ཟླ་9ཚེས་8ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཧོ་ནན་ཀྲེང་ཀྲོའུ་རུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་ཚུགས་མཛད་སྒོ་ལ་ཞུགས་ཡོད།
གནའ་གྲོང་ཀྲེང་ཀྲོའུ་རུ་གློག་འོད་བཀྲ་ཞིང་། དབུས་རྒྱུད་ཀྱི་ས་གཞི་ཆེན་པོ་རུ་དགའ་སྤྲོས་ཁེངས། ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ། མི་རིགས་56མཉམ་དུ་འཛོམས་ནས། ཐུན་མོང་ངང་མཐུན་སྒྲིལ་ཡར་འབད་ཀྱི་རོལ་དབྱངས་དཀྲོལ། ཆུ་ཚོད་20:00ཐོག འགོ་ཚུགས་མཛད་སྒོ་དངོས་སུ་སྤེལ་པ་དང་། འཐུས་ཚོགས་ཁག་དང་ཡུལ་དངོས་ཀྱི་གཟིགས་མོ་བ་ཁྲི་4ལྷག་གིས་རྒྱལ་དར་གཟབ་སྦྲེང་རུ་ཁག་འགྲན་རར་བསུས། མི་རིགས་སོ་སོའི་ལུས་རྩལ་པས་ལུས་ལ་གཟབ་འཆོར་སྤྲས་ཤིང་། སྒེག་ཉམས་ལྡན་པའི་ངང་གོམ་སྟབས་རེ་རེ་བཞིན་བསྐྱོད་དེ་ཡོང་། འཐུས་མི་ཚོགས་པ་ཁག་གིས་སྐར་ཆ་30རིང་ལ་འཁྲབ་སྟོན་བྱས་པ་སྟེ། ཀྲུང་ཧྭ་རིག་གནས་སྣ་བརྒྱའི་མཛེས་ཉམས་ངོམ་ནས། ཡུལ་དངོས་ཀྱི་གཟིགས་མོ་བའི་བསྟོད་བསྔགས་ཐོབ་ཤིང་ཡིད་དབང་རབ་ཏུ་བཀུག་ཡོད།
ཆུ་ཚོད་20དང་སྐར་མ་50ཙམ་ལ། ཝང་དབྱང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་འགོ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཚོན་མདོག་རྣམ་པར་བཀྲ་བའི་གློག་འོད་མཚན་མོའི་མཁའ་དབྱིངས་སུ་མཆེད་པ་དང་། ཀྲེང་ཀྲོའུ་ཨོ་རྩལ་ལྟེ་གནས་སུ་དགའ་སྤྲོས་ཁེངས།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་9ཡིན་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར།)31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། བཅིངས་འགྲོལ་དམག་གི་འཐུས་མི། དེ་བཞིན་ཐའེ་ཝན་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ལུས་རྩལ་པ་7009ཞུགས་ཡོད་ཅིང་། མདའ་འཕེན་དང་སྨྱུག་མའི་ལྡིང་ཁང་སོགས་འགྲན་སྡུར་རྣམ་གྲངས་17དང་འཁྲབ་སྟོན་རྣམ་གྲངས་194བཅས་སྤེལ་རྒྱུ་རེད། ལུས་རྩལ་འགྲན་ཚོགས་ཀྱི་རིང་ལ་ད་དུང་མི་རིགས་མཉམ་སྤྲོ་ཆེན་མོ་སོགས་རིག་གནས་བྱེད་སྒོ་ཡང་སྤེལ་རྒྱུ་རེད།