ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭར་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽དར་གཞོན་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གལ་ཆེའི་གསུངས་བཤད་གནང་ནས། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་འཇོན་ཐང་ཆེ་རུ་བཏང་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་ཞུམ་མེད་འབད་འཐབ་བྱེད་དགོས་པའི་ནན་གསུངས་གནང་བ།
སྤྱི་ལོ་༢༠༡༩ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽ དར་གཞོན་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་སྤྱི་ཚེས་༣ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གལ་ཆེའི་གསུངས་བཤད་གནང་ནས། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་གཞོན་ནུ་ལས་བྱེད་པར་བསམ་བློའི་སྦྱོང་བརྡར་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར་བཅས་ཡག་པོ་བྱེད་པ་དང་། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཞུམ་མེད་འབད་འཐབ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད།
ཞི་ཅིན་ཕིང་གིས། མར་ཁེ་སེ་རིང་ལུགས་ཐོན་པ་དང་གོང་འཕེལ་བྱུང་བ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཐོན་པ་དང་གོང་འཕེལ་བྱུང་བའི་བརྒྱུད་རིམ་ནང་དཀའ་ཚེགས་ཆེ་བའི་འཐབ་རྩོད་ཀྱིས་ཁེངས་ཡོད། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་བཞག་ལ་སྐུལ་འདེད་བཏང་བ་བཅས་ཚང་མ་འཐབ་རྩོད་ཁྲོད་ཐོན་པ་དང་། འཐབ་རྩོད་ཁྲོད་གོང་འཕེལ་བྱུང་ཡོད་ལ། འཐབ་རྩོད་ཁྲོད་སྟོབས་ཆེར་ཕྱིན་ཡོད་ཅེས་གསུངས་པ་དང་།
ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་དེ་ཉིད་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོའི་ཁྲོད་གནས་ཡོད་པ་དང་། རང་རེའི་ཏང་གིས་འགོ་ཁྲིད་བྱས་པའི་རླབས་ཆེའི་འཐབ་རྩོད་དང་རླབས་ཆེའི་ལས་གཞི། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་པོ་ཡོད། ང་ཚོར་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ། ཉེན་ཁ་དང་ཚོད་བགམ་ཆེན་པོ་རབ་དང་རིམ་པ་འཕྲད་ཡོད། རང་རེའི་ཏང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་རྒྱལ་ཁའི་ངང་མངོན་འགྱུར་ཡོང་དགོས་ན། ངེས་པར་དུ་འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་འཇོན་ཐང་ཆེ་རུ་གཏོང་དགོས། འཐབ་རྩོད་སྙིང་སྟོབས་མི་འདང་བ་དང་འཐབ་རྩོད་འཇོན་ཐང་ཆེན་པོ་མེད་ན། རང་རེའི་ཏང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་རྒྱལ་ཁའི་ངང་བསྒྲུབ་མི་ཐུབ་ཅེས་བསྟན་གནང་བ་དང་།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོ་དང་རྔ་བརྡུང་རོལ་དཀྲོལ་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་པར། རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་དགོས་ན་ངེས་པར་དུ་རླབས་ཆེའི་འཐབ་རྩོད་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་འཕྲད་པའི་ཉེན་ཁ་དང་ཚོད་བགམ་དེ་བས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་དང་། ཐ་ན་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་རྒྱུ་ཡིན། ང་ཚོར་འཕྲད་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཐུང་མིན་པར་ཡུན་རིང་ཞིག་ཡིན་ཞིང་། ཉུང་མཐར་ཡང་ང་ཚོས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་བརྒྱུད་རིམ་ཡོངས་ནང་ལྡན་ཡོད་པས། ངེས་པར་དུ་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ། འཐབ་རྩོད་འདུ་ཤེས་བརྟན་པོ་འཛུགས་པ། ཛ་དྲག་དུས་བབ་དང་འཐབ་རྩོད་ལས་འགན་མདུན་དུ་བློ་བརྟན་འགྱུར་མེད་ངང་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས་ཞེས་ནན་གསུངས་གནང་བ་དང་།
ཞི་ཅིན་ཕིང་གིས། གུང་ཁྲན་ཏང་ཡོན་གྱི་འཐབ་རྩོད་ནི་ཁ་ཕྱོགས་ཡོད་པ་དང་ལངས་ཕྱོགས་ཡོད་པ། རྩ་དོན་ཡོད་པ་ཞིག་ཡིན་པ་དང་། ཁ་ཕྱོགས་ཆེན་པོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན་ཞེས་ནན་གསུངས་གནང་བ་དང་།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གནོད་འཚེ་བཟོ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་དང་། རང་རྒྱལ་གྱི་བདག་དབང་དང་བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་ལ་གནོད་འཚེ་བཟོ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས། རང་རྒྱལ་གྱི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་རྩ་དོན་ལ་གནོད་འཚེ་བཟོ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས། རང་རྒྱལ་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས། རང་རྒྱལ་གྱི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བར་གནོད་འཚེ་བཟོ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་བཅས་ཡིན་ཕྱིན། ཐོན་མ་ཐག་ང་ཚོས་ངེས་པར་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད་ངེས་པར་དུ་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས། ང་ཚོས་རིག་པ་དྭངས་གསལ་དང་ལངས་ཕྱོགས་དམིགས་བསལ་བརྟན་པོ། ཡང་དག་པའི་འཐབ་རྩོད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ཏེ། རིགས་ཁག་གི་འཐབ་རྩོད་དང་ཚོད་བགམ་ཆེན་པོའི་མདུན་དུ་སྤྲིན་ནག་གིས་མིག་མི་སྒྲིབ་པ་བྱེད་པ་དང་། སྤྲིན་ནག་ལང་ལོང་གི་ཁྲོད་དུ་སྔར་བཞིན་བག་ཕེབས་སུ་གནས་པ་བྱེད་དགོས་ཞེས་བསྟན་གནང་བ་དང་།
ཞི་ཅིན་ཕིང་གིས། ང་ཚོ་གུང་ཁྲན་ཏང་ཡོན་གྱི་འཐབ་རྩོད་དེ་སྔ་བར་ཕྱི་གསུམ་དུ་འགན་ཟླ་དང་གནད་དོན། ཉེན་ཁ་དང་འགྲན་རྩོད་ལ་དམིགས་པ་ཞིག་ཡིན། མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་། རང་རྒྱལ་གྱི་གོང་འཕེལ་དེ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཟམ་མི་ཆད་པར་མང་དུ་འགྲོ་བ་དང་ཐ་ན་གཅིག་སྡུད་ཐོག་མངོན་པའི་དུས་མཚམས་ཤིག་ལ་སླེབས་ཡོད་པས། འཐབ་རྩོད་ཆེན་པོ་མང་པོ་འཕྲད་རྒྱུ་ཡིན་པ་དང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མན། ཐེ་ཝན་བཅས་ཀྱི་ལས་དོན། ཕྱི་འབྲེལ་ལས་དོན། ཏང་གི་འཛུགས་སྐྱོང་སོགས་ཕྱོགས་ཚང་མའི་ཐད་གནས་ཡོད་པ་མ་ཟད། དེ་བས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་རེད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། འགོ་ཁྲིད་ལས་བྱེད་པས་མི་མངོན་པའི་ཉེན་ཁར་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་བྱེད་དགོས་ཤིང་། ཉེན་ཁ་གང་དུ་ཡོད་པ་དང་། མཚོན་ཚུལ་གང་ཡིན་པ། འཕེལ་ཕྱོགས་ཅི་འདྲ་ཡིན་པ་བཅས་ཤེས་རྟོགས་བྱས་ཏེ། འཐབ་རྩོད་བྱེད་དགོས་པའི་རིགས་ལ་འཐབ་རྩོད་བྱེད་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། འཐབ་རྩོད་ནི་སྒྱུ་རྩལ་ཞིག་ཡིན་པས། འཐབ་རྩོད་བྱེད་མཁས་པོ་དགོས། འཐབ་རྩོད་གལ་ཆེན་སྣ་ཚོགས་ཀྱི་ཁྲོད་དུ། ང་ཚོས་དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱ་རྒྱུ་གཅིག་གྱུར་དང་། འཐབ་ཇུས་ཀྱི་བརྡར་གཅོད་དང་འཐབ་རྩལ་ཐག་གཅོད་གཅིག་གྱུར། འཐབ་རྩོད་ཀྱི་བརྒྱུད་རིམ་དང་འཐབ་རྩོད་ཀྱི་ཕན་འབྲས་དངོས་གཅིག་གྱུར་བཅས་རྒྱུན་འཁྱོངས་བྱ་དགོས། འགོ་ཁྲིད་ལས་བྱེད་པས་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་དགོས་པ། འབོད་ན་ཡོང་བ་དང་། ཡོང་ན་དམག་འཐབ་བྱ་ཐུབ་པ། དམག་འཐབ་བྱས་ན་རྒྱལ་ཁ་ལེན་ཐུབ་པ་བཅས་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཐབས་ཇུས་དང་བྱེད་ཐབས་ལ་དོ་སྣང་དང་འཐབ་རྩོད་ཀྱི་སྒྱུ་རྩལ་ལ་སྣང་ཆེན་བྱེད་དགོས། འགལ་བ་གཙོ་བོ་དམ་འཛིན་དང་། འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱེད་པར། རྒྱུ་མཚན་ཡོད་པ་དང་ཕན་པ་ཡོད་པ། མཚམས་ཚིགས་ཡོད་པ་བཅས་རྒྱུན་འཁྱོངས་དང་། འཐབ་རྩོད་བྱེད་སྟངས་ལུགས་མཐུན་འདེམས་པ། འཐབ་རྩོད་ཀྱི་གནད་འགག་དམ་འཛིན་བྱེད་པ། རྩ་དོན་གྱི་གནད་དོན་ཐད་གོམ་པ་གང་ཡང་ཕྱི་བཤོལ་མི་བྱེད་པ། ཐབས་ཇུས་ཀྱི་གནད་དོན་ཐད་བབ་བསྟུན་གྱི་བྱ་ཐབས་བཟུང་བ་བཅས་བྱེད་དགོས། དུས་བབ་ཀྱི་དགོས་མཁོར་གཞིགས་ནས། དུས་ཚོད་དང་། ཚད་གཞི། ཕན་འབྲས་བཅས་ཁོང་དུ་ཆུད་པ་བྱས་ཏེ་དུས་ཐོག་ཏུ་འཐབ་རྩོད་ཀྱི་ཐབས་ཇུས་ལེགས་སྒྲིག་བྱེད་དགོས། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། དགེ་མཚན་ལྡན་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་། འཐབ་རྩོད་ཁྲོད་མཐུན་སྒྲིལ་བརྩོན་ལེན། འཐབ་རྩོད་ཁྲོད་མཉམ་ལས་བརྩོན་ལེན། འཐབ་རྩོད་ཁྲོད་མཉམ་རྒྱལ་བརྩོན་ལེན་བཅས་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ནི་ལྷན་སྐྱེས་སུ་བྱུང་བ་ཞིག་མིན། འགོ་ཁྲིད་ལས་བྱེད་པས་བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་ནན་པོ་མྱོང་དགོས་པ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་དཀའ་སྡུག་བརྒྱུད་པ་དང་། མཐོང་རྒྱ་ཡངས་པ། ནུས་པ་ཆེ་བ་བཅས་ཀྱི་སྒོ་ནས་སྦྱོང་བརྡར་བྱས་ཏེ། གསེར་བཙོ་མ་ལྷད་མེད་ཅིག་ཏུ་འགྱུར་བ་བྱ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། རིགས་པའི་གཞུང་ལུགས་ཐད་རིག་པ་གསལ་ན། ཆབ་སྲིད་ཐད་གཞི་ནས་བློ་རྩ་བརྟན་པོ་ཡོང་ཐུབ་པ་དང་། འཐབ་རྩོད་བྱས་ན་གཞི་ནས་གཏིང་ཤུགས་ལྡན་ཞིང་། སྟོབས་ཤུགས་ལྡན་པ་ཞིག་ཡོང་ཐུབ། འཐབ་རྩོད་གལ་ཆེན་ཁྲོད་སྦྱོང་བརྡར་ཐེབས་པ་དང་། དཀའ་ངལ་ཇི་ཙམ་ཆེ་བ་དང་འགལ་བ་ཇི་ཙམ་མང་བའི་ས་ཆ་དང་། གནས་བབ་ཇི་ཙམ་ཛ་དྲག་པ། གནས་ཚུལ་རྙོག་འཛིང་ཆེ་བའི་སྐབས་སུ་དེ་ཙམ་གྱིས་བློ་ཁོག་དང་། བློ་སྟོབས། འཇོན་ཐང་བཅས་སྦྱོང་བརྡར་ཐུབ་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་འཐབ་རྩོད་སྣ་ཚོགས་ནང་ཞུགས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་རལ་གྲི་འཕྱར་ཕོད་པ་དང་། འགལ་བ་དང་གདོང་ཐུག་གི་མདུན་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་ཕོད་པ། ཉམས་ཉེན་དང་དཀའ་ངལ་གྱི་མདུན་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་དོན་ཕོད་པ། སྤྱོད་ངན་གྱི་མདུན་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིན་གྱིས། སྤྱི་ཚོགས་ནི་འགལ་བའི་འགུལ་སྐྱོད་ཁྲོད་མདུན་སྐྱོད་བྱེད་པ་དང་། འགལ་བ་ཡོད་ན་འཐབ་རྩོད་ཡོད། འགོ་ཁྲིད་ལས་བྱེད་པས་ལས་གནས་གང་ཞིག་དང་གོ་གནས་གང་ཞིག་འཁུར་རུང་ཚང་མས་འགན་འཁྲི་འཁུར་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱ་དགོས་ཤིང་། བཀོད་འདོམས་པ་དང་འཐབ་འཛིང་པ་བྱས་ནས་ཞུམ་པ་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་། གཟེངས་སུ་ཐོན་པའི་འཐབ་རྩོད་ཀྱི་འཇོན་ཐང་གསོ་སྐྱོང་དང་རྒྱུན་འཛིན་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོར་ལས་ཀའི་ཁྲོད་འཕྲད་པའི་འཐབ་རྩོད་ནི་ཕྱོགས་མང་པོ་ཞིག་ཡིན་ཞིང་། སྒྱུར་བཅོས་དང་འཕེལ་རྒྱས། བརྟན་ལྷིང་གསུམ་དང་། ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་གསུམ། ཏང་སྐྱོང་དང་རྒྱལ་སྐྱོང་། དམག་སྐྱོང་གསུམ་བཅས་ཚང་མར་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། འབྱུང་ཁམས་ཁོར་ཡུག་བཅོས་སྒྲིག་བྱེད་པ། རང་བྱུང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་གཅོག་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཚོགས་པའི་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་བྱེད་པ། ནག་ཚོགས་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་ཚང་མར་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་འཐབ་འཛིང་པ་ཞིག་བྱ་དགོས་ཞེས་གསུངས་ཡོད།
ཁྲེན་ཞི་ཡིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་རྩ་བའི་ལས་འགན་དུ་བརྩི་བ་དང་། ལས་ཀ་ཡོངས་ཀྱི་བརྗོད་བྱ་གཙོ་བོ་དང་གཙོ་ཐིགས་སུ་བརྩིས་ནས། རང་རྟོགས་ངང་སློབ་སྦྱོང་དང་། དུས་ཐོག་ཏུ་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། ཡིད་ཆེས་ཏན་ཏིག་ངང་སློབ་སྦྱོང་བཅས་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་གཤིས་རྒྱུད་ཆགས་རྒྱུ་གསོ་སྐྱོང་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་རང་འཁྲིའི་ལས་གནས་ཐོག་དོན་འཁྱོལ་བྱེད་པ་དང་། གཏམ་སྤྱོད་ཚང་མའི་ཁྲོད་དོན་འཁྱོལ་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གང་ཡོད་འབུལ་དགོས་ཞེས་གསུངས་ཡོད།
ཏིང་ཤུའེ་ཞང་དང་། ཧོང་ཁུན་མིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད།
སྤྱི་ལོ་༢༠༡༩ལོའི་སྟོན་ཁའི་སློབ་དུས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽ དར་གཞོན་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་ཡོད་པ་རེད།