སྤྱི་ཟླ8པའི་ཚེས30ཉིན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་གཉེར་ཁང་ནས་གཏམ་གསར་འབྱོར་དོན། ལས་གཞིའི་མཇུག་བསྡུའི་ཨར་ལས་ཏེ་གསེར་གཞོང་ཟམ་ཆེན་དང་དར་མདོའི་རིན་བསྡུའི་ས་ཚུགས། གྲོང་ཞུགས་ལམ་ཆེན་གསར་པའི་འཛུགས་སྐྲུན་བཅས་མཐའ་མའི་འཛུགས་སྐྲུན་དུས་རིམ་དུ་བསླེབས་པ་རེད། སྔོན་རྩིས་བྱས་ན་ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྔ་ཕྱིར་བེད་སྤྱོད་བྱེད་ཐུབ་རེ་ཡོད། དུས་དེར་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་མཐའ་མའི་སྤྱི་ལེ་གཅིག་ཨར་ལས་ཚར་གྲབས་ཡོད་པས་ལམ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ནང་ལོགས་ས་ཁུལ་ནས་སི་ཁྲོན་བོད་ཁུལ་དུ་ཤར་གཏོང་ཐུབ་པའི་མྱུར་བགྲོད་གཞུང་ལམ་དང་པོ་དེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་བའི་ལས་གཞི་ཆེན་པོ་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོར་དགོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཡག་མདོ་མྱུར་བགྲོད་གཞུང་ལམ་དེ2014ལོའི་ཟླ་བ4པར་ལས་འགོ་ཚུགས་པ་དང་ལོ་ལྔ་ཙམ་འཛུགས་སྐྲུན་བྱས་པར་བརྒྱུད། ན་ནིང་སྤྱི་ཟླ12པའི་ཚེས31ཉིན་ལམ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་རེད། དེ་ནས་ཁྲེང་ཏུའུ་ནས་དར་མདོའི་བར་ཆུ་ཚོད་གསུམ་ཕྱེད་ཙམ་ལས་མི་འགོར་བ་དང་། གཞུང་ལམ་ཤར་བགྲོད་ཆ་རྐྱེན་ཇེ་ཡག་འགྲོ་ཕྱིར་དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཚང་ཁ་ཇེ་ཆེར་སོང་། བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་སྤྱི་ཟླ7པ་ནས་བཟུང་གཡག་མདོ་མྱུར་ལམ་ཐོག་ཉིན་རེར་རླངས་འཁོར་ཁྲི4ཙམ་འགྲོ་འོང་བྱེད་བཞིན་ཡོད་པ་དང་གཟའ་འཁོར་གཅིག་གི་ངལ་གསོ་ཉིན་གཉིས་ལ་ཁྲི6ཐོག་སླེབས་པ་རེད། ད་ལོའི་དབྱར་ཁར་གནས་སྐབས་རིན་བསྡུ་ས་ཚུགས་ནས་དར་མདོ་གྲོང་ཁུལ་བར་རླངས་འཁོར་དུས་རྒྱུན་དུ་འཚང་བ་རེད།
གསེར་གཞོང་ཟམ་ཆེན་དང་དར་མདོའི་རིན་བསྡུའི་ས་ཚུགས་བེད་སྤྱོད་བྱས་ཚུན་གཡག་མདོའི་མྱུར་ལམ་དངོས་སུ་ཤར་གཏོང་ཐུབ་དང་། ད་དུང་འགྲིམ་འགྲུལ་གཞུང་ལམ་འཚང་བའི་ཐད་ནུས་པ་ཆེན་པོ་འདོན་ཐུབ་པ་རེད། གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་རིན་བསྡུའི་ས་ཚུགས་དེ་དར་མདོ་གྲོང་ཁྱེར་གྱི་དར་མདོ་གྲོང་རྡལ་སྔོ་ཚལ་ལྡུམ་ར་གྲོང་སྡེར་ཡིན་ཞིང་། མྱུར་བགྲོད་གཞུང་ལམ་ཐོགས་མེད་ཡོང་ཆེད་དར་མདོའི་ཕྱོགས་ལ་འཁོར་ལམ་བཞི་ཡོད་པ་དང་གཡག་རྔའི་ཕྱོགས་སུ་འཁོར་ལམ་དྲུག་བཟོས་ཡོད། མིག་སྔར་གྲོང་ཞུགས་ལམ་ཆེན་ཧ་ལམ་ལས་ཚར་ཞིང་། ལྗང་བཟོ་དང་གསལ་ཆ་བཟོ་བཀོད་བྱེད་བཞིན་པའི་སྒང་རེད།
མིག་སྔར་གཡག་མདོ་མྱུར་བགྲོད་གཞུང་ལམ་ནས་དར་མདོ་གྲོང་ཁུལ་བར་གྱི་ལམ་བརྒྱ་ཆ95གྲུབ་པས་ད་ལོའི་སྤྱི་ཟླ10པའི་སྔ་ཕྱིར་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད། དར་མདོའི་གསེར་གཞོང་ལམ་མདོ་དེYཡིག་གི་དབྱིབས་སུ་ཆགས་པས་གཡས་ཕྱོགས་ནི་གཡག་མདོ་མྱུར་ལམ་ཡིན་ལ་དཀྱིས་གཞུང་ནི་དར་མདོ་གྲོང་ཁུལ་དུ་སྐྱོད་པའི་ལམ་ཡིན། གཡོན་ཕྱོགས་དར་མདོ་ནས་ར་རྔ་ཁ་བར་མྱུར་བགྲོད་གཞུང་ལམ་གྱི་སྦྲེལ་མཚམས་ཡིན་པ་རེད།།
གསར་འགྱུར་མཚམས་སྦྱོར།
1. 2011ལོའི་ཟླ9པའི་ཚེས5ཉིན། སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་གྲོས་ཚོགས་འཚོགས་ཏེ་ཆེད་དོན་དུ་གཡག་མདོ་མྱུར་བགྲོད་གཞུང་ལམ་ལས་གཞིའི་འབྲེལ་ཡོད་ལས་ཀར་ཆེད་དོན་ཞིབ་འཇུག་བྱས། གྲོས་ཚོགས་ཐོག་འགྲིམ་འགྲུལ་སྐྱེ་འདྲེན་ཐིང་གིས་གཡག་མདོ་མྱུར་བགྲོད་གཞུང་ལམ་ལས་གཞིའི་སྔོན་མའི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་རེད། ལས་གཞིའི་ལག་རྩལ་ཐད་ཀྱི་གནད་དོན་ཞིབ་འཇུག་གཏིང་ཟབ་བྱས།
2. 2012ལོའི་ཟླ8པར་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོ་ཕུག་ལམ་གྱི་ལྕགས་ཟམ་ཐོན་སྒོ་དངོས་སུ་ཕུག་འགོ་ཚུགས་པ་དང་། འུ་ལག་རི་བོ་ཕུག་ལམ་དེ་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་དཀའ་ཚེགས་ཆེ་བའི་ཨར་ལས་ཡིན་པས། འགག་སྨད་རྫོང་གི་ཞིན་ཀུའུ་ནས་འགོ་བཙུགས་ཏེ་ལྕགས་ཟམ་རྫོང་གི་ལྕགས་ཟམ་ཁ་གྲོང་རྡལ་ཝུའུ་ལི་ཀུའུ་བར་ཡིན་པས། ཕུག་ལམ་ཁྱོན་རིང་ཚད་སྨི13400ཡོད་ཅིང་། དེ་ནི་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ནོ།།
3. 2014ལོའི་ཟླ4ཚེས20ཉིན། གཡག་མདོ་མྱུར་བགྲོད་གཞུང་ལམ་དངོས་སུ་ལས་འགོ་ཚུགས། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར235.9132བཏང་། མྱུར་བགྲོད་གཞུང་ལམ་དེ་གཡག་རྔ་གྲོང་ཁྱེར་གྱི་ཏུའེ་ཡན་གྲོང་རྡལ་ནས་འགོ་བཙུགས་ཏེ་དར་མདོ་རྫོང་གི་སྔོ་ཚལ་ལྡུམ་ར་གྲོང་སྡེ་བར་ཡིན་ཞིང་། དེའི་ནང་དཀར་མཛེས་ཁུལ་གྱི་ས་ཁོངས་ནང་ཧ་ལམ་སྤྱི་ལེ55ཡོད་པ་དང་ལམ་ཡོངས་སུ་རླངས་འཁོར་ཀྱི་མྱུར་ཚད་དེ་ཆུ་ཚོད་རེར་སྤྱི་ལེ80རྒྱུག་ཆོག་པ་བཟོ་འགོད་བྱས་ཡོད།
4. 2017ལོའི་ཟླ9ཚེས26ཉིན་ལ་སི་ཁྲོན་གྱི་ཕུག་ལམ་དང་པོ་ཞེས་མཚན་སྙན་ཐོབ་པའི་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོ་ཕུག་ལམ་རིང་ཤོས་དེར་རླངས་འཁོར་ཤར་གཏོང་ཐུབ་ཡོད། ཕུག་ལམ་གྱི་རིང་ཚད་ཁྱོན་སྤྱི་ལེ13.4ཡོད་པ་དང་། ཞིང་ཆེན་ཡོངས་སུ་མྱུར་བགྲོད་གཞུང་ལམ་ཐོག་གི་ཕུག་ལམ་རིང་ཤོས་ཨང་གཉིས་པ་ཡིན་ནོ།།
5. 2017ལོའི་ཟླ12པའི་ཚེས31ཉིན། གཡག་རྔ་ནས་དར་མདོ་བར་མྱུར་བགྲོད་གཞུང་ལམ(G4218)གཡག་རྔ་ནས་ལྕགས་ཟམ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་བོད་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་དུས་མཚུངས་སུ་སི་ཁྲོན་ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་ཁུལ21ཚང་མར་མྱུར་བགྲོད་གཞུང་ལམ་ཡོད་པ་དང་རླངས་འཁོར་ཤར་གཏོང་ཐུབ་པ་རེད།
6. 2018ལོའི་ཟླ10པའི་ཚེས1ཉིན་གྱི་སྔ་དྲོར་ཁྲོན་བོད་ཟམ་ཆེན་དང་པོའི་མཚན་སྙན་ཐོབ་པའི་གཡག་མདོ་མྱུར་བགྲོད་གཞུང་ལམ་ཐོག་གི་རྒྱལ་མོ་རྔུལ་ཆུ་ཟམ་ཆེན་གྱི་ལམ་ངོས་ཨར་ལས་གྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ཅིང་གཡག་མདོ་མྱུར་བགྲོད་གཞུང་ལམ་དུས་ཚོད་སྔ་སྣུར་བྱས་ནས་གྲུབ་པར་རྨང་གཞི་སྲ་བརྟན་བཏིང་བ་རེད།
7. 2018ལོའི་ཟླ12པའི་ཚེས31ཉིན་སྔ་དྲོའི་ཆུ་ཚོད8དང་སྐར་མ30ལ་གཡག་མདོ་མྱུར་བགྲོད་གཞུང་ལམ་དུས་ཚོད་སྔ་སྣུར་ཟླ་བ་དགུ་ཙམ་བྱས་ནས་ཨར་ལས་ཡོངས་སུ་གྲུབ་པས་མ་ཚད། ད་དུང་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱས་པ་རེད། དེ་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་རུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།