར་ཞིང་། ཡར་ཞུ་འབུལ་ལ་ཡར་གཞུས་འབུལ། ཨ་ཞང་ལ་ཨ་གཞང་། གླེའུ་ཞད་འདྲེས་ལ་གླེའུ་གཞད་འདྲེས། དམན་སར་བཞག་པའི་དོན་གྱི་དམན་ཞད་བཅད་ལ་མན་གཞད་བཅད། ཁ་དོག་ནག་ཤོས་ཆེ་བའི་དོན་གྱི་ནག་ཞད་ཆེ་ལ་ནག་གཞད་ཆེ། ཤིང་ཞོགས་ལ་ཤིང་གཞོགས། ཆར་འབབ་ཞོད་ཆེ་ལ་གནམ་འབབ་གཞོད་ཆེ། འགྲོ་ཞོར་འདུག་ཞོར་ལ་འགྲོ་གཞོར་འདུག་གཞོར། འབར་ཞུན་ལ་འབར་གཞུན། མགྱོགས་བགྲོད་བྱས་པའི་དོན་ལ་ཞུར་ལ་ཐོངས་ཞེས་པར་གཞུར་ར་ཐོངས། སོ་བར་ནས་དབུགས་བཙན་གྱིས་ཕུད་པའི་སྒྲའི་མིང་ལ་ཞུགས་ཀ་བརྒྱབ་ཞེས་པར་གཞུགས་ཀ་བརྒྱབ། འགྲོས་མྱུར་བའི་དོན་གྱི་ཞུགས་སེ་བཏང་ལ་གཞུགས་སེ་བཏང་། གོམ་ཁ་ཡང་བའམ་ཤུགས་ལྡན་པའི་དོན་ལ་ཞུགས་སྒྲ་གྲགས་ཀི་ཞེས་པར་གཞུགས་སྒྲ་གྲགས། རྒྱ་ཞྭ་དང་ཝ་ཞྭ་ཚར་ཞྭ་བཅས་ཀྱི་སྐབས་སུ་གཞྭའ་སྒྲ་ཐོན་མོད། མགོ་ལ་ཞྭ་མོ་གྱོན་དང་། མ་རབས་ཚང་གི་བུ་ལ་ཞད་ཅིག་ཡོད་ཅེས་པའི་སྐབས་སུ། ཞྭ་དང་ཞད་ལས་གཞྭའ་དང་གཞད་སྒྲ་མི་ཐོན་པའི་སྐབས་ཀྱང་མཆིས་པས་ཚད་ཅིག་ཏུ་མ་ངེས་སོ།།
དགུ། མིང་གཞི་འ་ཆུང་དང་ཨ་ཆེན་ལས་གྲུབ་པའི་ཡི་གེ་ཁག་ཅིག་ལ་སྐབས་འགར་“ཝ་”སྒྲའི་གདངས་འདྲ་ཞིག་ཐོན། དཔེར་ན། མི་མང་གིས་འུར་བརྒྱབ་པ་ལ་ཝུར་བརྒྱབ་ཅེས་དང་། ཁྱི་ཟུག་པའི་དོན་གྱི་ཁྱི་འབ་ཅེས་པ་ལ་ཁྱི་ཝ་ཟེར།མཚོ་སྔོན་མགོ་ལོག་གི་དགའ་བདེ་རྫོང་དང་། སི་ཁྲོན་གྱི་གསེར་རྟ། ཀན་ལྷོའི་དཔའ་རིས་རྫོང་བཅས་ཀྱི་སྐད་དུ། འོ་མ་ལ་ཝོ་མ་ཞེས་དང་། འུར་རྡོ་ལ་ཝུར་རྡོ། ཁྱོད་འོངས་ནས་ལ་ཁྱོད་ཝོང་ལས། རྣ་བ་འོན་པ་ལ་རྣ་ཝོན་པ། དཀའ་ལས་སྐུ་ཚེགས་མྱངས་པའི་དོན་གྱི་འོ་བརྒྱལ་ལ་ཝོ་བརྒྱལ། ཁྱོས་དེ་རིང་ཝོ་བརྒྱལ་ཨེ་རིག་ཐལ་ཟེར་བ་ལྟ་བུ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》དུ། འྭ་ནི་དང་པོ་སྐྱེས་པའི་ཚེ། འྭའྀ་སྟབས་སུ་འགྲོ་ཞིང་འྭའྀ་སྐད་འབྱིན་པས།གཅན་གཟན་གྱྀ་ཚོགས་མང་པོས་བརྙས་ཤིང་གླགས་ལྟ་བས་བག་ཚ་བའྀ་མྱི་བདེ་བ་འང་ཅིག་ཅར་འདུས་པར་འགྱུར་ཏེ།དོན་ཅིག་ཅར་མ་རྀག་པ་ཡང་དེ་དང་འདྲའོ།། ⑥ཞེས་ཝ་ཡིག་གི་ཚབ་ཏུ་འ་ཆུང་བ་ཟུར་ཅན་བྲིས་ཡོད་པ་ལྟ་བུས་མཚོན། གཤེར་ཁུའི་རིགས་གྲང་ངར་གྱིས་སྲ་གཟུགས་ཆགས་པ་ལ་ཨ་འཐས་ཡིན་ཡང་ཝ་འཐས་ཟེར་བ། རྟ་སྒའི་ཐོག་གི་ཨ་འཇོག་ལ་(སྒ་ཤིང་གི་བར་འདིང་བའི་ཕྱིང་སྟན་ལ་ཕྲུག་ཁྲ་སོགས་ཀྱིས་བཏུམས་པ་)ཝ་འཇོག་ཟེར་བ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་རྐང་ཚ་རྫོང་ཁོངས་སུ་ཨ་འཇོག་ཅེས་པའི་སྡེ་བ་ཞིག་ཡོད་པར་ཝ་འཇོག་ཏུ་འབོད། མཚན་མོར་དགའ་རོགས་འཚོལ་དུ་སོང་བའི་དོན་གྱི་ཨར་སྟེག་ལ། ཨ་མདོའི་འབྲོག་ཁུལ་དུ། ཝར་སྟེག་ཟེར་བ་སོགས་ལྟ་བུའོ།།
             བཅུ།  སྲ་ཡིག་ཅན་ཕལ་ཆེར་ཞིག་ལ་“ཧྲ་”ཡིག་གི་གདངས་འདྲ་ཐོན། དཔེར་ན། སྲིང་མོ་ལ་ཧྲིང་མོ། སྲུ་མོ་ལ་ཧྲུ་མོ། རི་བོ་ཨ་མྱེས་སྲིན་པོ་ལ་ཨ་མྱེས་ཧྲིན་པོ། སྲུབས་ཀ་ལ་ཧྲུབས་ཀ ཉིན་སྲིབ་ལ་ཉིན་ཧྲིབ། ཁ་ལག་བསྲོ་ལ་ཁ་ལག་ཧྲོ།སྲོག་ལ་ཧྲོག ལག་པ་བསྲིངས་ལ་ལག་པ་ཧྲིངས། བསྲན་ལ་ཧྲན། རྒྱ་སྲང་ལ་རྒྱ་ཧྲང་། བཟང་གིན་ཞེས་པའི་དོན་གྱི་སྲལ་གིན་ལ་ཧྲལ་གིན། སློབ་སྦྱོང་སོགས་ལ་ཧུར་བརྩོན་བྱས་པའམ་ཤི་རུས་བྱས་པའི་དོན་གྱི་སྲལ་ལེན་བྱས་ལ་ཧྲལ་ལེན་བྱས་སོགས་མང་དུ་མཆིས། ཡང་མཚོ་སྔོན་གྱི་མགོ་ལོག་སོགས་ཀྱི་སྐད་དུ། སྐབས་འགར་སྲ་ལ་སྤྲ་ཡི་གདངས་ཐོན་ཏེ།ཏང་གི་སྲིད་ཇུས་ལ་སྤྲིད་ཇུས། མི་དམངས་སྲིད་གཞུང་ལ་སྤྲིད་གཞུང་། སྲིན་པོ་ལངྒ་མགྲིན་བཅུ་ལ་སྤྲིན་པོ་ལངྒ་མགྲིན་བཅུ། ཡོ་བསྲང་ལ་ཡོ་སྤྲང། སྲུང་སྐྱོབ་ལ་སྤྲུང་སྐྱོབ། སྲོལ་རྒྱུན་ལ་སྤྲོལ་རྒྱུན། སྲིང་བལ་ལ་སྤྲིང་བལ། རྒྱལ་སྲས་ལ་རྒྱལ་སྤྲས་བཅས་ཀྱི་སྒྲ་ཐོན་མོད། མཐའ་གཅིག་ཏུ་མ་ངེས་སོ།།
གཉིས་པ། མིང་གི་ཆ་ཤས་ཀྱི་དབང་གིས་མིང་གཞིའི་གཞི་གདངས་ལ་འགྱུར་བ་ཐོན་ཚུལ། 
             གཅིག མིང་གི་ཆ་ཤས་ཕྱི་མར་སྔོན་འཇུག་གམ་རྩེག་འདོགས་གང་རུང་མེད་ཚེ། མིང་ཆ་སྔ་མའི་མིང་གཞིའམ་རྗེས་འཇུག་དེ་མིང་ཆ་ཕྱི་མའི་མགོ་ཅན་གྱི་ཚུལ་དུ་གདངས་ཐོན། དཔེར་ན། ས་དོང་ལ་ས་སྡོང་ཞེས་དང་། ལས་ཀ་ལ་ལས་སྐ། ཕྱིར་གན་དུ་ལོག་ལ་ཕྱིར་རྒན་དུ་ལོག ལ་ཕུག་སོགས་གཞོགས་བྱེད་དམ་བཞར་བྱེད་ཀྱི་མིང་ལ་ཞར་ཙེ་ཞེས་པར་ཞར་རྩེ། ཀར་མ་ལ་ཀརྨ། སྐར་མ་ལ་སྐར་རྨ། མཚོ་སྔོན་གཅན་ཚ་རྫོང་གི་སྣང་རའི་གསེར་ཁང་ཞེས་པའི་ཁང་གི་ཚབ་ཏུ་ཀང་བྲིས་པས་གསེར་རྐང་དུ་གྱུར་པ། ཕར་ཁ་ལ་ཕར་ཀ་བྲིས་ཏེ་ཕར་རྐ་རུ་གྱུར་པ། ཚུར་ཁ་ལ་ཚུར་ཀ་རུ་བྲིས་པས་ཚུར་རྐ་རུ་གྱུར་པ། ཡར་ཁ་ལ་ཡར་ཀ་རུ་བྲིས་ནས་ཡར་རྐ་རུ་གྱུར་པ། མར་ཁ་ལ་མར་ཀ་རུ་བྲིས་པས་མར་རྐ་རུ་གྱུར་པ། དར་བ་ཆུར་ཁུ་ལ་ཆུར་ཀུ་རུ་བྲིས་པས་ཆུར་རྐུ་རུ་གྱུར་པ། མར་ཁུ་ལ་མར་ཀུ་རུ་བྲིས་པས་མར་རྐུ་རུ་གྱུར་པ། མཚོ་སྔོན་མགོ་ལོག་གི་སྐད་དུ། བཏུང་ཕོར་ཆེ་བོའི་མིང་ལ་ཀར་རྒན་ནམ་ཀར་དོང་ཞེས་པ་དེ་ལ་ཀར་རྡོང་གི་སྒྲ་ཐོན་པ་དེ་ཡང་ཀར་གྱི་རྗེས་འཇུག་ར་དེ་དོང་གི་མགོ་ཅན་དུ་སོང་བའི་ཚུལ་གྱིས་ཡིན་པ་ལྟ་བུའོ།།
             གཉིས།  མིང་ཆ་སྔ་མ་ལ་རྗེས་འཇུག་མེད་ཚེ་མིང་ཆ་ཕྱི་མའི་སྔོན་འཇུག་གམ་མིང་གཞི་དབྱངས་བཅས་ལས་གང་རུང་མིང་ཆ་སྔ་མར་འཕོས་པའི་ཚུལ་དུ་གདངས་ཐོན། དཔེར་ན། སྐྱ་ཀ་ལ་སྐྱག་ཀ་ཞེས་དང་། ཁ་ཉིན་ལ་ཁི་ཉིན་ནམ་ཁེ་ཉིན། ཁྱུ་མཆོག་ལ་ཁྱུམ་མཆོག རྒ་ཉིན་དང་རྒ་ནིང་ལ་རྒི་ཉིན་དང་རྒི་ནིང་ངམ་རྒིན་ནིང་། དཀར་ཡོལ་ཁ་གཙང་ལ་ཁག་གཙང་། ཆོ་ག་བསླབས་ལ་ཆོག་ག་བསླབས། ལུག་སོགས་བཤས་རྗེས་ཤ་སྐལ་ཉུང་ཙམ་སྟེར་སྲོལ་ཡོད་པའི་མིང་ལ་སྣ་གསུམ་ཞེས་པར་སྣག་གསུམ། ཞྭ་མོ་རྣ་བཞི་ལ་རྣབ་བཞི། རྨ་བྱ་ལ་རྨབ་ཡ། ཚ་ནུ་ལ་ཚན་ནུ། སླ་ང་ལ་སླང་ང་། གོས་ཀྱི་བྱེ་བྲག་ཟླ་གམ་ལ་ཟླག་གམ། ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་གི་འཁྲུངས་གཞིས་ཞོ་འོང་གཉན་རྒྱའི་ངོ་གོང་མ་ལ་ངོག་གོང་མ་ཟེར་བ་ལྟ་བུ། ཆ་བཞག་ན་ཞེས་པར་ཆག་བཞག་ན། ཁ་གཡར་བའི་དོན་གྱི་ཁ་བཞག་ལ་ཁག་བཞག ཁ་དཀྱིལ་ལ་རྒྱག་ཅེས་པར་ཁག་དཀྱིལ་ལ་རྒྱག རྩ་དཀར་ལ་རྩག་དཀར། ས་དཀར་ལ་སག་དཀར། རེབ་གོང་ཡུལ་གྱི་སྡེ་མིང་ཞིག་ལ་ས་དཀྱིལ་ཟེར་བར་སག་དཀྱིལ་ཅེས་པའི་གདངས་ཐོན་པ་རྣམས་ནི་མིང་ཆ་ཕྱི་མའི་མིང་གཞིའམ་རྗེས་འཇུག་གིས་མིང་ཆ་སྔ་མར་ཤན་ཐེབས་པ་ལྟ་བུའོ།།
             གསུམ། མིང་ཆ་སྔ་མ་ལ་དབྱངས་ཡིག་མེད་ཚེ་མིང་ཆ་ཕྱི་མའི་དབྱངས་ཀྱིས་མིང་ཆ་སྔ་མ་ལ་ཤན་བཟོ་བའམ། མིང་ཆ་ཕྱི་མའི་དབྱངས་ཀྱིས་སྔ་མ་ལ་ཤན་བཟོ་བ། དཔེར་ན། མང་པོའི་ནང་ནས་བཟང་པོ་བསལ་འདུག་བྱས་པའི་དོན་ལ་བསུལ་འདུག་བྱས། བསལ་གིན་མ་འཇུག་ལ་བསིལ་གིན་མ་འཇུག སྔོ་རྩྭ་སྐམ་པོའི་མིང་ལ་རྩྭ་རིས་ཞེས་པར་རྩྭི་རིས། བཟླ་གིན་བཟླ་གིན་ལ་བཟླི་གིན་བཟླི་གིན། གསལ་བོ་དག་པོ་ཤོད་ལ་གསལ་བོ་དོག་གོ་ཤོད། སྲ་མོ་དམ་པོ་ལ་སྲ་མོ་དོམ་པོ། བཟང་སྤྱོད་ལ་བཟོང་སྤྱོད་ཟེར་བ་ལྟ་བུ་ནི་སྔ་མའི་དཔེ་དང་། འགྲོགས་བཟང་འཚོལ་དུ་འགྲོ་ཞེས་པར་འགྲོགས་བཟོང་འཚོལ་དུ་འགྲོ་ཞེས་དང་། སེ་རལ་དུ་བཅངས་ལ་སེ་རེལ་དུ་བཅངས། སོ་མང་ལ་སོ་མོང་། སྲོ་མང་ལ་སྲོ་མོང་ཞེས་པའི་སྒྲ་ཐོན་པ་རྣམས་ནི་ཕྱི་མའི་དཔེ་ལྟ་བུའོ།།
             བཞི། མིང་གི་སྔ་ཆ་ཕྱི་ཆ་གཉིས་ཀྱི་དབྱངས་གཅིག་པ་ཡིན་མིན་གྱི་དབང་གིས་མིང་སྔ་ཆ་དང་ཕྱི་ཆ་གཉིས་ཀྱི་སྒྲ་གདངས་ལ་འགྱུར་བ་ཐོན། དཔེར་ན། འོ་སྐོལ་ལ་འ་སྐོལ་ཞེས་དང་། བུ་མོ་ལ་བོ་མོ། མཚོ་སྔོན་རེབ་གོང་ཡུལ་གྱི་ཡུལ་སྡེ་ཞིག་གི་མིང་ལ་ཀླུ་གཤོང་ཞེས་པར་ཀླག་གཤོང་། སྐུ་གདུང་ལ་སྐག་གདུང་། ཀླུ་གཏོར་འཕངས་ལ་ཀླག་གཏོར་འཕངས། ཁྱུ་གླང་ལ་ཁྱག་གླང་། ཀན་ལྷོའི་ཀླུ་ཆུ་རྫོང་གིས་ལྭ་བའི་ཐོག་རྒྱག་ལ། ལྭ་བའི་ཐག་རྒྱག་ཅེས་ན་རོའི་སྒྲ་མི་ཐོན་པས། ཨ་མདོའི་སྐད་ལ་ཞབས་ཀྱུ་མེད། ཏྲེ་བོའི་(ཏྲེ་བོ། ཁམས་ཀྱི་ཡུལ་ཞིག་གི་མིང་།)སྐད་ལ་ན་རོ་མེད་ཟེར་རྒྱུན་ཡང་བྱུང་། ཏྲེ་བོའི་སྐད་དུ། ལྷོ་ནུབ་མི་རིགས་སློབ་ཆེན་ལ་ལྷའ་ནུབ་མི་རིགས་སླབ་ཆེན་ཞེས་པའི་སྒྲ་ཐོན་པ་ལྟ་བུ། འགྲོ་ཁུལ་བྱས་ལ་འགྲོ་ཁལ་བྱས། འདུག་ཁུལ་བྱས་ལ་འདུག་ཁལ་བྱས། བཟའ་ཁུལ་བྱས། སྟེར་ཁུལ་བྱས། འབྲོ་ཁུལ་བྱས་སོགས་ཚང་མར་ཁུལ་སྒྲ་མི་ཐོན་པར་ཁལ་སྒྲ་ཐོན་པ། ཡུལ་སྡུད་པའི་དོན་ཅན་གྱི་དེ་ནས་མུ་སྒོས་ཞེས་པ་ལ་དེ་ནས་མ་སྒོས་ཞེས་མ་ཡི་ཞབས་ཀྱུ་བོར་ཏེ་སྒྲ་ཐོན་པ་ལྟ་བུའང་མཆིས།
གསུམ་པ། མིང་གཞིར་འདོགས་དང་དབྱངས་སོགས་ཞུགས་པས་གཞི་གདངས་ལ་འགྱུར་བ་ཐོན་པ། 
             གཅིག  ཕྱ་དང་བྱ་གཉིས་ལ་དབྱངས་སོགས་ཞུགས་པའི་ཡི་གེ་ཁག་ཅིག་ལ་སྐབས་འགར་“ཤ་”ཡི་གདངས་དང་ཉེ་བ་ཞིག་ཐོན། དཔེར་ན། རེབ་གོང་སོགས་ཀྱིས་ཕྱེད་ཀའི་དོན་གྱི་ཕྱ་ཚལ་ཕྱེད་མ་ལ་ཤ་ཚལ་ཤེད་མ་ཟེར། ད་ལོའི་ཞོར་ལས་ཀྱི་ཡོང་སྒོས་དོམ་ཕྱ་ཚལ་ཕྱེད་མ་(ཤ་ཚལ་ཤེད་མ་)གསུར་ཚར་ཟེར་བ་ལྟ་བུ། ཕ་རོལ་པ་ལ་རྒྱུ་མཚན་འདྲི་བའི་དོན་ཅན་གྱི་ཅིའི་ཕྱིར་ཞེས་པ་ལ་ཆི་ཤེར་ཟེར་བ། མཚོ་སྔོན་གྱི་གཅན་ཚ་རྫོང་དང་། ཀན་ལྷོའི་ཀླུ་ཆུ་རྫོང་སོགས་ཀྱི་སྐད་དུ། ཕྱི་དྲོ་ལ་ཤི་དྲོ། ཉལ་ཐུལ་ཕྱི་མ་ལ་ཉལ་ཐུལ་ཤི་མ། ཕྱིར་མ་སོང་ན་མི་ཆོག་ཅེས་པ་ལ་ཤིར་མ་སོང་ན་མི་ཆོག ཕྱིར་ལོག་ལ་ཤིར་ལོག འབྲུ་ཞིབ་མོར་བཏགས་པའི་ཕྱེ་ཡི་མིང་ལ་ཤེ། མགོའི་ཕྱི་ལྟག་ལ་ཤི་ལྟག ཕྱོགས་ཁག་ལ་ཤོགས་ཁག ཕྱོགས་བཅུ་དུས་གསུམ་ལ་ཤོགས་བཅུ་དུས་གསུམ། རྐང་པའི་ཕྱི་རྟིང་ལ་རྐང་པའི་ཤིར་རྟིང་། ལྭ་བ་ཕྱིར་སློག་ལ་ལྭ་བ་ཤིར་སློག རྒྱུན་དུའམ་བར་མ་ཆད་པའི་དོན་ལ་ཕྱོ་མེད་པར་ཞེས་པ་ལ་ཤོ་མེད་ལ། ཁྱི་རྦད་པའི་དོན་ལ་ཕྱོ་ཕྱོ་ཟེར་བར་ཤོ་ཤོ་ཞེས་པའི་གདངས་ཐོན་པ་ལྟ་བུ་མང་དུ་མཆིས། 《དག་ཡིག་གསར་བསྒྲིགས་》སུ། ཕྱོ་ཕྱོ་ནི། ཁྱི་རྦད་པའི་སྒྲ་སྟེ། ཁྱི་ཕྱོ་ཕྱོ་ཟེར་ནས་རྦད་ལྟ་བུ།། ⑦ཞེས་བཀྲལ་ཡོད། འདི་ལྟར་ཕྲིས་ཞེས་པའི་དོན་གྱི་འདི་བྱེད་ཕྲིས་ཞེས་པ་ལ་འདི་ཤེད་ཕྲིས། འདི་ལྟར་བྱོས་ལ་འདི་ཤེད་ཤོས་ཞེས་པའི་སྒྲ་ཐོན་པ་ལྟ་བུའོ།།
             གཉིས། དབྱངས་འདོགས་གཉིས་ལྡན་གྱི་ཕྱ་དང་བྱ་ཡིག་ཁག་ཅིག་ལ་སྐབས་འགར་“གཞའ་”སྒྲའི་གདངས་འདྲ་ཐོན། དཔེར་ན། འགྲོ་ཕྱོགས། འདུག་ཕྱོགས། བཤད་ཕྱོགས།ཡོང་ཕྱོགས། དགོད་ཕྱོགས། ཡོད་ཕྱོགས། ཁང་པའི་ཁ་འཁོར་ཕྱོགས། འགྲིག་ལམ་བརྩི་ཕྱོགས། ལས་ཀ་ལས་ཕྱོགས། ལྭ་གོན་ཕྱོགས། ཡི་གེ་འབྲི་ཕྱོགས། སྡོང་པོ་གཅོད་ཕྱོགས། ཟས་བཟའ་ཕྱོགས། ཆང་འཐུང་ཕྱོགས། ཕྱོགས་འགྲུལ། ཕྱོགས་ཡར་མར་ཟེར་བ་སོགས་ཀྱི་ཕྱོགས་ལ་གཞོགས་སྒྲ་ཐོན་པ་ལྟ་བུ། སྦྱིན་པ་ལ་བཞིན་པ་ཞེས་དང་།བསྒྲུབ་བྱ་ལ་བསྒྲུབ་བཞའ། དམིགས་བྱ་ལ་དམིགས་བཞའ།བྱབ་ཁྲུས་ལ་བཞབ་ཁྲུས། སྣུམ་ཞག་བྱབས་ལ་སྣུམ་ཞག་བཞབས། གཡུགས་ཆེ་བའམ་ལས་ཕྱོད་ཆེ་བའི་དོན་གྱི་ཞིང་བྲེགས་ན་བྱབས་འགྲོ་ཞེས་པ་ལ་ཞིང་བྲེགས་ན་བཞབས་འགྲོ།བྱ་བྱིས་ལ་གཞའ་བཞིས་ཟེར་བ་ལྟ་བུ། ཀན་ལྷོའི་ཅོ་ནེ་སོགས་ཀྱི་སྐད་དུ། མོ་མཚན་གྱི་མིང་ལ་བྱ་ཟེར་བར་གཞའ་ཞེས་པའི་གདངས་ཐོན། ཡུལ་དེ་གའི་ངག་རྒྱུན་དུའང་། གཞའ་(བྱ་)ཁ་ནག་ཁ་ན་སོ་མེད།། སོ་ཡོད་རུང་འདེབས་ཀིན་དཔེ་མེད།། …ཅེས་དང་། གཞའ་(བྱ་)ཡི་ངོ་མཐོ།། གསེར་གྱི་གོང་མཐོ།། ཞེས་པ་ལྟ་བུའི་བཤད་རྒྱུན་མཆིས། 《དག་ཡིག་གསར་བསྒྲིགས་》སུ། བྱ་ལེ། མོ་མཚན་གྱི་ཆ་ཤས་རྩ་བྱ་རོག་གདོང་གི་མིང་།། ⑧ཞེས་བཀྲལ་ཡོད་པ་ལྟ་བུའོ།།
བཞི་པ། མིང་གཞི་ཕན་ཚུན་བརྗེ་སྤོར་ཚུལ་དུ་སྦྱོར་བ།
             གཅིག སྡེ་ཚན་གཅིག་ནང་གསེས་ཀྱི་མིང་གཞིའི་ཡི་གེ་རྣམས་ཡིག་རྙིང་བཞིན་དུ་གཅིག་ཚབ་གཅིག་ཏུ་སྦྱོར་བ་མཆིས། དཔེར་ན། མགོ་དཀར་དང་མགོ་གར་(ཝར)། ཁངས་དང་གངས། ཁལ་དང་གལ། སྤྱང་ཀི་དང་སྤྱང་ཁི། ལྷ་ཁང་དང་ལྷ་གང་(ཝང་)། རང་ག་བའི་དོན་ལ་རང་ཁའི།སྣ་ཁུང་དང་སྣ་གུང་(ཝུང་)། འབྲི་ཁུང་དང་འབྲི་གུང་།འབྲོག་པའི་ཐབ་ཀའི་མེ་རོ་ཕྱིར་འདྲུ་སའི་ཁུང་བུའི་མིང་ལ་མཚོ་སྔོན་པོའི་མཐའ་ཁོར་གྱིས་གོལ་ཁུང་ཟེར་ཡང་མགོ་ལོག་ཕྱོགས་ཀྱིས་ཁོལ་ཁུང་ཟེར་བ། མི་འགྲོ་ཀ་མེད་ལ་མི་འགྲོ་ཁ་མེད། བྱིས་པ་པང་བ་ལ་བྱིས་པ་བང་དང་འབང་ཟེར་བ། གཞན་ཡང་། བསྐྱིས་དངུལ་གཙང་མར་སྤྲད་པའི་དོན་ལ་གཙང་དང་ཚང་། གླ་བཙའ་དང་གླ་བཚའ། དབྱར་ཁར་ཙད་པ་ཆེ་དང་ཚད་པ་ཆེ། གཟུགས་ཀྱི་རིང་ཚད་ཀྱི་དོན་ལ་མྱི་ཙད་དམ་མྱི་ཚད། གྱང་གི་མཐོ་ཚད་ལ་གྱང་ཙད་དམ་གྱང་ཚད། གཅིག་དང་ཆིག ནག་ཆུང་ལ་ནག་ཅུང་། ཉི་མའི་དྲུག་དང་ཉི་མའི་ཐྲུག བོད་རང་སྐྱོང་ལྗོངས་ཁོངས་སུ་མལ་གྲོ་གུང་དཀར་རྫོང་ཟེར་བའི་ས་ཆ་ཞིག་ཡོད་པའི་མིང་ལ།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》སུ། (མཆན་འགྲེལ་གྱི་སྐབས་སུ་)ལྟམ། 714ལོའི་དོན་ཆེན་གནད་བསྡུས་ནང་གསལ་བའི་“འདུན་མ། མལ་ཐྲོ་ལྟམ་སུ། བློན་ཆེན་པོ་ཁྲྀ་གཟིགས་གྱི་བསྡུསྟེ།” ཞེས་འཁོད་འདུག་པ་ལ་བལྟས་ན།ལྟམ་ཟེར་བའི་ས་ཆ་དེ་དེང་སང་མལ་གྲོ་གུང་དཀར་རྒྱུད་དུ་ཡོད་ཚོད་འདུག་ཅེས་དང་། …… མལ་ཏྲོ་པྱོགས་ནས་བྲན་ཁྱིམ་སྟོང་ལྔ་བརྒྱའ་སྩལ་ཏོ།། ⑨ཞེས་དེང་སང་མལ་གྲོ་ཞེས་འབྲི་བའི་ས་མིང་ལ་གནའ་སྔ་མོར། མལ་ཏྲོ་དང་མལ་ཐྲོ། མལ་དྲོ་བཅས་གང་རུང་འབྲི་སྲོལ་མཆིས། སྙིང་ཏིག་དང་སྙིང་ཐིག དེ་ཕོ་དང་དེ་བོ། བོང་ཕྲུག་དང་བོང་པྲུག རྒྱ་ཕྲུག་དང་རྒྱ་པྲུག་(རུག་)ཙབས་དང་ཚབས། ཨ་ཕ་དང་ཨ་པ།ཨ་བ་བཅས་གང་རུང་འབྲི་བ་དང་། ཚིག་ཕྲད་ཅིག་ཞིག་ཤིག་གསུམ་ལས་ཞིག་གི་ཚབ་ཏུ་ཟིག་སྟེ་གཟིག་སྒྲ་ཐོན་ཏེ། དཔེར་ན། མི་ཞིག་ལ་མྱི་གཟིག ཅི་ཞིག་ལ་ཆི་གཟིག་ཟེར་བ་ལྟ་བུ་སོགས་སོ།།
             གཉིས།  མིང་གཞི་ཚ་ཡིག་ཅན་གྱི་ཡི་གེ་ཁག་ཅིག་ལ་སྐབས་འགར་ཆ་ཡི་གདངས་ཐོན། དཔེར་ན། ཁྱེད་ཚོ་ལ་ཁྱིད་ཆོ། ངེད་ཚོ་ལ་ངིད་ཆོ། འུ་ཅག་ཚོ་ལ་འུ་ཆོའམ་འུག་ཆོ། འུ་ཚོ་ལ་འུ་ཆ་བོ། མགོའི་སྤྱི་གཙུག་མདུན་ངོས་ལ་མཚོག་མ་ཟེར་བར་མཆག་མ། བོད་ཀྱི་གསོ་རིག་གཞུང་དུ། མཚེར་བ་ལ་མཆེར་བ་ཞེས་བྲིས་སྣང་སྟེ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་》དུ། …མཆེར་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བཤད།། ཅེས་དང་། …དབྱེ་བ་མཆེར་ནད་ཚ་བ་ཁྲག་སྦོས་དང་།། མཆེར་རླུང་མཆེར་པའི་བད་ཀན་རླུགས་པ་ལྔ།། མཆེར་ནད་ཚ་བ་ཆང་འཐུངས་དྲོས་ཚེ་སྦོ།། …ཞེས་དང་། …མཆེར་ནད་གསོ་བའི་ལེའུ་སྟེ་སོ་བདུན་པའོ།། ⑩ཞེས་དང་། 《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་》དུ། མཚེར་པ། མཆེར་པའི་འབྲི་སྲོལ་གཞན་ཞིག་སྟེ། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། མཚེར་པ་དང་མཆེར་པ་ནི་དོན་གཅིག་སྟེ་ལུས་ཀྱི་གཡོན་ངོས་སུ་ཡོད་པའི་དོན་ལྔའི་ཡ་གྱལ་ཞིག་གི་མིང་ཡིན། དེ་ཡང་དབུས་གཙང་ཕྱོགས་སུ་མཆེར་པ་ཞེས་བརྗོད་པ་དང་ཁམས་ཕྱོགས་སུ་མཚེར་པ་ཞེས་བརྗོད་པས་གདམ་ང་ཡིན། འོན་ཀྱང་གསུང་རབ་རྣམས་སུ་མཆེར་པ་ཞེས་བྲིས་པ་ཁྱབ་ཆེའོ།། ⑾ཞེས་གསུངས་པ་ལྟར་རོ།། ཞེས་འབྱུང་བ་ལྟ་བུའོ།།
             གསུམ། དབྱངས་དང་འཕུལ་རྟེན་ཞུགས་པའི་ཡ་དང་ཉ་ཡིག་ཁག་ཅིག་སྐབས་འགར་རེས་མོས་ཚུལ་དུ་སྤྱོད་སྲོལ་མཆིས། དཔེར་ན། མཚོ་སྔོན་མགོ་ལོག་གི་སྐད་དུ། ལག་པ་གཡོན་པའི་མིང་ལ་ཡོ་ལག་གམ་ཉོ་ལག་ཟེར། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཡོ་ལོ་མ་དང་། ཡོ་ཁྱོ་མ་ཟེར། དགྲ་ལག་ཡོ་ཁྱོ་མ་ཟེར་བ་ལྟ་བུ། དག་ཡིག་ཁག་ཏུའང་ལ་ཕུག་གི་བྱེ་བྲག་ཡུང་མ་ལ་ཉུངས་མ་ཞེས་བཀྲལ་ཡོད། ཡོ་ལ་ཉོ་སྒྲ་ཐོན་ཚུལ་ནི་བརྡ་རྙིང་གི་རྗེས་ཤུལ་འཚོལ་བའི་དན་རྟགས་རྣལ་མ་ཞིག་ཡིན་ཏེ། 《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས་》སུ། …གནའ་བོའི་དུས་སུ་ཉ་དང་ཡ་དོན་གཅིག་ཏུ་སོང་བ་ཡོད་པས་བོད་ཁ་གཡག་དྲུག་གམ་བོད་ཁ་ཉ་དྲུག་ཅེས་གདམ་ང་དང་། ཉག་ཆུ་བྱ་བའང་དེད་དེ་སོང་ན་འབྲི་ཆུ་ཡིན་ཞིང་། རྒྱ་ཡིག་ཏུ་མའོ་ཉིའུ་ཧོ་སྟེ་( 牦牛河 )གཡག་ཆུ་ཞེས་བསྒྱུར་ཡོད་པ་དང་། མི་ཉག་ཅེས་པའང་སུམ་པའི་ཆོས་འབྱུང་དུ། མི་ཡག་ཅེས་པའི་དོན་ཡིན་པར་གསུངས་པར་གཞིགས་ན། གནའ་དུས་སུ་ཡ་དང་ཉ་ཕལ་ཆེར་དོན་གཅིག་ཡིན་པར་སྣང་བས། ཉ་གོང་ངམ་གཉའ་གོང་ནི་གཡག་གོང་དུ་ར་འཕྲོད་ཅིང་།… ⑿ཞེས་འབྱུང་བ་ལྟ་བུ་སྟེ། བོད་ཁ་གཡག་དྲུག་ལ་བོད་ཁ་ཉ་དྲུག་ཅེས་དང་། ཀན་ལྷོའི་བསང་ཆུ་རྫོང་གི་རྒན་གྱའི་གཡག་གོང་མཁར་རམ་གཡག་མགོའི་མཁར་ལ་གཉའ་གོང་མཁར། ཉག་ཆུ་(འབྲི་ཆུ་)ལ་གཡག་ཆུ། མི་ཉག་ལ་མི་ཡག་ཅེས་བྲིས་ཡོད་པ་ལྟ་བུས་མཚོན།
             བཞི། སྡེ་ཚན་གཅིག་ནང་གསེས་ཀྱི་མིང་གཞི་ཞ་དང་ཟ་ལས་གྲུབ་པའི་ཡི་གེ་ཁག་ཅིག་གིས་གཅིག་ཚབ་གཅིག་གིས་བྱེད་ཅིང་། མིང་གཞི་འ་དང་ཡ་ལས་གྲུབ་པའི་ཡི་གེ་ཁག་ཅིག་གིས་གཅིག་ཚབ་གཅིག་གིས་བྱེད་པ། དཔེར་ན། ཅི་ཞིག་ལ་ཆི་ཟིག་ཅེས་དང་། མྱི་ཞིག་ལ་མྱི་ཟིག སོ་སྲུབས་ནས་དབུགས་བཙན་གྱིས་ཕུད་དེ་བྱུང་བའི་སྒྲའི་མིང་ལ། འབྲོག་སྐད་དུ། གཞུགས་ཀ་ཟེར་ཞིང་། རོང་སྐད་དུ། གཟུགས་ཀའམ་གཟུགས་ས་ཟེར་བ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》སུ། ……འདིའི་ནུབ་ཕྱོགས་ལྟར། གར་ལོག་སྡེ་གསུམ་ཞིག་མཆིསྟེ།། དམག་བརྒྱད་སྟོང་མཆིས། དུ་རྒྱུས་དང་ཏ་ཞིག་དང་འཐབོ།། …… ⒀ཞེས་ཏ་ཟིག་གམ་སྟག་གཟིག་ལ་ཏ་ཞིག་ཅེས་བྲིས་ཡོད་པ་ལྟ་བུ་ནི་སྔ་མའི་དཔེ་དང་། ངོ་འོག་ལ་ངོ་ཡོག ལ་འོག་ལ་ལ་ཡོག འོབས་ལ་ཡོབས། འོང་ལ་ཡོང་། འུ་བུ་ཅག་ལ་ཡུ་བུ་ཅག ལྗོན་ཤིང་ཡོ་འབོག་ལ་འོ་འབོག རྣ་བ་འོན་ལ་རྣ་བ་ཡོན། རྟ་སྒའི་ཐོག་གི་ཡོབ་ཆེན་ལ་འོབ་ཆེན་ཟེར་བ་ལྟ་བུ་ནི་ཕྱི་མའི་དཔེའོ།། མཚོ་སྔོན་ཡུལ་ཤུལ་གྱི་སྐད་དུ། དེང་དུས་ཀྱང་གང་ན་ཡོད་ཅེས་པར་གང་ན་འོད་ཅེས་ཟེར་བ་ཐོས།
             ལྔ།  མིང་གཞི་ཙ་ཚ་ས་གསུམ་ཅན་གྱི་ཡི་གེ་ཁག་ཅིག་གི་འཇུག་དོན་དང་གཞི་གདངས་སྐབས་འགར་ཕན་ཚུན་བརྗེ་སྤོར་ཚུལ་དུ་ཐོན། དཔེར་ན། ནོར་ལུག་སོགས་རི་མགོ་ནས་ཤི་ཚེ་སྤྱང་ཁི་དང་བྱ་རྒོད་ཀྱིས་ཤ་བཏོགས་ནས་རྩིབ་གུ་རབས་སེ་རུས་སྒྲོམ་ཁོ་ན་ལུས་པའི་མིང་ལ་ཙངས་དྲ་ཟེར་བར་སངས་དྲ། ཆུ་ཟོ་འཁུར་སྐབས་རྟེན་འཆའ་སའམ་མལ་གསོ་སའི་མིང་ལ་མལ་ཙ་ཟེར་བར་མལ་ས། འཚོ་ནམ་ལ་སོ་ནམ། ཡུན་རིང་འགོར་ནས་ཞོ་ལད་པའི་དོན་གྱི་ཞོ་ཚགས་ལ་ཞོ་སགས། ཀན་ལྷོའི་རྨ་ཆུ་རྫོང་གི་སྐད་དུ། ཞོ་ཚགས་བསྡད་ཀིན་ཟེར། མགོའི་སྤྱི་གཙུག་གི་མདུན་ངོས་སུ་མཚོག་མ་ཟེར་བར། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ་སོག་མའང་ཟེར། ཁ་སྩང་ལ་ཁ་སང་། གསོ་མ་ལ་གཙོ་མ། གསོ་སྒྱེ་ལ་གཙོ་སྒྱེ། གསོ་སྐུད་ལ་གཙོ་སྐུད། བྱིས་པ་བཙས་པ་ལ་བྱིས་པ་བསས། ཁྱེད་ཚང་དང་ངེད་ཚང་ཞེས་པར་ཁྱེད་སང་དང་ངེད་སང་། འཕྲལ་དུའམ་ཅང་མ་འགོར་བའི་དོན་གྱི་ཐད་ཙེ་ལ་ཐད་ཚེ་དང་ཐད་སེའང་ཟེར། ཐད་ཀ་ཐད་སོ་ལ་ཐད་ཀ་ཐད་ཚོ། ཕྱོགས་གཅིག་ལ་ཡོ་བའི་དོན་གྱི་ཕྱོགས་གཅིག་སར་ཁྱོགས་ཐལ་ཞེས་པ་ལ་ཕྱོགས་གཅིག་ཚར་ཁྱོགས་ཐལ།ཕྱེ ད་སར་ཡོན་ཐལ་ལམ་ཁྱོགས་ཐལ་ཞེས་པར་ཤ་ཚར་ཡོན་ཐལ། གདུང་འཚོབ་ལ་གདུང་སོབ། འཚང་རྒྱ་ལ་སངས་རྒྱ།འཚོ་ཚིས་ལ་སོ་ཚིས། ཉམས་ཚད་ལ་ཉམས་སད། ཀུ་རེ་རྩེད་པའི་དོན་གྱི་ཚད་ཀིས་བཤད་པ་ཡིན་ཞེས་པ་ལ་སད་ཀིས་བཤད་པ་ཡིན། ཡིད་ཚིམས་ལ་ཡིད་སིམས། ཚུན་ཆད་ལ་སུན་ཆད།(ཚེས་དགུའི་ཚུན་ཆད་ལ་ཚེས་དགུའི་སུན་ཆད།)ཚབ་ལ་གསབ། ཁྱོད་ཚུར་ཤོག་ལ་ཁྱོད་སུར་ཤོག འགྲོ་ཚུལ་འདུག་ཚུལ་ལ་འགྲོ་སུལ་འདུག་སུལ། བཟའ་ཚུལ་འཐུང་ཚུལ་ལ་བཟའ་སུལ་འཐུང་སུལ། གོ་རེ་རླངས་འཚོད་བྱེད་སྤྱད་ལ་ཨམ་སྐད་དུ། ཁོན་ཞེས་པར་ཡིག་སྐད་དུ། ཁྲོལ་སག་གམ་ཁོལ་སག་ཟེར་བ་ལ་ཁྲོལ་ཚགས་སམ་ཁོལ་ཚགས་ཟེར་བ། སྦྱིན་སྲེག་ལ་སྦྱིན་(བཞིན་)ཚེག་ཟེར་བ་སོགས་ལྟ་བུ།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》སུ། བློན་ཆེན་པོས།། འདུན་ཙ་ལོང་ཅུ་ནས།། ཞེས་པའི་འབྲུ་འགྲེལ་དུ། འདུན་ས་ལོང་ཅུ་ནས། ⒁ཞེས་བཀྲལ་ཡོད། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་》དུ། བསལ་བ་ལ་བསྩལ་བ་དང་། སོགས་པ་ལ་སྩོགས་པ། བསུ་བ་ལ་བསྩུ་བ། དྲི་བསུང་ལ་དྲི་བསྩུང་། བསངས་པ་ལ་བསྩངས་པ་ ⒂ཞེས་བཀྲལ་ཡོད་པ་ལྟ་བུའོ།།
ལྔ་པ། རྗེས་འཇུག་ཁག་ཅིག་ཕན་ཚུན་བརྗེ་སྤོར་ཚུལ་དུ་སྒྲ་ཐོན་པ།
             གཅིག རྗེས་འཇུག་མ་དང་ང་གཉིས་ཀྱི་སྒྲ་གདངས་སྐབས་འགར་བརྗེ་སྤོར་ཚུལ་དུ་ཐོན་པ། དཔེར་ན། མཚོ་སྔོན་གྱི་རེབ་གོང་དང་། མགོ་ལོག་གི་ཡུལ་སྡེ་འགའི་སྐད་དུ། གཅར་རྡུང་བྱས་པའི་དོན་གྱི་འཇོམས་པ་བྱིན་ཞེས་པར་འཇོངས་པ་བྱིན་ནམ་འཇོངས་པ་སྟེར་ཞེས་པའི་གདངས་ཐོན། ཡིན་ནམ་ཞེས་པ་ལ་ཡིན་ནང་ཟེར། འབྲས་སྤུངས་དགོན་པའི་ཀླུ་འབུམ་ཁམ་ཚན་ལ་ཀླུ་འབུམ་ཁང་ཚན་ཞེས་ཁམ་དང་ཁང་གཉིས་རེས་མོས་སུ་བྲིས་སྣང་སྟེ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་》ཏུ། …དེ་མཚམས་ནས་སྐུ་དྲག་དང་དགེ་བཤེས། རྩེ་དྲུང་། གདན་སའི་ཐོབ་ཁུངས་ཀྱི་ཁང་ཚན་སོགས་བཅར་མི་མང་། དངོས་འབྲེལ་ཕན་ཐོགས་ཆེ་ཤོས་སེར་བྱེས་ཀྱི་ཁང་ཚན་ཞིག་ཡོད། … ⒃ཅེས་འབྱུང་བ་ལྟ་བུ་དང་། མ་ཕམ་གཡུ་མཚོའམ་མཚོ་མ་ཕམ་ལ།《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》སུ། མ་པང་ནྀ་མཚོ་འགྲམ་ནས། …མ་པང་ནྀ་མཚོ་འིས་བྲུན། ⒄ཞེས་འབྱུང་བ་ལྟ་བུ། 《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས་》སུ། ཏུན་ཧོང་གཏེར་ཡིག་ཏུ། ཤངས་ཀྱི་སུམ་ཆུ་བོར། …སུམ་ཆུ་བོ་ཞེས་པ་བསང་ཆུ། ⒅ཞེས་བཀྲལ་ཡོད་པ་ལྟ་བུ། དམ་ལྷོད་མེད་དང་ཐམ་ལྷོད་མེད་ཅེས་པ་ལ་(དང་ལྷོད་མེད་) དང་(ཐང་ལྷོད་མེད་)ཟེར་བ། འགྲོ་རྒྱུ་ཡིན་ནམ་མིན་ཞེས་པ་ལ་འགྲོ་རྒྱུ་ཡིན་ནང་མིན། ཚུར་སྣང་བའི་ཚུལ་དུ་ཞེས་པའི་དོན་གྱི་སྣང་སྟངས་ལ་སྣམ་སྟངས་ཟེར་བ། མཚོ་སྔོན་ཕྱོགས་ཀྱི་རོང་སྐད་དུ། ཁང་པའི་ཐོག་གམ་སྟེང་ལ་ཁོམ་ཐོག་(ཁང་ལ་ཁམ་སྒྲ་ཐོན། ཐོག་གི་དབྱངས་ན་རོ་མིང་གི་སྔ་ཆར་འཕོས།)ཟེར་བ། སི་ཁྲོན་མཛོད་དགེ་རྫོང་གི་སྐད་དུ། སྐྱིལ་ཀྲུང་ལ་སྐྱིལ་ཁྲུམ་ཟེར་བ། ཀན་ལྷོའི་ཐེ་བོ་རྫོང་གི་སྐད་དུ། སྐམ་བཤའ་ལ་ཀང་(སྐང་)བཤའ། སྐམ་ཤ་ཉོས་ལ་ཀང་(སྐང་)ཤ་ཉོས། ལམ་ལ་ལང་། རྒྱ་ལམ་ལ་རྫ་ལང་། ཁམས་པ་ལ་ཁངས་པ། རྐང་སྣམ་ལ་རྐང་ལང་། ཕམ་ལ་ཕང་། ཚོང་ཕམ་སོང་ལ་ཚོང་ཕང་སོང་། མཛོ་མོ་དེད་ལ་མཛོང་དེད། ནམ་ལ་ནང་། ཁྱོད་ནམ་ཚུར་ཡོང་རྒྱུ་ལ་ཚོས་(ཁྱོས་)ནང་སུར་(ཚུར་)ཡོང་རྒྱུ། ནངས་སྔ་མོ་ལ་ནམས་སྔ་ཡེ། ཟམ་པ་ལ་ཟང་པ། ཉི་མ་ལ་ཉིང་། ཉི་མ་འགྱལ་སོང་ལ་ཉིང་འཛུལ་ར། ཉི་མ་དྲོ་ལ་ཉིང་དྲོ། འོ་མ་ལ་འོང་། ལྷམ་ལ་ཧང་ཟེར། ཀན་ལྷོའི་འབོ་ར་དང་། ཨ་མཆོག ཨ་ལ། རྒྱུས་ཚང་སོགས་ཀྱི་སྐད་དུ། དེ་རིང་གི་ཉི་མ་ཞེས་པར་དེ་རིང་གི་ནིང་ཞེས་རྗེས་འཇུག་མ་ལ་ང་སྒྲ་ཐོན་པ་ལྟ་བུས་མཚོན་ནོ།།
             གཉིས།  མིང་བརྡ་ཁག་ཅིག་གི་རྗེས་འཇུག་ད་ན་གཉིས་བརྗེ་སྤོར་གྱི་ཚུལ་དུ་ཐོན། ཐང་ཆེན་པོ་ལ་ཐང་ཆེད་པོ་ཞེས་དང་། རི་ཆེན་པོ་ལ་རི་ཆེད་པོ། མི་གཟུགས་རིང་ཤ་རྒྱགས་ཅན་ལ་མྱི་ཆེད་པོ་ཟེར་བ་ལྟ་བུ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་》ཏུ། …དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་གི་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན།བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ།། ⒆ཞེས་དང་། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》སུ། …རྒྱ་འྀ་དམག་བྱྀན་ཆེད་པོ། …ལྟོ་ཆེད་པོར་ཞུགས་ཀྲང་།། གྀས་གནམ་པྱགས་ཆེད་པོས་བཏབ་སྟེ། …ཞེས་དང་། …ཐང་ཆེད་པོ་གཆིག་ལ། …གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕངསྣ་སོད་ཀྲང་། …རྀ་ཆེད་པོ་འི་ལྗིད་ཀྱྀས་མནན་ན་ཆོགས་ཀྲང་། …མཚོ་ཆེད་པོ་འི་རླབས་ཀྱིས་བསད་ན་སོད་ཀྲང་། …རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱོང་། … ⒇ཞེས་སོགས་འབྱུང་བ་ལྟ་བུའོ།།
དྲུག་པ། རྩེག་ཡིག་གམ་འདོགས་ཅན་གྱི་ཡི་གེ་ཁག་ཅིག་གི་ཀློག་གདངས་ཅི་རིགས་ཐོན་པ།
             གཅིག  རྩེག་ཡིག་ཁག་ཅིག་ལ་མགོ་ཅན་དང་མིང་གཞིའི་གནས་ལ་འཕོ་འགྱུར་བྱུང་སྟེ་གདངས་གཞན་ཐོན་པའམ་མིང་གཞིའི་སྒྲ་ཁོ་ན་ལས་མགོ་འདོགས་ཀྱི་སྒྲ་མི་ཐོན་པ་སོགས་ཀློག་གདངས་ཅི་རིགས་ཐོན། དཔེར་ན། མི་ཁ་དགོད་ཅན་ནམ་ཁ་མཚར་ཅན་ལ་སྤྲོ་མོ་ཟེར་ཡང་ངག་ཏུ་བསོར་མོ་ཞེས་པའི་གདངས་ཐོན་ཏེ། སྤྲོ་ཡི་མིང་གཞི་པ་དེ་སྔོན་འཇུག་བ་རུ་འཕོས་ཤིང་། མགོ་ཅན་ས་དེ་མིང་གཞིར་འཕོས་པ། ར་བཏགས་རྗེས་འཇུག་ཏུ་འཕོས་པ་བཅས་ལས་བསོར་རུ་གྱུར་པ་ཡིན། ཨ་མདོའི་འབྲོག་སྐད་དུ། སྦྲིད་ལ་“བརིད་”ཅེས་དང་། སྦྲུལ་ལ་“བརུལ་”ཞེས་སྔོན་འཇུག་བ་ཡིག་ལྡན་པའི་ཚུལ་དུ་གདངས་ཐོན་ཟེར་བ་དེས་ཀྱང་རིགས་ལམ་དེ་ཡང་དག་པར་བསྒྲུབ་ནུས། འགྲོས་དེ་དང་མཐུན་པར། ཁ་སྤུ་ལ་ཁ་བསུ། རྣ་སྐྱག་གི་མིང་ལ་རྣ་སྤབས་ཞེས་པར་རྣ་བསབས། རྔ་སོགས་ལ་རླན་ཞད་འདྲེས་པའམ་ནེམ་ཞུགས་པའི་དོན་ལ་སྤབས་ཞེས་པར་བསབས། རྩམ་པ་རྙིང་བའི་དོན་ལ་རྩམ་པ་སྤབས་ཞེས་པར་རྩམ་པ་བསབས། བླ་སྤང་ལ་བླ་བསང་། དྲི་ཆུ་འདོར་བའི་དོན་གྱི་ཆབ་སྤང་ལ་ཆབ་བསང་། རྐང་བའི་ཚིགས་སྤར་བ་ལ་ཚིགས་བསར།གནས་སྤོར་བ་ལ་གནས་བསོར། རས་སོགས་འཐགས་པའི་རྒྱུ་སྤུན་ལ་རྒྱུ་བསུན། སྤུན་ཟླ་ལ་བསུན་ཟླ། རྒྱུ་སྤུས་ལ་རྒྱུ་བསུས། མི་སྤུས་ལ་མྱི་བསུས། སྤེན་མ་ལ་བསེན་མ། གོམ་པ་སྤོས་ལ་གོམ་པ་བསོས། མཆོད་མེའི་སྡོང་སྤོས་ལ་སྡོང་བསོས། ཁ་ཕོར་སོགས་སུ་འབྲས་ཐུག་ཁ་སྤུངས་སུ་བཅུས་པ་ལ་ཁ་བསུངས་བཅུས། མགོ་སྤུངས་སུ་བཅུས་པ་ལ་མགོ་བསུངས་བཅུས་ཞེས་པའི་སྤུ་དང་སྤབས་སོགས་ཀྱང་རིམ་པ་བཞིན་བསུ་དང་བསབས་སོགས་ཀྱི་སྒྲ་རུ་གྱུར་པ་ཡིན། ཀན་ལྷོའི་བླ་བྲང་ཕྱོགས་ཀྱི་བསང་ཁོག་དང་བསང་ཆུ་ཞེས་པའི་ས་མིང་ཆུ་མིང་དེ་ཡང་། གནའ་སྔ་མོའི་དུས་སུ་སྤྱང་ཁོག་དང་སྤྱང་ཆུ་ཞེས་འབྲི་ཡང་རིམ་གྱིས་ཡ་བཏགས་བོར་ནས་སྤང་ཁོག་དང་སྤང་ཆུ་ཞེས་པར་གྱུར་ཅིང་། ཕྱིས་སུ་མིང་གཞི་པ་དེ་སྔོན་འཇུག་ཏུ་ཡར་འཕོས་ཤིང་། མགོ་ཅན་ས་དེ་མིང་གཞིར་བྱས་པ། རྗེས་འཇུག་སོར་འཇོག་བྱས་པ་བཅས་ལས་བསང་ཁོག་དང་བསང་ཆུ་ཞེས་པར་གྱུར་པ་ཡིན་པར་བཞེད། གཅན་གཟན་སྤྱང་ཁི་ཞེས་པའི་སྤྱང་ལ། ཨ་མདོའི་ཡུལ་ལ་ལའི་སྐད་དུ། སྤྱང་གི་ཡ་བཏགས་བོར་བའི་ཚུལ་དུ་སྤང་ཀིའམ་སྤང་ཁི་ཟེར་མོད། ཀན་ལྷོའི་དཔའ་རིས་རྫོང་གི་སྐད་དུ། སྤྱང་ཁི་ལ་བསང་ཁི་དང་། སྤྱང་ཁིའི་རྒྱུ་ལམ་ལ་བསང་ལམ་ཟེར་བས། སྤྱང་གི་ཡ་བཏགས་བོར་ནས་སྤང་དུ་གྱུར་རྗེས། ད་གཟོད་གོང་སྨྲས་སྤྱི་འགྲོས་ལྟར་སྤང་དེ་བསང་དུ་གྱུར་པ་ཡིན། ཡུལ་དེ་གར་དང་པོར་ཀློག་སློབ་དུས་ནས་ས་པ་བཏགས་བསའ་ཞེས་ཁྲིད་ཟེར་བས་དཔྱད་གཞིའོ།། རྒྱུ་རྫས་བདག་པོ་ལ་སྤྲད་དང་སྤྲོད་ཅེས་པའི་སྤྲད་དང་སྤྲོད་ཀྱི་འདོགས་ཅན་བོར་ནས་སྤད་དང་སྤོད་ཀྱི་སྒྲ་ཐོན་ཅིང་། དེ་ནས་གོང་གསལ་ལྟར་སྤད་དང་སྤོད་ཀྱི་མིང་གཞི་པ་སྔོན་འཇུག་ཏུ་འཕོས་པས་བསད་དང་བསོད་བྱུང་བ་ཡིན། དཔེར་ན། ཁྲལ་བསྲད་དང་སྲོད་ཅེས་པ་ལ་ཁྲལ་ཧྲད་དང་ཧྲོད་ཅེས་པའི་གདངས་ཐོན་ལ། བསྲད་དང་སྲོད་ཀྱི་ར་བཏགས་བོར་ཏེ་བསད་དང་སོད་བྱུང་བས། དོམ་བསད་དང་སོད་ཅེས་པའི་གདངས་ཐོན་པ་ལྟ་བུ། མཚོ་སྔོན་གྱི་ཡུལ་འགའི་སྐད་དུ། མལ་ས་གཅིག་ལས་མི་འགའ་རེ་མགོ་ཡར་འཁོར་མར་འཁོར་གྱིས་འཚང་ཁ་བྱས་ཏེ་ཉལ་བའི་དོན་ལ། གཏད་སྤྲོད་བརྒྱབ་ཅེས་འབྲི་དགོས་ཀྱང་ངག་ཏུ་སྤྲོད་ཀྱི་ར་བཏགས་བོར་ནས་གཏད་སྤོད་བརྒྱབ་ཟེར། སི་ཁྲོན་གྱི་མཛོད་དགེ་དང་ཁྱུང་མཆུ་རྫོང་གི་སྐད་དུ། སྤྲད་དང་སྤྲོད་ཀྱི་མིང་གཞི་པ་བོར་ནས་མགོ་ཅན་ས་ལ་ར་བཏགས་སྦྱར་བའི་ཚུལ་གྱིས་སྲད་དང་སྲོད་ཀྱི་གདངས་ཐོན། གཏད་སྤོད་བརྒྱབ་ལ་གཏད་སྲོད་བརྒྱབ་ཟེར།དེ་ཡང་ནམ་མཁའི་སྤྲིན་ལ་བསྲིན་ཟེར་བ་དང་འགྲོས་མཚུངས། སི་ཁྲོན་རྔ་པ་རྫོང་དང་ཁྱུང་མཆུ་རྫོང་སོགས་ཀྱིས་སྤྲིན་གྱི་མིང་ལ་སྤིན་དང་། སྤྲེལ་གྱི་མིང་ལ་སྤེལ། སྤྲོ་ལ་སྤོ་ཟེར། ཡུལ་ལ་ལའི་སྐད་དུ། མེ་བཙའ་འཇོག་བྱེད་ཀྱི་རྒྱུ་སྤྲ་ཏོག་ལ་སྤ་ཏོག སྤྲང་པོ་ལ་སྤང་བོ། སྤྲུགས་ལ་སྤུགས། སྦྲུལ་ལ་སྦུལ་ཟེར་མཁན་ཚོས་དེའི་ར་བཏགས་བོར་བ་ཡིན་ལ།མཚོ་སྔོན་གྱི་མགོ་ལོག་དང་། ཀན་ལྷོའི་རྨ་ཆུ་རྫོང་སོགས་ཀྱིས། སྤྲ་ཏོག་ལ་དཔའ་ཏོག་གམ་དཔའ་ཐོག་དང་། སྤྲིན་ལ་དཔིན། སྤྲེལ་ལ་དཔེལ། ཁྲོ་བའི་དོན་གྱི་སྤོ་ལངས་ལ་དཔོ་ལངས་ཟེར་བས། དེ་དག་གིས་ས་པ་བཏགས་དཔའ་རུ་བཀླགས་པས་ཡིན། ཡ་མཚར་དགོས་པ་ཞིག་ལ། བེའུ་སྩེབས་མ་ཐག་བཞོས་པའི་འོ་མ་ཐོག་མའི་མིང་ལ་སྤྲི་ཞེས་པའི་སྐབས་སུ། ཨ་མདོའི་ཡུལ་བྱིངས་ལ་སྒྲ་གདངས་གཅིག་མཐུན་འབྱུང་བའི་སྐབས་ཀྱང་མཆིས། དཔེར་ན་འོ་སྤྲི་དང་། སྤྲི་མར། སྤྲི་ཞོ་ཟེར་བ་ལྟ་བུ། ལྷམ་ལ་ཧམ་ཞེས་དང་། སྐེའི་མིང་ལ་ལྦ་ཞེས་པར་བ་ཟེར་བ། (སྐེ་ལ་བ་གཅིལ་ནས་ཞུ་བ་བྱས།) འབྲོག་པའི་སྦྲ་ལ་སྦ་དང་ར་ཟེར་བ། དུག་དང་བཟི་སྨན་སོགས་ཀྱིས་ལུས་ཀྱི་ཚོར་བ་ཉམས་སུ་བཅུག་པའི་དོན་གྱི་སྦྲིད་ཅེས་པ་ལ། མགོ་ལོག་སོགས་ཀྱི་སྐད་དུ།བིད་ཅེས་མགོ་འདོགས་གཉིས་བོར་ནས་མིང་གཞི་དང་དབྱངས། འཕུལ་བཅས་ཀྱི་སྒྲ་ལས་མི་ཐོན་པ་ལྟ་བུ། དོན་དག་བསྒྲུབས་ཚར་བའམ་བསྒྲུབས་ཟིན་པའི་དོན་ལ། ཨམ་སྐད་དུ། དོན་དག་བསྲུབས་དང་། བཅའ་བ་བསྲུབས་ཞེས་བསྒྲུབས་ཀྱི་མིང་གཞི་ག་བོར་ནས་བསྲུབས་བྱུང་བ་ལས་ཧྲུབས་ཀྱི་སྒྲ་ཐོན་པ་ལྟ་བུ། ཀན་ལྷོའི་ཐེ་བོ་རྫོང་དང་འབྲུག་ཆུ་རྫོང་གི་སྐད་དུ། དེང་སྐབས་ཀྱང་སྐྲ་ལ་སྲ་ཞེས་པའི་གདངས་ཐོན་ཏེ། སྐྲ་བཞར་ལ་སྲ་ཝ་(དབལ་ཏེ་འབལ་གྱི་དོན།) ཞེས་དང་། སྐྲག་ལ་སྲེད་ཀྱི་སྒྲ་ཐོན་ཟེར་བ་ལྟ་བུའོ།།
             གཉིས།  སྦ་དང་སྦྱ་ཡིག་ལ་སྐབས་འགར་“གཟའ་”སྒྲ་ཐོན། དཔེར་ན། སྦལ་བ་ལ་གཟལ་བ་ཟེར་ཏེ། ལོག་གཟལ་ཁ་བཀྱེད་ཟེར་བ་ལྟ་བུ། ལག་པའི་སྦར་བ་ལ་ལག་པའི་གཟར་ར། གདོང་ལ་སྦར་མོ་བསྟན་པའི་དོན་ལ་གདོང་ལ་གཟར་བ་གདང་ངམ་གཟར་ར་བརྒྱབ་ཟེར་བ་ལྟ་བུ། ཡི་གེ་སྦྱོར་ཀློག་ལ་ཡི་གེ་གཟོར་ཀློག ཁྱོས་བོད་ཡིག་གཟོར་བར་ཐོན་ཟེར་བ་ལྟ་བུ། ཆང་གི་སྦང་མ་ལ་གཟང་མའམ་རྫང་མ་ཟེར། ཀན་ལྷོའི་དཔའ་རིས་རྫོང་གི་ཡུལ་དུ། དང་པོར་ཀློག་སློབ་དུས་ནས་བཟུང་ས་བ་བཏགས་གཟའ་ཞེས་སློབ་ཟེར།
གསུམ། མིང་གཞི་ད་ཅན་གྱི་རྩེག་ཡིག་རེ་གཉིས་སམ་དབྱངས་ཞུགས་པའི་ད་ཡིག་ཅན་ཁག་ཅིག་ལ། སྐབས་འགར་གཞི་གདངས་“གཟའ་”ཡི་སྒྲ་འདྲ་བ་ཐོན། དཔེར་ན། མཚོ་སྔོན་གྱི་དཔའ་ལུང་རྫོང་གི་སྐད་དུ། སྡེ་ལ་བཟེ་ཞེས་དང་།གདུང་མ་ལ་གཟུང་མ། བྱིས་པའི་སྔུན་ནས་ཟས་ཞིམ་པོ་ཟོས་ནས་ཧེབ་བསྩངས་ཚེ་སྡིག་པ་ཡོད་ཟེར་བར་གཟིག་ག་ཡོད།གཤེ་གཤེ་བཏང་བའི་དོན་གྱི་བསྡིགས་ལ་གཟིགས། ཐང་འཕྱག་བྱེད་ཀྱི་སྡུད་མ་ལ་གཟུད་མ། ལྗོན་ཤིང་སྡོང་པོ་ལ་གཟོང་བོ། ཐང་ནས་སྡོད་ལ་ཐང་ནས་གཟོད་ཅེས་པའི་གདངས་དང་ཡི་གེ་གཉིས་ཀ་འབྱུང་སྟེ། 《བོད་རྒྱ་ཚིག་མཛོད་ཆེན་མོ་》སོགས་སུ། (གདོད་མ་)ལ་གཟོད་མ་ཞེས་དང་། གཟོད་ལ་གདོད་དམ་ད་གཟོད། ﹙21﹚ཅེས་འབྱུང་བ་ལྟ་བུ། ཡང་ཨ་མདོའི་ཡུལ་འགའི་སྐད་དུ། བསྡུས་ཞེས་པ་ལ་“རུས་”སྒྲ་ཐོན་དུས་མཆིས། ཁྲལ་བསྡུས་ལ་ཁྲལ་རུས། མང་ཚོགས་ལ་ཁྲལ་བསྡུས་ཆ་བརྒྱབ་ལ་ཁྲལ་རུས་ཆ་བརྒྱབ། འབྲུ་རིགས་ཉི་མར་བསྐམས་པའི་ཐང་མ་ཕྱིར་ལོག་ལོག་བྱས་པའི་དོན་ལ་ཐང་མ་བསྡུས་ཡིན་ཡང་ཐང་མ་རུས་ཟེར་ཞིང་། ཐང་ཕྱགས་པའི་དོན་ལ་ཐང་བསྡུས་ཡིན་ཡང་ཐང་རུས། གཤིན་པོར་འདུན་བྱེད་པའི་རྟགས་སུ་སྐེ་རགས་མདུན་ངོས་སུ་བསྡུས་པ་ལ་སྐེ་རགས་རུས་ཟེར་བའི་སྒྲ་ཐོན་པ་ལྟ་བུའོ།།
             བཞི། ཟླ་ཡིག་ལ་ཟླ་དང་རྫ། སྐབས་འགར་ཀླ་དང་ཟ་བཅས་ཀྱི་གདངས་ཐོན་དུས་མཆིས། དཔེར་ན། ནམ་མཁའི་ཟླ་བ་ལ་རྫའམ་རྫ་བ། ཟླ་ཕོགས་ལ་རྫ་ཕོགས། སྦྲུམ་མར་ཟླ་ཁ་གང་ལ་རྫ་ཁ་གང་། ཁ་ཡ་ན་ཟླ་ལ་ཁ་ཡ་ན་རྫ། ཟླ་ཆུ་ལ་རྫ་ཆུ།( 澜沧江)  མི་བཟང་པོའམ་ཡ་རབས་ཅན་ལ་མྱི་ཨ་ཟླ་ཞེས་འབྲི་དགོས་ཀྱང་ཨ་རྫ་ཞེས་པའི་སྒྲ་ཐོན་པ། (ཨ་ནི་བཟང་པོའི་དོན་ནམ་གུས་ཚིག་ཏུ་འཇུག་སྟེ། ཨ་ཕ། ཨ་མ། ཨ་ཁུ། ཨ་ཅེ། ཨ་ནུ་སམྦྷོ་ཊ། ཐོན་མི་ཨ་ནུ་ཞེས་འབོད་པ་ལྟ་བུ། ཀན་ལྷོའི་ཐེ་བོ་རྫོང་གིས་མི་ཆེ་ཆུང་ཀུན་པོར་མིང་གི་སྔོན་ལ་ཨ་སྦྱར་ནས་འབོད་སྲོལ་ཡོད་ཟེར།)རྗེས་སུའམ་རྗེས་མའི་དོན་ལ་ཟླ་ནས་སམ་རྫ་ནས། རྫ་མར་ཟེར་བ་ལྟ་བུ། དམག་ཁ་ཕྱིར་ཟློག་པ་ལ་དམག་ཕྱིར་རྫོགལྭ་བ་ཕྱིར་ཟློག་པ་ལ་ལྭ་བ་ཕྱིར་རྫོག ཁ་ངོ་ཟློག་མ་ཕོད་པ་ལ་ཁ་ངོ་རྫོག་མ་ནུས། ཚོང་ཟོང་ཕྱིར་ཟློག་པ་ལ་ཚོང་ཟོང་ཕྱིར་རྫོག རེབ་གོང་ཡུལ་གྱི་དྲུག་པའི་ཀླུ་རོལ་སྐབས་སུ། མིའི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་སོགས་བཟློག་ཕྱིར་དུ་ཟློག་པ་འཕེན་པའི་ཆོ་ག་ཞིག་བསྟར་རྒྱུ་ཡོད་ལ། དེའི་སྐབས་ཀྱི་ཟློག་ཤིང་གི་མིང་ལ་རྫོག་ཤིང་ཟེར་བ་ལྟ་བུ། ཀན་ལྷོའི་རྨ་ཆུ་དང་སི་ཁྲོན་གྱི་མཛོད་དགེའི་སྐད་དུ། གཏམ་བཤད་པའམ་སྨྲས་པའི་དོན་གྱི་ཟློ་ལ་རྫོ་ཞེས་དང་། ཟློས་ལ་རྫོས་སྒྲ་ཐོན། ཁྱོད་ཀྱིས་དེ་ལྟར་རྫོ་གིན་མ་འདུག་ཟེར་བ་ལྟ་བུ། ཟླ་དང་ཀླ་གཉིས་ཀྱི་སྒྲ་གདངས་གོ་བརྗེས་པའི་ཚུལ་དུ་ཐོན་པ། དོན་ཞིག་བརྗེད་པར་དོགས་ནས་ཡིད་ལ་ཡང་ཡང་བཟློས་པའི་དོན་ལ་བཟླ་(ཀླི་གིན་)གིན་བཟླ་གིན་ཟེར། ཁྱོས་བརྗེད་འགྲོར་འདོད་ན་བཟླ་གིན་བཟླ་གིན་སོང་(ཀླི་གིན་ཀླི་གིན་སོང་།)ཟེར་བ་ལྟ་བུ། མཚོ་སྔོན་མགོ་ལོག་གི་པདྨ་རྫོང་དང་དགའ་བདེ་རྫོང་། དར་ལག་རྫོང་བཅས་ཀྱི་སྐད་དུ། ནམ་མཁའི་ཟླ་བའི་མིང་ལ་ཀླ་བ་ཞེས་དང་། ཟླ་བཞི་བ་ལྔ་བ་ཚེས་པ་ལ་ཀླ་བཞི་བ་ལྔ་བ་ཚེས་པ། སྔགས་བཟླས་པ་ལ་སྔགས་ཀླས་པ། ཟློག་པ་(ག་)འཕངས་ལ་ཀློག་ག་འཕངས། ཟླ་ཕོགས་ལ་ཀླ་ཕོགས་ཟེར་བ་ལྟ་བུ། ཡང་སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཀླད་པ་ལ་ཟླད་པ་ཞེས་དང་། ཀླད་ཤུན་ལ་ཟླད་ཤུན་ཟེར་ཏེ། སེམས་ཅན་གྱི་ཀླད་པ་ལ་སེམས་ཅན་གྱི་ཟླད་པ་ཟེར་བ་ལྟ་བུ། སྐྱེས་ལོ་གཅིག་ཡིན་ཡང་སྐྱེས་ཟླའི་ཆེ་ཆུང་ངམ་སྔ་གཞུག་གི་ཁྱད་པར་སྟོན་པའི་དུས་སུ། ཨ་མདོའི་ཡུལ་ལ་ལའི་སྐད་དུ། ཟླ་ལ་ཟ་ཡི་གདངས་ཐོན་ཏེ། འུ་གཉིས་ཀའི་ཟ་རྒྱབ་བམ་བཟའ་རྒྱབ་ཀྱིས་ཆེ་བོ་ང་རེད་ཟེར་བ། དེ་བཞིན་དུ། སྐད་ཆ་བཤད་པའམ་སྨྲས་པའི་དོན་གྱི་བཟས་དང་བཟོས་ཞེས་པ་དེ་ཡང་ཟེར་གྱི་སྒྲ་འགྱུར་ནས་བྱུང་བ་མིན་པར། བཟླས་དང་ཟློས་ཀྱི་མིང་གཞི་ཟ་ཡིག་ཁོ་ནར་འཕུལ་རྟེན་དབྱངས་གསུམ་ཞུགས་པ་ཉིད་ལས་སྒྲ་གཟུགས་ཐོན་པ་ཡིན་ཏེ། ཁྱོས་དེ་ལྟར་བཟས་ནས་ཅི་བྱེད། ཁྱོས་དེ་ལྟར་བཟས་དེངས་ཐལ་མོད། དེ་ལྟར་བཟོས་ལ་ཐོངས་ཟེར་བ་ལྟ་བུའོ།།
བདུན་པ། མིང་གཞིའི་སྒྲ་ཉམས་ནས་མགོ་འདོགས་སོགས་ཀྱི་སྒྲ་ལས་མི་ཐོན་པ།
             ཡི་གེ་རེ་གཉིས་ལ་མིང་གཞིའི་སྒྲ་ཉམས་ནས་མགོ་འདོགས་དང་དབྱངས་སོགས་ཀྱི་སྒྲ་མ་གཏོགས་མི་ཐོན། དཔེར་ན། སྟག་ལྷ་ལ་སྟག་ལ་ཞེས་དང་། འགྲེ་ལྡོག་བརྒྱབ་ལ་འགྲེ་ལོག་བརྒྱབ། ཚེ་དུས་བྱས་ནས་ལོ་འཁོར་གཅིག་ལོན་པའི་དུས་དྲན་ལ་དུས་རན། སྔར་བྱས་ཀྱི་དྲིན་ཡང་ཡང་གླེང་བའི་དོན་གྱི་ཁ་དྲིན་བརྩིས་ལ་ཁ་རིན་བརྩིས། ཨ་བྲ་ལ་ཨབ་ར། བླ་བྲང་ལ་བླབ་རང་། བླ་བྲེ་ལ་བླབ་རེ། བྱིས་པ་རློན་ནུ་གཉིད་ཁར་ངུ་ངག་གིས་གདོས་བྱས་པའི་མིང་ལ་གཉིད་བྲིན་ཆེ་ཞེས་པར། མགོ་ལོག་གི་སྐད་དུ་གཉིད་རིན་ཆེ་ཞེས་རིན་སྒྲ་ཐོན། བྲོ་བ་མྱངས་ལ་རོ་མྱངས། ལྷ་བྲིས་རྟེན་བཞེངས་ལ་ལྷ་རིས་རྟེན་བཞེངས། ཕྲལ་དང་དབྲལ་ལ་རལ།(རས་དང་ཤོག་བུ་སོགས་ཐེད་པ།) བག་ལེབ་སྲབ་བུའི་དོན་གྱི་སྐྱ་སྲབ་ལ་སྐྱ་རབ། ཞིང་རྨོས་ཤུལ་གྱི་སྲོལ་ལ་རོལ།(རོལ་རྙེད་མ།) ཐབ་ཁུང་ནང་གི་མེ་རོ་ཕྱིར་འདྲུ་བྱེད་ཀྱི་མེ་འདྲུ་ལ་མྱེ་རུ། བྱེད་རྒྱུ་ལ་ཡེད་རྒྱུ། འདྲུལ་ལ་རུལ། གསོ་རིག་གཞུང་དུ། འདྲུལ་ནི། རུལ་བའི་རྣམ་པ་སྟེ། མྱག་ལྟ་བུ་ལ་གོ་དགོས་ཞེས་བཀྲལ་ཡོད། སྒོག་དྲི་བྲོ་ལ་སྒོག་རི་བྲོ། རུལ་དྲི་བྲོ་ལ་རུལ་རི་བྲོ།(རྗེས་འཇུག་ད་ན་ར་གསུམ་གྱི་རྗེས་སུ་དྲི་སྒྲ་ཐོན་ཏེ། ཕྱི་རྒྱལ་ནས་བསྡད་དྲི་བྲོ། ཐན་དྲི་བྲོ། སྐྱུར་དྲི་བྲོ་ལྟ་བུ།) ཆོས་ཀུན་འགྲིག་ལ་ཆོས་ཀུན་རིག འགྲོ་གྲོགས་འདུག་གྲོགས་ལ་འགྲོ་རོགས་འདུག་རོགས། བྱ་བྱིས་ལ་བྱ་ཡིས། བྱེད་རྒྱུ་མིན་ལ་ཡེད་གྱུ་མིན། ཡག་དང་མེ་ཏོག་སོགས་འགྱལ་བ་ལ་ཡག་ཡལ་དང་མེ་ཏོག་ཡལ་ཟེར་བ་སོགས་ཀྱིས་མཚོན།
བརྒྱད་པ། དབྱངས་བཞིའི་སྒྲ་གདངས་སྐབས་འགར་ཕན་ཚུན་བརྗེ་སྤོར་ཚུལ་དུ་ཐོན་པ།
             གཅིག ཡི་གེ་ཁག་ཅིག་གི་དབྱངས་བཞིའི་སྒྲ་གདངས་སྐབས་འགར་ཕན་ཚུན་བརྗེ་རེས་ཚུལ་དུ་ཐོན་པ། དཔེར་ན།སྙེ་མ་ལ་སྙི་མ། སྟ་རེ་ལ་སྟ་རི། ཟོག་གིས་བཏང་བའི་ལྕི་བ་ལ་ལྕེ། ལྗི་བ་ལ་ལྗེ། འཕྱི་བ་ལ་ཕྱེ། ཨེ་ཡོད་ལ་ཨི་ཡོད། ཕྱི་རོལ་མུ་སྟེགས་པ་ལ་མུ་སྟིགས་པ། དེའི་རྐྱེན་གྱིས་ལ་དེའི་རྐྱོན་གིས། ཁྱེད་ཚོ་ལ་ཁྱིད་ཆོ། ངེད་ཚོ་ལ་ངིད་ཆོ། གོ་རེ་ལ་གོ་རི། དེ་དགོང་ལ་དོ་དགོང་། དེ་མོ་དེ་ལ་དི་མོ་དི།(དེ་འདྲའི་དོན།) དེ་རེད་མ་རེད་ལ་དི་རིད་མ་རིད། ཁེར་མ་གཉིས་མ་ཞེས་པའི་དོན་གྱི་ཁ་ཁེར་ཞེས་པར་ཁ་ཁིར་ཟེར་ཏེ། རྟ་རྒྱུགས་ས་ན་རྟ་ལུད་ཁ་ཁིར་ཡོད་ལོས་ཆོག་ཟེར་བ་ལྟ་བུ། མགོ་ཡོམ་འཁོར་ལ་མགོ་ཡུ་འཁོར། ཆོག་པའི་དོན་གྱི་ལོས་ཆོག་ལ་ལེ་ཆོག་དང་། ཨ་ནེ་ལ་ཨ་ནི། ཕ་རོལ་ཚུ་རོལ་ལ་ཕ་རིལ་ཚུ་རིལ་ཟེར་བ་སོགས་ལྟ་བུ། ཡང་མགོ་ལོག་གི་དགའ་བདེ་རྫོང་དང་། ཀན་ལྷོའི་རྨ་ཆུ་རྫོང་། སི་ཁྲོན་གྱི་རྔ་བ་རྫོང་སོགས་ཀྱི་སྐད་དུ། ཟོག་གིས་བཏང་བའི་ལྕི་བ་ལ་ལྕོ་དང་། རི་དྭགས་འཕྱི་བ་ལ་ཕྱོ་ཞེས་པའི་གདངས་ཐོན།《ཏུན་ཧོང་གཏེར་ཡིག་》སོགས་བོད་ཀྱི་ཡིག་རྙིང་དག་ལས་ཀྱང་། བུ་མོ་ལ་བོ་མོ། ཚེ་དཔག་མེད་ལ་ཚི་དཔག་མེད།འདིར་ཤོག་ལ་འདེར་ཤོག དེ་རིང་ལ་དི་རིང་ཞེས་སོགས་འབྱུང་བ་ལྟ་བུའོ།།
             གཉིས།  ཝ་ཟུར་ཅན་གྱི་ཡི་གེ་ཁག་ཅིག་ལ་རང་གི་མིང་སྔ་ཕྱིའི་དབྱངས་ལ་བལྟོས་ནས་གདངས་ཅི་རིགས་ཐོན། རྭ་སྒྲེང་དགོན་པ་ལ་རེ་སྒྲེང་དགོན་པ་ཟེར་ཞིང་། ཁྱིམ་ཚང་གི་མགོའི་སྦྲ་དང་ལྷས་ཀྱི་ཕྱུགས། སྒོའི་རྩྭ་ས་དང་བཅས་པ་ལ་འཁོར་བའི་མགོ་རྭ་ཞེས་པ་ལ་མགོ་རུ་ཟེར་བ། འབྲོང་རྭ་ཐུར་ཅན་ལ་འབྲོང་རུ་ཐུར་ཅན། ཀན་ལྷོའི་རྒན་གྱའི་རུ་སྔོན་ནམ་རྭ་ངན་ལ་རུ་ངན། དྭ་ཕྲུག་ལ་དྭའུ་ཕྲུག བཅྭ་ལྔ་དང་བཅྭ་བརྒྱད་ལ་བཅོ་ལྔ་དང་བཅོ་བརྒྱད། ཆང་གི་བཟི་ཡལ་བའམ་དྭངས་པའི་དོན་ལ་བཟི་དྭོངས་ཟེར་ཏེ། གཏི་མུག་གཉིད་ལ་དྭངས་མཐའ་མེད་ཅེས་པ་ལ་དྭོངས་མཐའ་མེད་ཟེར་བ་ལྟ་བུའོ།།
དགུ་བ། དུས་སྟོན་པ་གསལ་བྱེད་ཀྱི་སྒྲ་སོགས་སྦྱོར་སྐབས་རྗེས་འཇུག་གི་དབང་གིས་གཞི་གདངས་ལ་འགྱུར་བ་ཐོན།
             གཅིག  ད་ལྟ་བ་གསལ་བྱེད་ཀྱི་སྒྲ་དུས་ཞེས་པ་མིང་མཐར་སྦྱོར་སྐབས་རྗེས་འཇུག་ད་ན་མ་ར་བཞིའི་རྗེས་སུ་“རུས་དྲུས་འདྲུས་”གསུམ་གྱི་སྒྲ་ཐོན་ཅིང་། རྗེས་འཇུག་ག་ང་བ་འ་ལ་ས་དང་མཐའ་རྟེན་མེད་མཐར་རུས་སྒྲ་ཐོན། དཔེར་ན། རྗེས་འཇུག་ད་ར་གཉིས་ཀྱི་མཐར་དྲུས་སྒྲ་ཐོན་ཚུལ། སྒོར་མོ་ཡོད་དུས་མེད་དུས་ཞེས་པ་ལ་སྒོར་མོ་ཡོད་དྲུས་མེད་དྲུས། དགེ་རྒན་ཡོད་དུས་སོང་ཞེས་པ་ལ་དགེ་རྒན་ཡོད་དྲུས་སོང་། གཏམ་བཤད་དུས་ཐད་ཚོ་ལ་གཏམ་བཤད་དྲུས་ཐད་ཚོ། སྐྲ་བཞར་དུས་ལ་སྐྲ་བཞར་དྲུས། གཅར་དུས་ཐད་ཚོ་ལ་གཅར་དྲུས་ཐད་ཚོ་ཟེར་བ་ལྟ་བུ། རྗེས་འཇུག་ན་མ་གཉིས་ཀྱི་མཐར་འདྲུས་སྒྲ་ཐོན་ཚུལ། ཡིན་དུས་མིན་དུས་ཐད་ཚོ་ཞེས་པ་ལ་ཡིན་འདྲུས་མིན་འདྲུས་ཐད་ཚོ། རྩམ་པ་ཁ་འགམ་དུས་ལ་ཁ་འགམ་འདྲུས། ཕམ་དུས་ལ་ཕམ་འདྲུས་ཞེས་པ་ལྟ་བུ། དེ་བཞིན་དུ། དེ་རེད་དོ་ལ་དི་རེད་དྲོ་ཞེས་དང་། དྲི་མ་ངན་པ་བྲོ་བའི་དོན་གྱི་ཐན་དྲི་བྲོ་ལ་ཐན་འདྲི་བྲོ། སྐར་མ་སྨིན་དྲུག་ལ་སྐར་མ་སྨིན་འདྲུག ཕུ་དུང་ལ་ཕུ་རུང་དང་། ད་དུང་ལ་ད་རུང་། དེ་དིང་ལ་དེ་རིང་སོགས་ཀྱི་སྒྲ་གདངས་འབྱུང་ཚུལ་ཡང་གོང་དང་རིགས་བསྒྲེ་ན་རྟོགས་ནུས། རྗེས་འཇུག་ག་ང་བ་འ་ལ་ས་དང་མཐའ་རྟེན་མེད་མཐར་རུས་སྒྲ་ཐོན་ཚུལ། རྒྱག་དུས་ལ་རྒྱག་རུས། ཡོང་དུས་ལ་ཡོང་རུས། འགེབ་དུས་ལ་འགེབ་རུས། བཞའ་དུས་ལ་བཞའ་རུས། དགོ་དུས་རྡོ་རྗེ། མི་དགོ་དུས་གདོན་རྫས་ཟེར་བ་ལ་དགོ་རུས་རྡོ་རྗེ། མི་དགོ་རུས་གདོན་རྫས། སྐྱ་མི་རྐང་ཐང་ལ་རེ་དུས་དང་། རྐང་ཐང་སྐྱ་མི་ལ་རེ་དུས་ཞེས་པར་སྐྱ་མི་རྐང་ཐང་ལ་རེ་རུས་དང་། རྐང་ཐང་སྐྱ་མི་ལ་རེ་རུས། རྒྱགས་དུས་ལྟོགས་དུས་གཉིས་ཀ་ཡོད་ཅེས་པར་རྒྱགས་རུས་ལྟོགས་རུས་གཉིས་ཀ་ཡོད་ཟེར་བ་ལྟ་བུ། རེབ་གོང་དང་གཅན་ཚ་སོགས་ཀྱི་སྐད་དུ། དུ་འཕྲོའམ་དུས་འཕྲོ་ཞེས་པ་ལ་དྲུས་འཕྲོའམ་ཐུ་འཕྲོ་དང་ཐྲུས་འཕྲོ་ཟེར་ཞིང་། ཐྲུས་འཔྲོ་ཡང་ཟེར་རོ།།
             གཉིས། དུས་མ་འོངས་གསལ་བྱེད་ཀྱི་སྒྲ་རྒྱུ་ཞེས་པ་ལས་ཚིག་གི་མཐར་སྦྱོར་སྐབས། རྗེས་འཇུག་བཅུ་བོའི་རྗེས་སུ་ཁྱད་མེད་དུ་རྒྱུ་སྒྲ་ཐོན་ཡང་། དམིགས་བསལ་གྱིས་རྗེས་འཇུག་ད་བ་གཉིས་ཀྱི་རྗེས་སུ་རྒྱུ་ཡི་ར་མགོ་བོར་བའི་གྱུ་སྒྲ་ཐོན་པ་ཤས་ཆེ། དཔེར་ན། བཤད་རྒྱུ་ཞིག་ཡོད་ཅེས་པར་བཤད་གྱུ་ཞིག་ཡོད། ཁྱོད་སྐྱིད་རྒྱུ་རེད་ལ་ཁྱོད་སྐྱིད་གྱུ་རེད། དེ་བཞིན་དུ། རྗེས་སུ་ཁྲིད་གྱུ་མིན། རྡོ་གད་གྱུ་རེད། དགེ་རྒན་ཡོད་གྱུ་རེད། གྲིས་ཆོད་གྱུ་རེད། དོན་བརྗེད་གྱུ་རེད། སྒོར་མོ་རྙེད་གྱུ་རེད། རྟ་བརྟོད་གྱུ་རེད། ཐག་པ་མཐུད་གྱུ་རེད། ཁལ་ཐྲུད་གྱུ་མ་རེད། རྒྱུ་ནོར་སྤྲོད་གྱུ་རེད། བྱ་ངན་བྱེད་གྱུ་མིན། ཀ་ར་མྱིད་གྱུ་རེད། ས་ཆུ་རྩོད་གྱུ་རེད། ཤ་འཚོད་གྱུ་ཡིན། མྱིང་བརྫོད་གྱུ་རེད། གྲི་ཁ་ཟད་གྱུ་རེད། སྐྲ་ཡིད་གྱུ་རེད། མི་གཤིས་ལད་གྱུ་རེད། ལམ་ནས་ཤུད་གྱུ་རེད།གཉིད་ལས་སད་གྱུ་མ་རེད་སོགས་ཟེར་ཞིང་། འབུད་ཆས་ཨོང་བ་སོགས་ཀྱི་སྤྱི་མིང་ལ་འབུད་རྒྱུ་ཡིན་ཡང་། ཨམ་སྐད་དུ། འབུད་གྱུ་ཞེས་པའི་གདངས་ཐོན། ང་ལ་འབུད་གྱུ་སེལ་བོ་གང་ཁྱེར་ཤོག་ཟེར་བ་ལྟ་བུ། ཉལ་གོས་འགེབ་གྱུ་མ་རེད།ཤ་གཙབ་གྱུ་མིན་སོགས་ཟེར་བ་ལྟ་བུ། ཆོས་ཉིད་དེ་མ་ཤེས་པས་དེང་སང་གྱུ་ཡི་ཚབ་ལ་འབྲེལ་སྒྲའི་ཕྲད་“ཀྱི་”བྲིས་ནས།བཤད་ཀྱི་ཞིག་ཡོད། སྐྱིད་ཀྱི་རེད། རྗེས་སུ་ཁྲིད་ཀྱི་མིན།བསྐྱར་བཟློས་བྱེད་ཀྱི་མིན་སོགས་བྱུང་དང་འབྱུང་བཞིན་པ་ནི་མ་དག་པར་སེམས་སོ།།
             གསུམ།  དེ་མ་ཐག་གི་དོན་ནམ་སྔ་ཕྱི་ནང་འགལ་སྟོན་བྱེད་ཀྱི་སྒྲ་རུང་ཞེས་པ་མིང་མཐར་སྦྱོར་སྐབས། རྗེས་འཇུག་ག་ང་བ་མ་འ་ར་ལ་ས་བཅས་ཀྱི་རྗེས་སུ་རུང་སྒྲ་ཐོན་ཏེ། ཐང་ལ་བཙོག་རུང་ཡིན། སྨན་འཐུང་རུང་ཡིན་སོགས་ལྟ་བུ། རྗེས་འཇུག་ད་ཡི་རྗེས་སུ་“དྲུང་”སྒྲ་ཐོན་ཏེ། ཐང་ལ་བསྡད་མ་ཐག་པའི་དོན་གྱི་ཐང་ལ་བསྡད་རུང་ཡིན་ཞེས་པར་ཐང་ལ་བསྡད་དྲུང་ཡིན། གཉིད་མ་ཐག་པའི་དོན་གྱི་གཉིད་རུང་ཡིན་ཞེས་པར་གཉིད་དྲུང་ཡིན་ཟེར་བ་ལྟ་བུ། རྗེས་འཇུག་ན་ཡི་རྗེས་སུ་“འདྲུང་”སྒྲ་ཐོན་ཏེ། གློག་བརྙན་བསྟན་མ་ཐག་པའི་དོན་གྱི་གློག་བརྙན་བསྟན་རུང་ཡིན་ཞེས་པར་གློག་བརྙན་བསྟན་འདྲུང་ཡིན། དགེ་རྒན་དུ་བསྟེན་མ་ཐག་པའི་དོན་གྱི་དགེ་རྒན་ལ་བསྟེན་རུང་ཡིན་ཞེས་པར་དགེ་རྒན་ལ་བསྟེན་འདྲུང་ཡིན་ཟེར་བ་ལྟ་བུ། མདོག་བཙོག་རུང་གསེར་ནག་ལཎྫ། སྨན་འཐུང་རུང་གོ་མ་ཆོད་སོགས་ལ་རུང་སྒྲ་ཐོན་ཅིང་། འགྲོ་འདོད་རུང་འགྲོ་དབང་མེད་ཅེས་པར་འགྲོ་འདོད་དྲུང་འགྲོ་དབང་མེད། དབང་ཆ་ཡོད་རུང་བཀོལ་ས་མེད་ཅེས་པར་དབང་ཆ་ཡོད་དྲུང་བཀོལ་ས་མེད།གློག་བརྙན་བསྟན་རུང་ལྟ་མཁན་མེད་ཅེས་པར་གློག་བརྙན་བསྟན་འདྲུང་ལྟ་མཁན་མེད། གྱང་ལ་ཁེན་རུང་འགྲོ་མི་ཐུབ་ཅེས་པ་ལ་གྱང་ལ་ཁེན་འདྲུང་འགྲོ་མི་ཐུབ་ཅེས་དྲུང་དང་འདྲུང་སྒྲ་ཐོན་པ་ལྟ་བུའོ།།
བཅུ་བ། ཚིག་སྡུད་ཀྱིས་གྲུབ་པའི་མིང་དང་དེ་བྱུང་འབྲེལ་གྱི་མིང་།
             གཅིག  ཚིག་སྡུད་ཀྱིས་གྲུབ་པའི་མིང་ནི། ལྷ་བཞུགས་སའི་ཁང་པ་བསྡུས་པས་ལྷི་ཁང་(ལྷི་ཝང་)ཞེས་དང་། རྟ་ཡིས་བཏང་བའི་ལུད་ཅེས་པ་བསྡུས་པས་རྟི་ལུད། དེ་ནི་རྣམ་དབྱེ་གསུམ་པའི་ཕྲད་བསྡུས་ནས་དྲུག་སྒྲ་ཡར་འཕོས་པས་ཡིན།སྒོ་ང་བསྡུས་པས་སྒོང་། བྱ་སྒོང་ཟེར་བ་ལྟ་བུ། ཁྱོད་ཀྱི་ལ་ཁྱོའི། ཁྱོད་ཀྱིས་ལ་ཁྱོས། ཅི་བྱེད་རྒྱུ་བསྡུས་པས་ཆིད་གྱུའོ་དང་ཆེད་གྱུའོ། (ཅི་ལ་ཆི་དང་། དབྱངས་ཕན་ཚུན་བརྗེ་ཚུལ་གོང་དུ་ཞུས་ཟིན།) ཁ་ཕོར་ཆག་པོ་དེས་ཆེད་གྱུའོ་ཟེར་བ་ལྟ་བུ། འུ་ཅག་ཚོ་བསྡུས་ཏེ་འུག་ཆོ། ཤ་ར་བསྡུས་པས་ཤར། ཨ་རྫ་བོ་བསྡུས་པས་ཨ་རྫོ་ཟེར་ཏེ། གདུགས་དཀར་ཨ་རྫོ་སྔགས་ཀྱིས་བརྫད་འདུག་ཟེར་བ་ལྟ་བུ། གནའ་ཤི་བོ་བསྡུས་པས་གནའ་ཤོ་ཟེར་བ་ལྟ་བུའོ།།
             གཉིས།  དེ་བྱུང་འབྲེལ་གྱི་མིང་ངམ་གྱེས་མིང་། མིང་གཞི་བོར་ནས་འདོགས་ལ་དབྱངས་སོགས་སྦྱར་བའི་ཚུལ་དུ་སྒྲ་ཐོན། དཔེར་ན། གྲོགས་ལས་རོགས་བྱུང་བ། ཆ་འགྲིག་པའམ་འདྲ་མཚུངས་ཆེས་པའི་དོན་གྱི་འགྲིག་ཅེས་པ་ལས་རིག་བྱུང་བ་ཡིན་ཏེ། མི་རིག་འདྲ་རིག་ན་དགོད་གྱུ། ཟོག་རིག་འདྲ་རིག་ན་འཆུགས་རྒྱུ་ཟེར་བ་ལྟ་བུ། འགྱལ་ལས་ཡལ་བྱུང་སྟེ། ཡག་དང་མེ་ཏོག་འགྱལ་བ་ལ་ཡལ་ཟེར་བ་ལྟ་བུ།སྲོལ་ལས་རོལ་བྱུང་སྟེ། རོལ་རྙེད་མ་ཟེར་བ་ལྟ་བུ། ཨ་མདོའི་ཡུལ་སྡེ་མང་པོའི་སྐད་དུ། སྐད་རིགས་ལ་སྐད་གྲིགས་ཟེར་བ་དེ་ཡང་ཐོག་མའི་གྱེས་ཁུངས་འགྲིགས་ཡིན་ལ།འགྲིགས་ཀྱི་སྔོན་འཇུག་འ་བོར་བས་གྲིགས་དང་། དེ་ནས་གྲིགས་ཀྱི་མིང་གཞི་ག་བོར་ཤུལ་དུ་འདོགས་ཅན་ར་ལ་དབྱངས་དང་རྗེས་ཡང་འཇུག་གཉིས་སྦྱར་བས་རིགས་བྱུང་བ་ཡིན། སྐད་གྲིགས་མཐུན་མི་མཐུན་དང་། སྐད་རིགས་མཐུན་མི་མཐུན་ཟེར་བ་དེ་ཡང་དོན་གྱིས་སྐད་བརྡ་འགྲིགས་མི་འགྲིགས་སམ་གཅིག་མི་གཅིག་ལ་བསྙེག་དགོས། དེ་བཞིན་དུ། བྲིན་ལས་རིན་བྱུང་བ། (གཉིད་བྲིན་ལ་མགོ་ལོག་གི་སྐད་དུ། གཉིད་རིན་ཟེར)། མཁར་གྱང་རྡུང་སྐབས། གྱང་གཞོང་བརྗེ་སྤོར་བྱས་ནས་མཁར་གྱང་གི་མཐོ་ཚད་ལོངས་པའི་ཤར་མོ་གཅིག་གི་གྱང་ངོས་ཀྱི་མིང་ལ་གྱང་གླེགས་ཞེས་འབྲི་དགོས་ཀྱང་། གླེགས་ཀྱི་མིང་གཞི་ག་བོར་ནས་གྱང་ལེགས་ཞེས་པའི་སྒྲ་ཐོན། དེ་རིང་གྱང་ལེགས་གཅིག་བརྡུངས་ཚར་ཟེར་བ་ལྟ་བུ། མིང་གཞི་བོར་ནས་མགོ་ཅན་ཁོ་ནའི་སྒྲ་ཐོན་པ་ནི། དཔེར་ན། སྟག་ལྷ་ལ་སྟག་ལ། སྤམ་པོ་ལ་པམ་པོ།(མཛེས་པ་དང་ལེགས་པའི་བརྡ་རྙིང་།) སྒོ་ཕྱུགས་ལུག་སོགས་ལ་ས་ཆུ་མ་འཕྲོད་པའམ་མ་ཁམས་པའི་དོན་ལ་ས་ལྷག་འཁུར་ཞེས་པར་ས་ལག་འཁུར། གཉིད་ལྡོག་ལ་གཉིད་ལོག་ཟེར་བ་ལྟ་བུ། དབྱངས་བོར་ཡང་དོན་མི་བོར་བའི་ཡི་གེ་ནི། གྱོལ་ལས་གྱལ་བྱུང་སྟེ། འཐེང་འགྲོས་སུ་འགྲོ་མཁན་ལ་གྱོལ་བོ་ཟེར་ཞིང་། དེའི་ཚུལ་ལྟར་འགྲོ་བའི་བུས་པ་ལ་གྱལ་གྱལ་དུ་འགྲོ་ཟེར། འགྱེལ་ལས་འགྱལ་བྱུང་སྟེ། ཐང་ལ་འགྱེལ་བ་དང་མཚུངས་པར་ཉི་མ་ནུབ་རིའི་ཕག་ཏུ་ཡིབ་པའམ་ནུབ་པའི་དོན་ལ་ཉི་མ་འགྱལ་ཟེར། བཏུལ་ལས་བཏལ་བྱུང་སྟེ། མེ་བསད་པ་དང་སྣུམ་སྒྲོན་བཟུམ་པའི་དོན་ལ་མེ་བཏལ་དང་སྣུམ་སྒྲོན་བཏལ་ཟེར། བརྟོལ་ལས་བརྟལ་བྱུང་སྟེ། ཕྱི་ནས་ནང་ངམ་ཚུ་རོལ་ནས་ཕ་རོལ་ཏུ་བུ་ག་ལྟ་བུ་བརྟོལ་བ་དང་། ཕན་ཚུན་བར་ལ་བློ་གཏད་པའམ་ཡིད་རྟོན་པ་སོགས་ཀྱི་དོན་མཚོན་བྱེད་ལ། ཆར་ཆུས་ལྭ་བ་བརླན་ནས་ནང་དུ་བརྟལ། བཙག་བསེར་བུས་ནང་ལ་བརྟལ་ཡོང་། ཁྱོས་ཁོ་ལ་གསང་གཏམ་ཡོད་ཚད་བཤད་ནས་ཁོག་བརྟལ་མི་ཉན་ཟེར་བ་ལྟ་བུའོ།།
བཅུ་གཅིག ཀློག་མྱུར་བུལ་གྱི་དབང་གིས་སྒྲ་གཟུགས་ལ་འགྱུར་བ་ཐོན་པ།
             གཅིག ཡིག་འབྲུ་ཚེག་ཁྱིམ་གཉིས་ཅན་གྱི་ཡི་གེ་མགྱོགས་པར་བཀླགས་པས་ངག་ལས་ཡིག་འབྲུ་གཅིག་ནང་བཞིན་གྱི་སྒྲ་ཐོན་ལ། ཡིག་འབྲུ་ཚེག་ཁྱིམ་གསུམ་ཅན་ལ་ངག་ལས་ཡིག་འབྲུ་གཉིས་ནང་བཞིན་གྱི་སྒྲ་ཐོན། དཔེར་ན།ཁའི་ནང་གི་སོ་ལྷུང་ནས་རེ་གཉིས་ལས་ལྷག་མེད་པའི་དོན་གྱི་རྒ་མ་ཤོ་ལ་རྒམ་ཤོ་ཞེས་དང་། སྒོ་ཟོག་རྒ་བུ་ལ་རྒའུ་ཟེར་བ། མང་པོའམ་ཡུན་རིང་འགོར་བའི་དོན་གྱི་ཤ་མི་ཚ་ལ་ཤམ་ཚ་ཟེར་ཏེ། ངས་དེ་རིང་ཤྭ་མོ་ཤ་མི་ཚ་ཞིག་རྙེད།ངས་ཁྱོད་ལ་བསྒུག་ནས་ཤ་མི་ཚ་འགོར་སོང་ཟེར་བ་ལྟ་བུ།ཐང་ལ་གདིང་བྱའི་གདན་ཁེ་བུ་སུ་ལ་ཁེབ་སུའམ་ཁེ་བསུ་ཟེར་བ་ལྟ་བུས་མཚོན།།
             གཉིས། ཚེག་ཁྱིམ་གཅིག་ཅན་ཡིག་འབྲུ་སོ་སོར་འཕྲལ་ནས་ཀློག་པ་ལྟར་ཡིག་འབྲུ་གཉིས་ཅན་དུ་འགྱུར་བ། དཔེར་ན། བཀད་ལྟ་བུ། བཀད་ནི། གཏན་ནས་སམ་བྱུང་ནས།མ་གཞི་ནས་སམ་རྩ་བ་ནས་ཞེས་པའི་དོན་སྟོན་པ་ལ་འཇུག་སྟེ། ཨམ་སྐད་དུ། བབ་ཀད་ཅེས་པའི་གདངས་ཐོན།དཔེར་ན། དེས་བ་བཀད་ཅང་ཤེས་ཀྱིན་མི་འདུག་ཅེས་པ་ལ།དེས་བབ་ཀད་ཅང་ཤེས་ནི་མ་རེད་ཟེར་བ་ལྟ་བུ། དེ་ནི་བཀད་ཅེས་པའི་སྔོན་མིང་རྗེས་གསུམ་ཡིག་འབྲུ་སོ་སོར་འཕྲལ་པའི་ཚུལ་དུ་ལྕེ་ཐོག་ཏུ་བླངས་པས་ཡིན། སི་ཁྲོན་རྒྱལ་རོང་གི་སྐད་དུ་ཚེག་འདེད་ནང་བཞིན་དུ་ཡིག་འབྲུ་རེ་རེ་བྱས་ནས་འཆད་སྲོལ་ཡོད་ཟེར། གྲངས་ཀྱི་བརྒྱད་ལ་བ་ར་བརྒྱད་ཟེར་བ་ལྟ་བུ། བཀད་དང་པོ་ནི། དང་ཐོག་གམ་ཆེས་ཐོག་མའི་དོན་ལ་འཇུག་སྟེ། ཨམ་སྐད་དུ། ཀའི་དང་པོ་ཞེས་པའི་སྒྲ་ཐོན། 《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ་》དུ། …ཀའི་དང་པོར་རྒྱུ་འབྲས་རྟེན་འབྱུང་བསམ།། རྫས་གང་འདོད་བྱིན་པས་ལོངས་སྤྱོད་དར།། ﹙22﹚ཞེས་ཨམ་སྐད་ཀྱི་སྒྲ་ཇི་བཞིན་པར་གཞོལ་ནས་(བཀད།) ལ་ཀའི་དང་པོར་གསུངས་ཡོད་པ་ལྟ་བུའོ།།
བཅུ་གཉིས། ནས་ལས་གཉིས་ལྷག་བཅས་སྟོན་པའི་དོན་ལ་འཇུག་པ།
             ལྷག་བཅས་ཀྱི་ཕྲད་ཏེ་དེ་སྟེ་གསུམ་སྐད་ཆའི་སྦྱོར་བར་སྤེལ་སྐབས་ཕལ་མོ་ཆེ་ཞིག་རྗེས་འཇུག་རང་འདྲའི་རྗེས་སུ་ས་ཡིག་སྦྱར་བ་ཅན་ཐོན་པར་མ་ཟད། ནས་དང་ལས་སྒྲའང་ཐོན། དཔེར་ན། སྐེ་བསྒག་གས་(སྟེ། ནས།)བསད། ཆང་འཐུང་ངས་(སྟེ། ནས།)བཟི། ཤ་ལྡད་ལས་(དེ། ནས།)མྱིད། བརྗེད་ལས་(དེ། ནས།)ཤུལ་མེད། ལྭ་བ་གོན་ནས་སོང་། ས་བཀབ་བས་(སྟེ། ནས།)བཞག བྲོ་འཆམ་མས་(སྟེ། ནས།)སོང་། ཕག་ལ་བཞའ་འས་(སྟེ། ནས།)བསྡད། སྐྲ་བཞར་རས་(ཏེ། ནས།)སོང་། ཁལ་བཀལ་འས་སོང་། ཟ་མ་ཟོས་འས་(ཏེ། ནས།)སོང་ཟེར་བ་ལྟ་བུ། ཡིན་ནའང་སྐབས་འགར། ཁ་བརྡ་ཡས་(བྱས)ལས་སོང་། ཁྱོའི་སྟངས་ཡས་(བྱས)ལས་བྱིས་པ་སློབ་གྲྭར་བསྐྱལ། ཟ་མ་ཟོས་ལས་(ཏེ།ནས།)སོང་། ཁྱོས་ང་ལ་གཟས་ལས་(ནས།)བསྙད་བརྐོ་དོན་ཅི། ཁྱོས་ཤེས་ལས་(ཏེ། ནས།)བཤད་པ་མིན་ནམ།(ཁྱོས་ཤེས་བཞིན་དུ་ཞེས་པའི་དོན།) ཁྱོས་དེ་ལྟར་བཟས(བཟླས་པའམ་སྨྲས་པའི་དོན།)ལས་(ཏེ། ནས།)ཅི་བྱེད་ལྟ་བུ་སོགས་རྗེས་འཇུག་དའི་རྗེས་སུ་ལས་སྒྲ་ཐོན་པར་མ་ཟད། རྗེས་འཇུག་སའི་རྗེས་སུའང་ལས་སྒྲ་ཐོན་པ་མཆིས་སོ།།
བཅུ་གསུམ། མིང་འགའ་རེར་རྗེས་འཇུག་མེད་ཀྱང་བརྗོད་བདེའི་དབང་གིས་ཡོད་པ་ལྟར་དུ་གདངས་ཐོན།
             གཅིག  རྗེས་འཇུག་མེད་པའི་མིང་ཁག་ཅིག་ངག་ལས་བརྗོད་དུས། སྐབས་འགར་རྗེས་འཇུག་ས་ཡོད་པའི་ཚུལ་དུ་གདངས་ཐོན། དཔེར་ན། མགོ་ཏི་ལ་མགོ་ཏིས། སྐེ་ཏི་ལ་སྐེ་ཏིས། དཔུང་ཏི་ལ་དཔུང་ཏིས། སུག་ཏི་ལ་སུག་ཏིས། མི་ཁྱུ་ལ་མི་ཁྱུས། འདི་མོ་ལ་འདིས་མོ། དེ་མོ་ལ་དེས་མོ། ད་ཅི་ལ་ད་ཅིས། འཁང་ར་བྱས་པའི་དོན་གྱི་ལེ་བདའ་ལ་ལེས་བདའ་འམ་ལེས་འདེད། འགྲོ་སྒོ་ལ་འགྲོ་སྒོས། འགྲོ་རྒྱུ་ལ་འགྲོ་རྒྱུས་སོགས་ཟེར་བ་ལྟ་བུ། དབུས་སྐད་དུའང་། མི་ལ་མིས་ཞེས་པའི་གདངས་ཐོན་པ་ལྟ་བུའོ།།
             གཉིས།  མིང་ཆ་སྔ་མ་ལ་རྗེས་འཇུག་མེད་ཚེ་མིང་ཆ་ཕྱི་མའི་སྔོན་འཇུག་འ་ཡིག་ཅན་ཁག་ཅིག སྐབས་འགར་མིང་ཆ་སྔ་མ་ལ་རྗེས་འཇུག་ནའི་ཚུལ་དུ་གདངས་ཐོན། དཔེར་ན། བཀྲ་མི་ཤིས་པའི་གཏམ་སྨྲས་པའི་དོན་གྱི་ཁ་འཁྱག་ལ་ཁན་འཁྱག་ཅེས་དང་། ཚི་ལེན་ཁ་འདྲིལ་ཅན་ལ་ཚི་ལེན་ཁན་འདྲིལ་ཅན། མཁའ་འགྲོ་ལ་མཁན་འགྲོ། དགེ་འདུན་ལ་དགེན་འདུན། དགྲ་འདུལ་ལ་དགྲན་འདུལ། སྤྱི་འདུ་ལ་སྤྱིན་འདུ། སྤྱི་ཚོགས་ལ་སྤྱིན་འཚོགས། ཆུ་རྒོད་ཚ་འདེ་ལ་ཚན་འདེ། ཕྲེང་བའི་མདོ་འཛིན་ལ་མདོན་འཛིན། ཉི་འཛིན་ལ་ཉིན་འཛིན། མགོ་འཛིན་ལ་མགོན་འཛིན། ཁྲི་འདུ་ལ་ཁྲིན་འདུ། ལས་རྒྱུ་འབྲས་ལ་ལས་རྒྱུན་འབྲས། མཚོ་སྔོན་བ་ཡན་རྫོང་ཁོངས་སུ་ཆུ་འཁོར་ཞེས་པའི་གྲོང་རྡལ་ཞིག་ཡོད་པར་ཆུན་འཁོར་ཟེར་བ་སོགས་ལྟ་བུ། ཡང་སྤྱི་འཇོག་དང་། སྒྲོ་འདོགས། དབུ་འཛིན། ཟླ་འཛིན། ལྷ་འདྲེ་སོགས་ཀྱི་སྐབས་སུ་ན་སྒྲ་མི་ཐོན་པའང་ཡོད་དོ།།
མཇུག་བསྡུ་བའི་གཏམ།
             བོད་ཀྱི་སྐད་དང་ཡི་གེ་ལ་བཅོས་སྒྱུར་རམ་བཀས་བཅད་ལན་གསུམ་པ་དེ་མཛད་རྗེས། ཨ་མདོའི་ཕྱོགས་ཀྱིས་ཡིག་ཐོག་ཏུ་སྐད་གསར་བཅད་ཀྱི་དགོངས་དོན་ལག་བསྟར་བྱ་ཁུལ་བྱས་ཀྱང་། ངག་ཐོག་ནས་མྱེད་པ་ལ་མེད་པ་སོགས་བརྡ་ཆད་ཉུང་ཤས་ཤིག་ལས་སྔར་བཞིན་བཀས་བཅད་གསུམ་པ་སྔོན་གྱི་འཆད་རྒྱུན་བཟུང་བས། ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་སྒྲ་གདངས་ཀྱི་ཧེ་བག་ཐོན་པ་རེད་ལ། དེ་ལྟར་བཀས་བཅད་གསུམ་པ་ལ་ཁྱོན་ཡོངས་ནས་ལེགས་གྲུབ་ཆེན་པོ་མ་བྱུང་ཕྱིར། ཨམ་སྐད་དང་དབུས་སྐད། ཁམས་སྐད་བཅས་ཡུལ་སྐད་ཆེན་པོ་གསུམ་དུ་གྱེས་པ་ཡིན་ཚུལ། ཡ་བཏགས་ར་བཏགས་གཉིས་ཀྱི་སྡེ་ཚན་ལས་གྲུབ་པའི་མིང་བརྡ་མཐའ་ཡས་པ་ཞིག་ཡོད་པ་དག་ལ་རྩིས་གྲངས་བླངས་པས་ཀྱང་ངེས་ཤེས་འདྲོངས་ནུས། གཞན་ཡང་། བརྡ་ཆད་ཁག་ཅིག་ཐོག་མའི་དུས་སུ་སྤྱི་སྐད་ཡིན་ཡང་རིམ་གྱིས་ཡུལ་ལུང་འགའ་རེས་མ་གཏོགས་མི་སྤྱོད་པར་བརྟེན་ནས་ཡུལ་སྐད་དམ་ཕལ་སྐད་དུ་གྱུར་པར་སྣང་། དཔེར་ན། མྱུར་བའམ་མགྱོགས་པའི་དོན་གྱི་རིངས་པ་རིངས་པར་ཞེས་པ་དེ་བརྡ་རྙིང་ཡིན་ཡང་། དེང་སང་རེབ་གོང་རྫོང་ཁོ་ན་ཙམ་གྱིས་སྤྱོད་པ་དང་། ཁ་ཚང་ངམ་ཧྲིལ་བོའི་དོན་གྱི་རངས་པོ་ཞེས་པ་བརྡ་རྙིང་ཡིན་ཡང། དེང་སྐབས་དཔའ་ལུང་རྫོང་ཁོ་ནའི་སྤྱོད་ཡུལ་ཡིན་པ། ཕྱི་དྲོ་ལ་ཤི་དྲོ་དང་། ཕྱི་རྟིང་ལ་ཤིར་རྟིང་སོགས་ཕྱ་དང་ཤ་ལ་འབྲེལ་བ་ཡོད་ཚུལ་ཡིག་རྙིང་དུའང་མཇལ་རྒྱུ་ཡོད་ན་དེང་གི་དུས་སུ་རྫོང་ཁག་འགའ་རེས་མ་གཏོགས་མི་བཤད་པར་མ་ཟད། གཞན་གྱིས་དེ་ལ་སྒྲ་མ་དག་པའི་སྣང་ཚུལ་འཛིན་གྱིན་ཡོད་པ་ལྟ་བུ་རེད། དེས་ན། བསམ་བློ་གུ་དོག་གི་སྒྲོག་ལས་ཐར་བར་བྱས་ནས་ཡུལ་སྐད་དམ་ཕལ་སྐད་རིགས་སྔོགས་འདོན་དང་། དེ་ལ་ཞིབ་འཇུག་བྱ་རྒྱུའི་འགན་ཁུར་ཡང་བོད་པ་ཚང་མར་མ་བགོས་རང་བབས་སུ་ཡོད་པས།ཆོས་སྐད་ཟེར་ནས་མཐོ་མཐོ་དང་། ཕལ་སྐད་ཟེར་ནས་དམན་དམན་དུ་མི་འཛིན་པར་ཡུལ་སྐད་སྣ་ཚོགས་འཚོལ་སྡུད་དང་མྱུར་སྐྱོབ་ཀྱི་བྱ་གཞག་དེ་གལ་འགངས་ཆེ་བའི་གནས་སུ་འཇོག་རིགས་སོ།།
མཆན་འགྲེལ།
             ①རྡི་ནང་ལྷ་རྒྱལ་དང་སྟག་ཐོག་དཔལ་རྒྱས་བློ་གྲོས་གཉིས་ཀྱིས་བརྩམས་པའི་《མགོ་ལོག་རུས་མཛོད་རྒྱས་པ། 》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོ། p139
             ②《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།》 པོད་6པ། མི་རིགས་དཔེ་སྐྲུན་ཁང་། 2007ལོ། p273
             ③བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་བྱས་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་།》 མི་རིགས་དཔེ་སྐྲུན་ཁང་། 1997ལོ། p1
             ④གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོ། p18
             ⑤ཚལ་བ་ཀུན་དགའ་རྡོ་རྗེས་བརྩམས་པའི་《དེབ་ཐེར་དམར་པོ།》 མི་རིགས་དཔེ་སྐྲུན་ཁང་། 1981ལོ། p39
             ⑥བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་བྱས་པའི་《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ།》 མི་རིགས་དཔེ་སྐྲུན་ཁང་། 1983ལོ། p226
             ⑦⑧བསམ་གཏན་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་《དག་ཡིག་གསར་བསྒྲིགས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1979ལོ། p501 p528
             ⑨བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་རྩོམ་སྒྲིག་བྱས་པའི་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།》 མི་རིགས་དཔེ་སྐྲུན་ཁང་། 1983ལོ། p88-101
             ⑩《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོ། p303
             ⑾དབང་འདུས་ཀྱིས་རྩོམ་སྒྲིག་བྱས་པའི་《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན།》 མི་རིགས་དཔེ་སྐྲུན་ཁང་། 1983ལོ། p505
             ⑿《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། p112
             ⒀བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།》 མི་རིགས་དཔེ་སྐྲུན་ཁང་། 1983ལོ། p161
             ⒁བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་རྩོམ་སྒྲིག་བྱས་པའི་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།》 མི་རིགས་དཔེ་སྐྲུན་ཁང་། 1983ལོ། p140
             ⒂《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་།》 མི་རིགས་དཔེ་སྐྲུན་ཁང་། 1981ལོ། p1
             ⒃⒆《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ། p22 p39
             ⒄⒇བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་རྩོམ་སྒྲིག་བྱས་པའི་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།》 མི་རིགས་དཔེ་སྐྲུན་ཁང་། 1983ལོ། p104-105 p133-134
             ⒅《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། p107
             ﹙21﹚《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1985ལོ། p2510
             ﹙22﹚《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།》 པོད་6པ། མི་རིགས་དཔེ་སྐྲུན་ཁང་། 2007ལོ། p340


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1