༄༅།། བོད་ཀྱི་གསོ་བ་རིག་པ་ལས་རྒས་པའི་གསོ་ཐབས་སྐོར་གྱི་ཐོག་མའི་དཔྱད་གླེང་།

གཡང་མོ་ཚེ་རིང་། དཀོན་མཆོག་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-10



རྩོམ་པ་པོ། གཡང་མོ་ཚེ་རིང་། དཀོན་མཆོག་རྒྱལ་མཚན།
[ནང་དོན་གནད་བསྡུས།] སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཆེ་བའི་དུས་རབས་ཉེར་གཅིག་པའི་ནང་གོ་ལ་ཧྲིལ་བོའི་མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་རིང་དུ་ཕྱིན་པ་དང་། མི་འབོར་གྱི་ན་ཚོད་རྒས་འགྱུར་(人口老龄化) ①ཉིན་རེ་བཞིན་མངོན་གསལ་ཡིན་པས། རྒས་པ་གསོ་བའི་རིག་ཚན་འཛུགས་སྐྲུན་བྱེད་པ་དང་། རྒན་པོ་རྣམས་ཀྱི་ལུས་ཕུང་བདེ་སྲུང་དང་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ་ནི་མིག་སྔར་ང་ཚོའི་ཕྲག་ཏུ་བབས་པའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན་པས་ན། དཔྱད་རྩོམ་འདིར་རྒས་པའི་ངོས་འཛིན་དང་ནད་རིགས། གསོ་ཐབས། ལྷག་པར་དུ་རྒྱུད་དང་བསྟན་བཅོས་ལས་གསུངས་པའི་རྒས་པའི་གསོ་ཚུལ་གྱི་རིགས་ལམ་དང་འབྲེལ་ནས་རྒས་པའི་གསོ་ཐབས་གཞན་གྱི་སྐོར་ལ་རང་བློ་ཕྲ་མོས་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] བོད་ཀྱི་གསོ་བ་རིག་པ། རྒས་པ། གསོ་ཐབས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0175-10
དང་པོ། རྒས་པའི་ངོས་འཛིན།
               སྤྱིར་རྒས་པ་(geriatric)ཞེས་པ་ནི་རྒ་བའི་འདས་པ་སྟེ་རྒུད་པའམ་རྙིང་པ།ན་ཚོད་རྒས་པ་བཅས་ལ་འཇུག 《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་》ལས་“རྒན་པའི་གོ་དོན་ལ། ན་ཚོད་དང་། ཐོས་པ་སོགས་ཀྱིས་ཕྱུག་པའི་གང་ཟག་རིགས་ཀྱི་མིང་ལ་འཇུག་པ་དང་། རྒས་པའི་གོ་དོན་ལ།མི་ཕྱུགས་སོགས་ན་ཚོད་ཡོལ་བའམ་ལུས་ཀྱི་འབྱུང་ཁམས་རྒུད་པའི་རྒ་བའི་མིང་།”②ཞེས་འགྲེལ་འདུག་ལ། འདིར་བོད་ལུགས་གསོ་རིག་གི་གསོ་བྱ་ཡན་ལག་བརྒྱད་ཀྱི་སྐབས་སུ་གསུངས་པའི་རྒས་པ་ཞེས་པའི་ངོས་འཛིན་ཚུལ་ལ་རགས་ཙམ་དཔྱད་ན།
གཅིག རྒས་པའི་ངོས་འཛིན་ཚུལ་ལ་དཔྱད་པ། 
               བོད་ཀྱི་གསོ་རིག་ལས་རྒས་པ་ཞེས་པ་ནི་ཚེ་ཟད་པའམ་ལུས་སྟོབས་འགྲིབ་པའི་དོན་ཏེ། རྒྱུ་ལུས་ཕུང་གི་འབྱུང་བ་རྣམ་པ་ལྔའམ་རླུང་མཁྲིས་བད་ཀན་གསུམ་ལ་རྐྱེན་ལོ་གྲངས་ཀྱིས་ན་ཚོད་བརྒལ་བ་དང་ངལ་དུབ་སོགས་ལུས་སེམས་དྲག་ལས་ཀྱིས་འབྱུང་བ་ཉམས་ཤིང་ཟུངས་སྟོབས་ཀྱི་བཅུད་ཤོར་བས་འབྱུང་སྟེ། 《དཔལ་ལྡན་རྒྱུད་བཞི་》ལས། “ལོ་ཟླ་འདས་ཏེ་ལུས་ཟུངས་སྟོབས་འགྲིབ་པ།། ཚེ་ཟད་རྒས་པའི་ནད་ལས་བསྲིང་བ་ནི།།”③ཞེས་མི་རྣམས་སྐྱེས་པ་ནས་ལོ་ཟླའི་གྲངས་མང་པོ་འདས་ཏེ་ཁྲག་ལ་སོགས་པའི་ལུས་ཟུངས་དང་འབྱུང་བའི་སྟོབས། དབང་བོའི་ཚོར་བ་སོགས་རིམ་གྱིས་མར་འགྲིབས་ནས་རྒས་པར་གྱུར་ཏེ་ཚེ་ཡང་མར་ངོའི་ཟླ་བ་བཞིན་ཇེ་ཐུང་དུ་འགྲོ་བར་གསུངས་ཡོད་ལ། 《སྐྱེམ་འགྲེལ་》ལས། ལུས་ཀྱི་འཆི་ལྟས་བཤད་པའི་སྐབས་སུ།“དེའི་ཚུལ་ཡང་རྒྱུད་སྡེ་རྣམས་སུ་དང་པོ་བདུན་ཕྲག་ལྔ་པ་ལ་རྩ་ཆགས་པ་ནས་བཟུང་སྐྱེས་ནས་ཟླ་བ་གཉིས་གསུམ་མན་ཆད་དུ་ཞག་རེ་བཞིན་རྩ་ཉིས་བརྒྱ་རེ་ཆགས་པ་དང་། མངལ་དུ་ཟླ་བ་བཅུར་རླུང་བཅུ་རྫོགས་པ་དང་། ལོ་བཅུ་གཉིས་ཀྱི་བར་བུད་མེད་ཀྱི་དམར་ཆ་དང་། བཅུ་དྲུག་བར་སྐྱེས་པའི་དཀར་ཆ་འཕེལ་བར་བཤད་ཅིང་། འགྲིབ་པའི་ཚུལ་ཡང་སྐྱེས་ནས་ཟླ་བ་བཞི་པ་ནས་ཞག་རེ་བཞིན་རྩ་ཕྲན་གཉིས་གཉིས་སྐམ་པར་བཤད་པ་དང་། ལོ་བཅུ་བཅུ་ལ་རླུང་བཅུ་རེ་རེའི་ནུས་པ་ཉམས་པ་དང་། ལོ་བཅུ་དྲུག་ནས་ཐིག་ལེའི་ནུས་པ་རིམ་གྱིས་འགྲིབ་པ་དང་། བུད་མེད་དང་སྐྱེས་པ་ཐུན་མོང་དུ་ལོ་སོ་གཉིས་ནས་དམར་ཆ་ཉམས་ཏེ།ལོ་བརྒྱ་ན་གཞན་དུ་འཕོ་བར་བཤད་དོ།། རྩ་རླུང་གི་ཐིག་ལེ་ཉམས་པ་ལས་སོ།།” ④ཞེས་མི་རྣམས་སྐྱེས་ཏེ་ཟླ་བ་བཞི་པ་ནས་ཞག་རེ་བཞིན་རྩ་ཕྲན་གཉིས་གཉིས་སྐམ་པར་འགྱུར་བ་དང་། ལོ་བཅུ་བཅུ་ལ་རླུང་བཅུ་རེ་རེའི་ནུས་པ་ཉམས་ཏེ་རིམ་གྱིས་འགྲིབ་པ། ལོ་སུམ་ཅུ་སོ་གསུམ་ནས་བུད་མེད་དང་སྐྱེས་པ་ཐུན་མོང་དུ་དམར་ཆ་ཉམས་ཏེ་རིམ་གྱིས་རྒས་པར་འགྱུར་བ་བསྟན་ཡོད།
               དེ་ལྟར་མིག་སྔར་ལག་སོན་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྣམས་སུ་རྒས་པའི་ངོས་འཛིན་ལ་ལུས་ཀྱི་སྟོབས་ཉམས་པ་དང་། ཟུངས་འགྲིབ་པ། འབྱུང་བ་གུད་པ། ཚེ་ཟད་པ། ལོ་ཟླ་འདས་པ་སྟེ་ལོ་མང་གྲངས་སུ་ལོན་པ་བཅས་སོ་སོར་དོན་གཅིག་ལ་ཚིག་གི་སྡེབ་སྦྱོར་མི་འདྲ་བ་དུ་མའི་སྒོ་ནས་གསུངས་ཡོད། རྒས་པའི་ངོས་འཛིན་ཚུལ་དེ་རྣམས་རེའུ་མིག་ཏུ་བཀོད་ན་གཤམ་གསལ་ལྟར།
རེའུ་མིག༡ བོད་ཀྱི་གསོ་རིག་གི་བསྟན་བཅོས་སུ་གསུངས་པའི་རྒས་པའི་ངོས་འཛིན།

               གཉིས། ན་ཚོད་ལས་རྒས་པ་ངོས་འཛིན་ཚུལ་ལ་དཔྱད་པ། བོད་ཀྱི་གསོ་རིག་གི་གཞུང་ལྟར་ན་ན་ཚོད་ལ་བྱིས་པ་དང་དར་མ།རྒས་པ་ཞེས་དུས་རིམ་གསུམ་དུ་བགོད་སྲོལ་ཡོད་དེ། 《དཔལ་ལྡན་རྒྱུད་བཞི་》ལས། “ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ།། དེ་ལས་ལུས་ཟུངས་དབང་བོ་གཟི་མདངས་སྟོབས།། འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་སྟེ།། དེ་ལས་ཟད་པ་ཕན་ཆད་རྒན་པོ་ཡིན།།” ⑤ཞེས་ན་ཚོད་ཀྱི་སྐབས་རིམ་པ་གསུམ་དུ་དབྱེ་ཡོད་ཅིང་། དེ་ནི་སྐྱེས་པ་ནས་ལོ་བཅུ་དྲུག་ལ་ལོན་པ་ནི་བྱིས་པའི་དུས་སྐབས་ལ་ངོས་འཛིན་བྱེད་ཅིང་། ན་ཚོད་བཅུ་དྲུག་ནས་ཕར་འདས་ཏེ་ལུས་ཟུངས་དང་དབང་བོ། གཟི་མདངས། སྟོབས་སོགས་ཆེར་འཕེལ་བར་གྱུར་ནས་ལོ་བདུན་ཅུའི་བར་ནི་དར་མ་ཞེས་དང་། ལོ་བདུན་ཅུ་ནས་འཆི་རག་བར་ཏེ་ལུས་ཟུངས་དང་དབང་བོ། གཟི་མདངས། སྟོབས་སོགས་མར་འགྲིབ་ནས་ཟད་པའི་རྟགས་རྣམས་མངོན་པ་ལ་རྒས་པར་ངོས་འཛིན་གནང་བཞིན་ཡོད། མིག་སྔར་ལག་སོན་བྱུང་བའི་བོད་ལུགས་གསོ་རིག་གི་བསྟན་བཅོས་རྣམས་སུ་རྒས་པའི་ན་ཚོད་ཀྱི་ངོས་འཛིན་ཚུལ་དེར་མི་འཐུན་པའང་འགའ་རེ་ཡོད་དེ། མདོར་བསྡུས་སུ་རེའུ་མིག་ཏུ་བཀོད་ན་གཤམ་གསལ་ལྟར།
རེའུ་མིག ༢ བོད་ལུགས་གསོ་རིག་གི་བསྟན་བཅོས་སུ་གསུངས་པའི་རྒས་པའི་ན་ཚོད་ཀྱི་ངོས་འཛིན།

               དེ་ལྟར་གོང་གསལ་ཏུ་རྒས་པའི་ན་ཚོད་དབྱེ་སྟངས་ལ་《བེེ་སྔོན་》དང་《སྐྱེམ་འགྲེལ་》སོགས་ལས་ཚེ་ལོ་བརྒྱ་པའི་སྐབས་ཀྱི་དབང་དུ་བྱས་ཏེ་དེ་ལྟར་གསུངས་ཡང་། དེང་དུས་མི་རྣམས་ཀྱི་ཚེ་ཚད་དང་འཚོ་བའི་ཁྲོད་རྒས་པ་རྣམས་ཀྱི་ལས་ཞུགས་དང་འཚོ་བའི་སྤུས་ཚད་ལ་བལྟས་ན། དགུང་ལོ་བདུན་ཅུ་ནས་རྒས་པའི་དུས་རིམ་དུ་ངོས་བཟུང་ཡང་འགལ་བ་མེད་སྙམ་སྟེ། དེང་སང་ཨ་རི་ལྟ་བུའི་འབྱོར་ལྡན་རྒྱལ་ཁབ་རྣམས་སུ་ལོ་ན་བདུན་ཅུར་སོན་ཡང་ལུས་ཀྱི་སྟོབས་ཤུགས་འཛོམས་ལ་འཚོ་བ་དང་ལས་ཀའི་ཁྲོད་བྱེད་ནུས་མངོན་གསལ་འདོན་ཐུབ་པའི་མི་མང་པོ་འདུག་པ་དངོས་སུ་མཐོང་རྒྱུ་ཡོད་པ་དང་། ད་དུང་དགུང་ལོ་བདུན་ཅུར་སོན་རྗེས་གཉེན་སྒྲིག་བྱས་ཏེ་འཚོ་བ་གསར་བ་རོལ་མཁན་ཡང་ཁོ་མོས་མངོན་སུམ་དུ་མཐོང་མྱོང་། གཞན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉེ་ལམ་རྒས་པའི་ལོ་ཚོད་ཀྱི་དབྱེ་བར་ཚད་གཞི་གསར་པ་ཞིག་བཟོས་ཡོད་དེ། ལོ་བཞི་བཅུ་ཞེ་བཞི་མན་གྱི་མི་ཚོགས་ལ་ན་གཞོན་( 青年人 )དང་། ལོ་བཞི་བཅུ་ཞེ་ལྔ་ནས་ལྔ་བཅུ་ང་དགུ་བར་གྱི་མི་ཚོགས་ལ་དར་མ་( 中年人 )ལོ་དྲུག་ཅུ་ནས་བདུན་ཅུ་དོན་བཞི་བར་གྱི་མི་ཚོགས་ལ་རྒས་པ་གཞོན་པའམ་ ( 年轻老人 )དར་ཡོལ། དགུང་ལོ་བདུན་ཅུ་དོན་ལྔ་ཡན་གྱི་མིར་ད་གཟོད་རྒས་པ་( 老人 )ཞེས་ཟེར།
               གསུམ། རྒས་པའི་ནད། རྒས་པའི་ནད་ཅེས་པ་ནི་མི་རྣམས་ན་ཚོད་རིམ་གྱིས་ཡོལ་བས་རྒན་པོ་རྣམས་ཀྱི་འབྱུང་བའི་ལུས་སྟོབས་འགྲིབ་སྟེ་སྒོ་གསུམ་དང་དབང་བོ་ལྔའི་ནུས་པ་ཉམས་ནས་རྒས་པར་འགྱུར་བའི་སྐབས་སུ་རྒན་པོ་རྣམས་ཀྱི་ལུས་ལ་མི་བདེ་བའི་ན་ཟུག་ཆུང་ངུའམ་མི་བཟོད་པའི་ཟུག་རྔུ་དྲག་པོ་འབྱུང་བ་དེ་ཐམས་ཅད་ལ་རྒས་པའི་ནད་ཅེས་བརྗོད་ཆོག མི་རྣམས་རྒན་པོར་ཆགས་པའི་སྐབས་སུ་གཅིན་པ་འགག་ནས་རང་བཞིན་དུ་གཏོང་མི་ཐུབ་པར་རྒྱུ་ཞབས་སུ་ན་ཟུག་ལྡང་བ་གཅིན་འགག་གི་ནད་དང་མཚན་གུང་གཅིན་པ་གཏོང་བར་ཐེངས་གྲངས་མང་དུ་འགྲོ་དགོས་པའི་གཅིན་སྙིའི་ནད། རྐང་ལག་བརྐྱང་བསྐུམ་གྱི་བྱེད་ལས་ཉམས་པ་དང་འགུལ་བསྐྱོད་དཀའ་བ་སོགས་དྲེག་གྲུམ་རྩ་དཀར་གྱི་ནད། མེ་དྲོད་རྣམ་གསུམ་གྱི་མཐུ་ཉམས་པས་ཟས་ཀྱི་དྭངས་མ་ཚུལ་བཞིན་མ་སྨིན་པའམ་མ་ཞུ་བ་སོགས་ལས་བྱུང་བའི་ཁྲག་ཞག་མཐོ་བ་དང་ཁྲག་ཤེད་མཐོ་བའི་ནད་ལྟ་བུ་སོགས་ཀྱང་རྒས་པའི་ནད་ཡིན། ཅི་ཕྱིར་ཞེ་ན། རྒས་པ་ཕལ་མོ་ཆེར་ནད་དེ་རིགས་འབྱུང་བ་མང་ལ། གཞོན་པ་དང་དར་མ་རེ་འགར་མ་གཏོགས་ནད་དེ་རིགས་འབྱུང་མི་སྲིད། བྱུང་ཚད་ཀྱི་གྲངས་སྡོམ་རྩིས་ཤིག་བྱེད་པའི་དབང་དུ་བཏང་ན། གཞོན་པ་དང་དར་མར་ནད་དེ་རིགས་འབྱུང་བའི་བརྒྱ་ཆའི་གྲངས་ནི་རྒས་པ་ལས་ཤིན་ཏུ་དམའ། དེ་ཕྱིར་མི་གང་ཞིག་འབྱུང་བའི་སྟོབས་རྣམས་འགྲིབ་སྟེ་རྒས་པའི་དུས་སྐབས་སུ་ལུས་ཕུང་ལ་མི་འདོད་པའི་ཟུག་རྔུ་ཆེ་ཆུང་གང་རུང་གིས་རྒས་པ་རྣམས་ཀྱི་ཉིན་རྒྱུན་གྱི་འགྲོ་འདུག་བཟའ་བཏུང་སོགས་རྒན་པའི་བདེ་ཐང་ལ་གནོད་པར་བྱེད་པ་དེ་དག་ནི་རྒས་པའི་ནད་དུ་བཤད།
གཉིས་པ། རྒས་པའི་གསོ་ཐབས།
               བོད་ཀྱི་གསོ་བ་རིག་པའི་ཕྱི་མོ་《དཔལ་ལྡན་རྒྱུད་བཞི་》གཙོ་བྱས་པའི་བོད་ཀྱི་གསོ་རིག་གི་བསྟན་བཅོས་རྣམས་སུ་རྒས་པར་གསོ་ཐབས་གང་དག་བསྟན་ཡོད་པ་དང་དེ་ལྟར་གསོ་བའི་རྒྱུ་མཚན་གང་ལ་འཇོག་དགོས་པའི་སྐོར་ལ་ཅུང་ཟད་དཔྱད་ན།
               གཅིག 《དཔལ་ལྡན་རྒྱུད་བཞི་》ལས་གསུངས་པའི་རྒས་པའི་གསོ་ཐབས་ལ་དཔྱད་པ། རང་རེའི་བོད་ལུགས་གསོ་བ་རིག་པ་ནི་གསོ་རིག་གཞན་དང་མི་འདྲ་བར་མི་ན་བ་གནས་པར་བྱ་བ་དང་ཚེ་རིང་དུ་བསྲིང་བར་བྱ་བ་དེ་གསོ་ཐབས་གཙིགས་ཆེན་ཏུ་བཟུང་ནས་གསུངས་ཡོད་དེ། 《དཔལ་ལྡན་རྒྱུད་བཞི་》ལས། “ནད་མེད་དོན་དུ་རྒྱུན་སྤྱོད་དུས་སྤྱོད་དང་།། བཅུད་ལེན་རོ་ཙ་བཞི་རུ་ཤེས་པར་བྱ།།” ⑥ཞེས་མི་རྣམས་རྒས་པར་མ་གྱུར་བའམ་ནད་མ་བྱུང་བའི་སྔོན་དུ་ཉིན་རེ་བཞིན་གྱི་རྒྱུན་སྤྱོད་དང་ཉིན་མཚན་དུས་དྲུག་གི་སྤྱོད་ལམ། ལུས་ཟུངས་འགྲིབ་པ་བཅུད་ཀྱིས་ལེན་ཐབས། འདོད་སྤྱོད་ཀྱི་དབང་བོ་ཉམས་པར་རོ་ཙ་གསོ་བའི་ཐབས་བཅས་མི་ན་བ་གནས་པར་བྱ་བ་དང་ནད་གཞི་སྔོན་འགོག་གི་གསོ་ཐབས་ཕུན་སུམ་ཚོགས་པ་བསྟན་ཡོད་ལ། 《དཔལ་ལྡན་རྒྱུད་བཞི་》ཡི་ཐོག་མཐའ་བར་གསུམ་དུ་རྒས་པའི་སྲུང་ཐབས་དང་གསོ་ཐབས་གབ་པའི་ཚུལ་དུ་སྒོ་དུ་མ་ནས་བསྟན་ཡོད་དེ། “བཤད་རྒྱུད་ཀྱི་འཚོ་བ་ཟས་ཀྱི་ལེའུར། སྣུམ་ནི་མར་དང་ཏིལ་མར་རྐང་མར་ཚིལ།།རོ་མངར་ཕྱི་མ་ལྕི་བསིལ་ཁོང་འཁྲུ་སྣུམ།། རྟུལ་དང་ཕྲ་ལ་མཉེན་ཞིང་རླན་པ་ཡིན།། རྒས་བྱིས་སྟོབས་ཆུང་སྦེག་རྩུབ་ཁུ་ཁྲག་ཟད།། སྦྱང་བྱས་སེམས་ལས་རླུང་གིས་ཉེན་ལ་བསྔགས།།”⑦ཞེས་པ་དང་། “ཁྱད་པར་མངར་བས་འཕྲོད་ཅིང་ཟུངས་སྟོབས་སྐྱེད།། རྒས་བྱིས་སྐེམ་པོ་གྲེ་བ་གློ་ལ་ཕན།།”⑧ཞེས་པ་སོགས་རྒས་པའི་ཟས་ཀྱི་ཚུལ་དང་རྒས་པར་ཕན་པའི་རོ་དྲུག་གི་བྱེ་བྲག་ཡང་གསུངས་ཡོད་ལ། དེས་ནི་རྩི་མར་དང་འབྲུ་མར། རྐང་མར་སོགས་སྣུམ་གྱི་རིགས་དེ་དག་རོ་མངར་ཞིང་ནུས་པ་ལྕི་བ་དང་ངོ་བོ་སྣུམ་པས་རླུང་གི་མཚན་ཉིད་ཀྱི་ཟུར་ཡང་བ་དང་། སྲ་ཕྲ་བཅས་འཇོམས་ཐུབ་པ་དང་། གཞན་རོ་མངར་བ་ནི་འབྱུང་བ་ས་དང་ཆུས་བསྐྱེད་པ་ཡིན་ལ། དེའི་འབྱུང་བའི་ཡོན་ཏན་སྣུམ་པ་དང་ལྕི་བ། འཇམ་པ། བརྟན་པ་བཅས་ཀྱིས་རླུང་གི་མཚན་ཉིད་ཟུར་སྲ་ཕྲ་དང་ཡང་གཡོ། རྩུབ་པ་བཅས་འཇོམས་པས་རྒས་པ་རླུང་མིའི་ཟས་ཀྱི་གཉེན་པོར་བསྔགས་པ་ཡིན་ལ། བྱ་བ་སྤྱོད་ལམ་གྱི་ལེའུར། “ར་རོ་སྟོབས་ཟད་མྱ་ངན་རྩོལ་བས་དུབ།། སྨྲ་མང་རྒས་དང་འཇིགས་པའི་མི་རྣམས་ལ།། སོ་ག་རྩུབ་ཅིང་མཚན་མོ་ཐུང་བས་ན།། ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར།། ཉིན་པར་གཉིད་ལོག་སྣུམ་ལྕིར་འགྱུར་བས་ཕན།།”⑨ཞེས་དུས་བཞི་ལས་སོ་གའི་དུས་ནི་ཉི་འོད་རབ་ཏུ་ཚ་བས་ཕྱི་ནང་གི་མེ་དྲོད་ལྷག་པར་སྐྱེས་ཏེ་ལུས་ཟུངས་སྐམ་པའི་ཚུལ་གྱིས་སྟོབས་འཕྲོག་ཅིང་རླུང་འཕེལ་བར་འགྱུར་བའི་ཕྱིར། ཉིན་པར་ཡང་གཉིད་ཅུང་ཟད་རེ་ལོག་ན་སྣུམ་ཞིང་ལྕི་བའི་ངོ་བོར་འགྱུར་ཞིང་། དེས་རླུང་འཇོམས་ཐུབ་པས་རྒས་པ་རླུང་མིར་གཉིད་ལོག་གི་སྤྱོད་ལམ་བསྟན་ཡོད། གཞན་ཚ་བ་གསོ་བའི་སྐབས་སུ་རྒས་པར་ཚ་བ་རྒྱས་པའི་གསོ་ཚུལ་ལ། “ཟུངས་ངན་རྒས་པའི་ཚ་བ་བུ་ལྟར་གསོ།།”⑩ཞེས་ཟུངས་ངན་པ་དང་རྒས་པར་འབྱུང་བའི་ཚ་བ་བུ་ལྟར་དུ་ཟས་སྤྱོད་སྨན་དཔྱད་སོགས་སྦྱོར་བ་འཇམ་པོས་གསོ་དགོས་པ་བསྟན་ཡོད་ལ། དེས་ནི་ལུས་ཟུངས་ངན་པ་དང་རྒས་པ་ནི་རླུང་ལྷག་པར་ལྡང་བ་དང་ཕོ་བའི་མེ་དྲོད་ཆུང་བས། ཟུངས་འབྲིང་བྱིས་པའི་ཚ་བ་ལྟར་རམ་ཡང་ན་ཟུངས་བཟང་དར་མའི་ཚ་བ་བཞིན་ཟས་སྤྱོད་སྨན་དཔྱད་ཆུ་བཞིས་དགྲ་ལྟར་བསད་དེ་བཅོས་ན། ཟུངས་ངན་པ་དང་རྒས་པར་རླུང་འཕེལ་ནས་ཚ་བའི་སྟོབས་ཆེས་ཆེར་འགྲོ་བའི་ཉེན་ཁ་ཡོད་པས། རྒས་པའི་ཚ་བུ་ལྟར་དུ་དྲོད་བཅུད་ཟས་སྨན་གྱིས་རླུང་སྣ་གླན་ཞིང་བསིལ་གྱི་གཉེན་པོས་ཚ་སྟོབས་དམད་དེ་འབྲོས་འདེད་ཀྱི་ཚུལ་དུ་སྦྱོར་བ་འཇམ་པོས་གསོ་དགོས་པར་གསུངས་ཡོད། དམིགས་སུ་མན་ངག་རྒྱུད་ཀྱི་རྒས་པ་གསོ་བའི་སྐབས་སུ་རྒས་པའི་གསོ་ཐབས་ལ་གཙོ་བོ་བཅུད་ལེན་སྨན་མར་གྱི་གསོ་ཐབས་བསྟན་ཡོད་ལ། རྒས་པ་གསོ་བའི་སྐབས་སུ་རྒས་པའི་གསོ་ཐབས་ལ་སྨན་མར་ཁོ་ན་ལས་མ་བསྟན་པའམ་ཡང་ན་སྨན་མར་ཤས་ཆེར་བསྟན་པ་རྒྱུ་མཚན་ཅི་ཕྱིར་ཡིན་ནམ་ཞེ་ན། རྒས་པ་ནི་རླུང་གི་ངོ་བོ་ཉིད་འཕེལ་བ་རླུང་གི་མི་ཡིན་ལ། ན་ཚོད་རྒས་པའི་སྐབས་སུ་རྒན་པོར་རླུང་ལྷག་པར་ལྡང་བས་སྨན་མར་གྱི་གསོ་ཐབས་བསྟན་པ་ཡིན། རླུང་གི་ནད་དེ་རྒན་དར་གཞོན་གསུམ་ལས་རྒན་པར་བྱུང་སླ་ཞིང་ཤིན་ཏུ་ཉེན་ཁ་ཆེ་བ་ཡིན་པས། སྨན་གྱི་དྭངས་མ་མར་ལ་བསྡུས་པའི་བཅུད་ལེན་གྱི་སྨན་མར་དེ་དག་རོ་མངར་ཞིང་ནུས་པ་ལྕི་བ་དང་བརྟན་པ། ངོ་བོ་སྣུམ་པ་དང་འཇམ་པས་རླུང་གི་མཚན་ཉིད་ཀྱི་ཟུར་ཡང་གཡོ་དང་སྲ་ཕྲ། གྲང་བ། རྩུབ་པ་བཅས་འཇོམས་ཐུབ་པས་ཡིན་ནོ།།
               གཉིས། བོད་ཀྱི་གསོ་རིག་གི་གཞུང་གཞན་ལས་བསྟན་པའི་རྒས་པའི་གསོ་ཐབས་ལ་དཔྱད་པ། མིག་སྔར་ལག་སོན་བྱུང་བའི་བོད་ལུགས་གསོ་རིག་གི་བསྟན་བཅོས་རྣམས་སུ་རྒས་པའི་གསོ་ཐབས་ལ་གོང་སྨོས་《དཔལ་ལྡན་རྒྱུད་བཞི་》ལས་བཅུད་ལེན་སྨན་མར་གྱི་གསོ་ཐབས་ལས་གཞན་གསོ་ཐབས་མི་འདྲ་བ་གཙོ་བོ་གང་དག་བསྟན་ཡོད་པའི་སྐོར་ལ་ཅུང་ཙམ་དཔྱད་ན།
               སློབ་དཔོན་ཀླུ་སྒྲུབ་ཀྱི་《གསང་ཏིག་སྒྲོན་མ་》ལས།“མདོར་ན་རྒས་པའི་ཚ་བ་ལ།། ག་བུར་ལ་སོགས་རྩུབ་སྨན་གྱིས།། ཕོ་བའི་དྲོད་ཤོར་ཟུངས་དང་བྲལ།། གཏར་དྲགས་རླུང་སྐྱེས་སྲོག་དང་བྲལ།། གཏར་བ་རྩ་ཁ་འབྱེད་ཙམ་བྱ།།གཞུག་ལ་ཆུ་ལྕག་བག་ཙམ་བྱ།། ཚ་བ་འདོན་ལ་ལུས་ཟུངས་གསོ།།” ⑾ཞེས་རྒས་པའི་ཚ་བ་གསོ་བར་ག་བུར་ལ་སོགས་བསིལ་རྩུབ་ཆེ་བའི་ཁོང་སྨན་བསྟེན་པས་རླུང་གི་མཚན་ཉིད་ཀྱི་ཟུར་གྲང་བ་དང་རྩུབ་པའི་ངོ་བོ་ཆེར་འཕེལ་ཏེ་ཕོ་བའི་དྲོད་ཤོར་བ་དང་། ལུས་ཟུངས་འགྲིབ་པ་དང་། ཁྲག་གཏར་དྲགས་ནའང་རླུང་གི་རྩུབ་པའི་ངོ་བོ་ཆེར་འཕེལ་ཏེ་རླུང་འཕེལ་བར་འགྱུར་བས། དྲོད་བཅུད་ཟས་སྨན་གྱིས་རླུང་སྣ་གླན་ཏེ་སྦྱོར་བ་འཇམ་པོས་ལུས་ཟུངས་གསོ་བ་གནད་དུ་བཟུང་ཞོར་ཁྲག་རྩ་ཁ་འབྱེད་ཙམ་གཏར་ནས་ཁྲག་ཉུང་ངུ་དབྱུང་སྟེ་གཏར་དཔྱད་ཀྱིས་གསོ་བཅོས་བྱས་ན་ཚ་བ་འདོན་ལ་ལུས་ཟུངས་གསོ་ཐུབ་ཚུལ་བསྟན་ཡོད་ལ། 《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ་》ལས།“གཙོ་བོར་སྤྱི་བཅོས་བྱུག་པ་རྒྱུན་དུ་བྱ།། ཞེས་དང་། ཡང་ན་སྔོན་དུ་སྣུམ་འཆོས་བྱས་པའི་རྗེས།།”⑿ཞེས་རྒས་པ་གསོ་བར་བཅུད་ལེན་སྨན་མར་གྱི་གསོ་ཐབས་གཙོ་བོ་བྱས་པའི་ཐོག་བྱུག་པ་དང་སྣུམ་འཆོས་ཏེ་དཔྱད་ཀྱི་བཅོས་ཐབས་ཡང་གསོ་བཅོས་ཀྱི་མགོ་མཇུག་བར་གསུམ་དུ་བྱ་དགོས་པ་བསྟན་ཡོད་ལ། དེ་ནི་རླུང་གི་མཚན་ཉིད་ཀྱི་ཟུར་ཡང་གཡོ་དང་སྲ་ཕྲ། གྲང་བ། རྩུབ་པ་བཅས་འཇོམས་ཕྱིར་བྱུག་བཅོས་བསྟན་པ་ཡིན། 《དཔལ་ལྡན་རྒྱུད་བཞི་》ལས། “བྱུག་པ་བྱ་རུང་བའི་ནད་གཞི་ལ། རུང་བ་ལུས་རྩུབ་ཁྲག་དང་ཁུ་བ་ཟད།། སྟོབས་ཆུང་རྒས་དང་མྱ་ངན་སེམས་ལས་ཆེ།། མིག་འགྲིབ་གཉིད་མེད་རྩོལ་བས་དུད་པ་དང་།། རླུང་ནད་ཀུན་ལ་སྣུམ་བྱུག་བསྟན་པར་བྱ།།”⒀ཞེས་ལུས་རྩུབ་པོར་ཆགས་པ་དང་རྒས་པ། གཉིད་ཡེར་བ་སོགས་རླུང་ལས་གྱུར་བའི་ནད་གཞི་ཕལ་མོ་ཆེར་བྱུག་བཅོས་འཕྲོད་པ་གསུངས་ཡོད་པ་དང་། རྒྱུན་དུ་བྱུག་པ་བྱས་པའི་ཕན་ཡོན་ནི་ཚེ་རིང་བ་དང་དབང་བོ་གསལ་བར་བྱེད་པ་བཅས་ཡིན། དེ་བཞིན་དུ་སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་ཡང་གཙོ་བོ་བཤལ་དགྲ་རླུང་གི་སྲ་བའི་ངོ་བོ་འཕེལ་བ་དེ་ཉིད་འདུལ་བའི་ཕྱིར་བསྔགས་པ་ཡིན་ལ། 《དཔལ་ལྡན་རྒྱུད་བཞི་》ལས་སྣུམ་འཆོས་རུང་བའི་ནད་གཞི་ལ། “སྣུམ་རུང་རྒས་སྦེག་སྟོབས་ཆུང་སེམས་ལས་ཆེ།། ལྟོ་སྐྱ་ཁྲག་ཟགས་ཁོང་རྩུབ་ཁུ་བ་ཟད།། རླུང་ཆེ་མིག་འགྲིབས་སྦྱང་བ་དགོས་ལ་བཏང་།།”⒁ཞེས་རྒས་པ་དང་སེམས་ལས་ཆེ་བ། ཁོང་རྩུབ་པ་སོགས་ཀྱི་གཉེན་པོར་སྣུམ་འཆོས་ཀྱི་གསོ་ཐབས་བསྟན་ཡོད། དེ་བས་གཞུང་འདིར་རྒས་པ་ནི་རླུང་ཤས་ཆེ་བའི་མི་ཡིན་པར་གཞིགས་ནས་རྒས་པའི་གསོ་ཐབས་སུ་ཉེས་པ་རླུང་གི་གཉེན་པོ་བྱུག་པ་དང་སྣུམ་འཆོས་བསྟན་པ་ཡིན། གཞན་དར་མོ་སྨན་རམས་པའི་《སྨན་ཡིག་གཅེས་བསྡུས་》ལས། “འགྲོ་ཀུན་ན་རྒས་འབྱུང་བ་ཉམས་པ་ལ།། འཆི་གསོས་སྨན་གྱི་བདུད་རྩི་འདི་ན་སྤེལ།།”⒂ཞེས་རྒས་པ་གསོ་བ་ལ་བདུད་རྩི་འོད་ལྡན་ཕྱེ་མའི་སྦྱོར་བ་བསྟན་ཡོད་ལ། ཡང་དེ་ཉིད་ལས།“རང་ལོ་བདུན་ཅུ་དོན་གཉིས་སུ་སླེབས་སྐབས་རླུང་རྟགས་ཆེ་ཞིང་འབྱུང་བ་ཤིན་ཏུ་གུད་པས་་་”⒃ཞེས་དར་མོ་སྨན་རམས་པ་ཁོང་གིས་སྐུ་ཉིད་དགུང་གྲངས་བདུན་ཅུ་འདས་ཏེ་རྒས་པའི་སྐབས་སུ་རླུང་གི་ནད་རྟགས་མང་ཞིང་འབྱུང་བ་ཤིན་ཏུ་གུད་པ་གསུངས་ཡོད་ལ། དེར་དམིགས་ནས་ར་མཉེ་དང་དབང་ལག ཨ་རུ་སོགས་ལས་བྱས་པའི་བདུད་རྩི་འོད་ལྡན་ཕྱེ་མས་རྒས་པ་གསོ་བའི་ཉམས་མྱོང་ཡང་དངོས་སུ་གསུངས་ཡོད་དོ།།
               གསུམ། རྒས་པའི་གསོ་ཐབས་གཞན་གྱི་བསམ་གཞིགས། དེ་ལྟར་གོང་སྨོས་ཀྱི་རྒྱུད་དང་བསྟན་བཅོས་ལས་མཐོང་བའི་རྒས་པའི་གསོ་ཚུལ་རྩ་དོན་དང་།རྒས་པར་རླུང་ལྷག་པར་ལྡང་བའམ་རྒས་པ་རླུང་མི་ཡིན་པའི་མཚན་ཉིད། དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་རྒན་པོ་རྣམས་ཀྱི་འཚོ་བའི་སྤུས་ཀ་དང་། ནད་ཐོག་ལག་ལེན་ལས་རྒྱུན་པར་མཐོང་མང་བའི་རྒས་པའི་ནད་རིགས། ད་དུང་རྒན་པོས་ཁོང་སྨན་བསྟེན་དྲགས་ན་སྨན་འཐུང་བར་སུན་སྣང་འབྱུང་བ་དང་ཕོ་བས་སྨན་ལེགས་པར་མི་འཇུ་བ་སོགས་ལ་གཞིགས་ཏེ་རྒས་པའི་གསོ་ཐབས་གཞན་ལ་བསམ་གཞིགས་བགྱིས་ན། རྒས་པ་གསོ་བར་《དཔལ་ལྡན་རྒྱུད་བཞི་》ལས་བསྟན་པའི་བཅུད་ལེན་སྨན་མར་གྱི་གསོ་ཐབས་ཕུད། གཞན་གསོ་ཐབས་ལག་ལེན་བཅོ་བརྒྱད་ལས་གཏར་ག་དང་མེ་བཙའ། དུགས། ལུམས། བྱུག་པ་བཅས་དཔྱད་སྡེ་ལྔའི་གསོ་ཐབས་གང་འཚམ་སྒོས་རྒས་པར་གསོ་བཅོས་བྱས་ན་ཕན་འབྲས་མི་དམན་པ་ལྡན་པ་སྟེ།
               1.གཏར་གའི་བཅོས་ཐབས། དཔྱད་སྡེ་ལྔའི་ནང་གསེས་གཏར་ག་ཞེས་པའི་གཏར་ནི་ཕུག་པའི་དོན་དང་ཁ་ནི་དོན་སྣོད་རང་རང་གི་རྩའི་གཏར་དམིགས་ཀྱི་སྟེང་དུ་གཙགས་བུས་ཕུག་ཅིང་ངན་ཁྲག་ཕྱིར་དབྱུང་བའི་ལམ་ཁ་གཏོད་པ་ལྟ་བུའི་དོན་ཡིན་ཏེ། གཏར་གས་ཁྲག་མཁྲིས་ཚ་བ་ལས་གྱུར་བའི་ནད་དམ་ཡང་ན་གཏར་རུང་བའི་ནད་རང་རང་གི་ནད་ཁྲག་འདུ་སའི་གཏར་དམིགས་སུ་གཙགས་བུས་གཤགས་ཏེ། སྡོད་རྩའམ་འཕར་རྩ་(ནད་ཐོག་ཏུ་འཕར་རྩ་གཏར་བ་ཤིན་ཏུ་ཉུང་)ཡི་ཁོངས་ནས་ནད་ཁྲག་དང་ཁྲག་གི་ནད་རླངས་ཕྱིར་བཏོན་པ་བརྒྱུད་དེ་རྩ་ནད་དང་ངན་ཁྲག་སྦྱོང་བ། གཟེར་ཟུག་གཅོག་པ། སྐྲངས་པ་འཇོམས་པ། རྣག་དང་ཆུ་སེར་གཅོད་པ་སོགས་མདོར་ན་ནད་དངོས་ཕྱིར་འདོན་པའི་སྒོ་ནས་ནད་གཞི་ཁག་ཅིག་གསོ་བཅོས་བྱེད་པའི་ཐབས་ཤེས་ལ་ཟེར།
               དེང་སྐབས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་རྒན་པོ་རྣམས་ལ་ཟས་དང་སྤྱོད་ལམ་གྱི་རྐྱེན་པས་ཁྲག་ཤེད་མཐོ་བ་དང་ཁྲག་ཞག་མཐོ་བ། དྲེག་གྲུམ་སོགས་ཁྲག་མཁྲིས་ཚ་ཤས་ཆེ་བའི་ནད་རིགས་བྱུང་དང་འབྱུང་བཞིན་ཡོད་ལ། ཁྲག་མཁྲིས་ཚ་བའི་བསྡོངས་ཟླ་ཡོད་པའི་རྒས་པའི་ནད་རིགས་ལ་གཏར་གས་གསོ་བཅོས་བྱས་ན་ཕན་སྐྱེད་ཡོད་པ་ནད་ཐོག་ལག་ལེན་དངོས་ཀྱི་ཁྲོད་མིག་མཐོང་ལག་ཟིན་ཡིན་ལ། རང་རེའི་བོད་ལུགས་གསོ་རིག་གི་གཞུང་ལུགས་ཀྱི་དགོངས་པའང་ཡིན་ཏེ། དཔེར་ན་ཟུངས་ཟད་མ་ཡིན་པའི་རྒན་པོར་ཁྲག་ཤེད་མཐོ་བའི་ནད་དང་ཁྲག་ཞག་མཐོ་བའི་ནད། དྲེག་ནད་བཅས་བྱུང་བར་ཁྲག་རྩ་ཁ་འབྱེད་ཙམ་གཏར་ནས་ནད་ཁྲག་དང་ཁྲག་གི་ནད་རླངས་ཕྱིར་དབྱུང་ན་ཕན་འབྲས་ཆེ་བར་མངོན་ཏེ། ཇི་སྐད་དུ། ཁྲག་ཚད་ཆུ་ལྟར་འཁོལ་བ་ལ།། ག་བུར་ཟས་སུ་ཟོས་པ་ལས།། ལྗི་བ་ཙམ་ཞིག་གཏར་བསྔགས།། ཞེས་ཚ་བ་དང་མཁྲིས་པའི་རྟེན་ཁྲག་གིས་བྱེད་པས་ཁྲག་ཐིགས་པ་ཙམ་ཞིག་གཏར་བས་ཀྱང་ཕན་ནུས་རྒྱ་ཆེན་པོ་ཡོད། ཡིན་ནའང་། 《དཔལ་ལྡན་ཕ་ཁོལ་གྱི་ཡན་ལག་བརྒྱད་པ་》ལས། “དེ་ཡང་བཅུ་དྲུག་མ་ལོན་དང་།། བདུན་བཅུ་འདས་པར་ཁྲག་མི་དབྱུང་།། དེ་བཞིན་ལས་ལྔ་བྱས་ལའང་མིན།།”⒄ཞེས་ལོ་བདུན་བཅུ་ལས་འདས་པའི་རྒན་པོར་གཏར་ག་མི་རུང་ཚུལ་ཚིག་ངོས་ནས་གསུངས་ཡོད་མོད། འོན་ཀྱང་ནད་ཐོག་ལག་ལེན་དངོས་ཀྱི་ཁྲོད་དུ་ཧ་ཅང་རྒས་པ་མ་ཡིན་པའི་རྒན་པོར་གཏར་ག་བརྒྱབ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ་ཕན་ནུས་ཀྱང་མངོན་གསལ་ཡིན་ཏེ། དེ་གཉིས་འགལ་ལམ་ཞེ་ན་མི་འགལ་ཏེ། སྤྱིར་གདོན་ཅན་དང་། ཟུངས་ཟད་པ། སྦྲུམ་མ་བཅས་ལ་གཏར་ག་མི་རུང་བར་གསུངས་ཡོད་མོད། དམིགས་བསལ་དུ་ནད་གཞི་གང་དེ་ལ་ཁྲག་དང་མཁྲིས་པའི་བསྡོངས་ཟླ་ཡོད་ན་ཁྲག་རྩ་ཁ་འབྱེད་ཙམ་གཏར་ནས་གསོ་བཅོས་བྱེད་དགོས་པ་《དཔལ་ལྡན་རྒྱུད་བཞི་》ཡི་དགོངས་པ་ཡིན། “བད་རླུང་ནད་ཀྱང་ཁྲག་མཁྲིས་བསྡོངས་ན་གཏར།།”⒅ཞེས་གསུངས་ཡོད། དེར་བརྟེན་རྒས་པ་ནི་རླུང་མི་དང་ལུས་ཟུངས་ཟད་པ་ཡིན་མོད། རྟེན་ནི་ཧ་ཅང་རྒས་པ་མ་ཡིན་པ་དང་ལུས་ཟུངས་བཟང་བར་ཁྲག་མཁྲིས་ཚ་བའི་བསྡོངས་ཟླ་ཡོད་པའི་རྒས་པའི་ནད་ཁྲག་ཤེད་མཐོ་བ་དང་ཁྲག་ཞག་མཐོ་བ། དྲེག་ནད་སོགས་བྱུང་བར་ནད་ཐོག་ལག་ལེན་དངོས་ཀྱི་ཁྲོད་དུ་དྲོད་བཅུད་ཟས་སྨན་གྱིས་ཉེས་པ་རླུང་གི་མགོ་གནོན་ཞོར་གཏར་གས་གསོ་བཅོས་བྱས་ན་ཕན་འབྲས་བརྗོད་མི་ལང་ངོ་།།
               2.མེ་བཙའི་བཅོས་ཐབས། སྤྱིར་མེ་བཙའ་ཞེས་པའི་མེ་ནི་གཙོ་བོ་ཚ་ཞིང་སྲེག་པའི་ཚུལ་གྱིས་ནད་འཇོམས་པའི་དྲོད་ལ་གོ་བ་དང་། བཙའ་ཞེས་པ་ནི་གསང་གནས་ཀྱི་སྟེང་དུ་འབབ་པའམ་འབྱར་བའི་ཚུལ་གྱིས་གནས་པ་ལ་བྱ་སྟེ། མེ་བཙའ་ནི་དོན་སྣོད་ཀྱི་གནས་དང་། ནད་ཀྱི་ཁམས། རྩ་དཀར་གྱི་གྱེས་ཚུལ་སོགས་སྨན་པས་ཕར་བཙལ་བའི་མེ་དམིགས་དང་ནད་ཀྱིས་ཚུར་བསྟན་པའི་ནད་དམིགས་སུ་སྤྲ་མེའམ་ཏེལ་བས་བཙོ་བསྲེག་བསྲོ་སྡིག་བཞིའི་ཐབས་ལ་བརྟེན་ནས་གྲང་བའི་ནད་སྟོབས་གཞོམ་པ་དང་། རླུང་གི་ལོག་པའི་རྒྱུ་ལམ་དགག་པ། ནད་སླར་མི་ལྡང་བའི་ལོག་གནོད་བྱེད་པ་སོགས་གསོ་དཀའ་བའི་ནད་རིགས་ཁག་ཅིག་གསོ་བཅོས་བྱེད་པའི་དཔྱད་ཀྱི་བཅོས་ཐབས་ཤིག་ལ་ཟེར།
               ན་ཚོད་རྒས་འགྱུར་གྱི་འགྲོས་དང་བསྟུན་ནས་རྒན་པོ་རྣམས་ལ་རྐང་ལག་གི་ཚིགས་མིག་ཏུ་ཆུ་སེར་གསོག་པའམ་རུས་འཛེར་སྐྱེས་ཏེ་འགུལ་བསྐྱོད་དཀའ་བ་དང་། མཁལ་རྐེད་ལ་འཁྱག་སྣང་སྐྱེས་ཏེ་དགྱེ་སྒུར་དཀའ་བ། མཚན་གཉིད་ཡེར་བ། སྙིང་ཁམས་མི་བདེ་བ། ཟས་ཀྱི་འཇུ་སྟོབས་ཆུང་བ་སོགས་རྒྱུན་མཐོང་གི་ནད་རིགས་མང་ལ།ནད་རིགས་དེ་དག་གསོ་བཅོས་བྱེད་སྐབས་མེ་བཙའི་དཔྱད་བཅོས་ནི་སྨན་པ་རྣམས་ཀྱིས་ཆེས་ཐོག་མར་འདེམས་པའི་གསོ་ཐབས་སུ་གྱུར་ཞིང་། གསོ་བཅོས་ཀྱི་ཕན་འབྲས་ཀྱང་མི་དམན་པ་ཞིག་ཐོན་གིན་ཡོད་དེ། སྤྲ་བ་དང་གསེར་དངུལ་སོགས་ཀྱི་ཏེལ་བ་ལ་མེ་བསྒོས་ནས་དེའི་རྒྱུ་ཡི་ནུས་པས་རླུང་གི་མཚན་ཉིད་ཀྱི་ཟུར་གྲང་བ་དང་བད་ཀན་མཚན་ཉིད་ཀྱི་ཟུར་བསིལ་བ་སོགས་བཅོམས་ཏེ་ཕྱི་འབྱུང་བའི་མེས་ནང་འབྱུང་བའི་མེ་ནུས་ཆེ་ཆེར་བཏང་ནས་ནད་གཞིར་ཕན་ཐོགས་པ་རེད། དཔེར་ན་རྒས་པ་ཟུངས་ཟད་རྒྱུན་པར་མཚན་གཉིད་ཡེར་བར་གོ་སྙོད་དང་ཛཱ་ཏི་སོགས་གང་མཁོའི་སྨན་རྫས་རྣམས་ཁྲམ་ཁྲོམ་ཙམ་བརྡུང་ནས་ཕྱེ་འཕུར་སྦྱར་བ་ཕྱིང་བའམ་སེང་རས་སོགས་ཀྱིས་རས་ཐུམ་བྱས་ཏེ་ཏིལ་མར་གྱི་ནང་མེ་ལ་བསྲོས་ནས་ཚོས་པར་བྱས་རྗེས་ཚ་དྲོད་རན་ཙམ་གྱིས་རླུང་གསང་ཁག་ལ་སྣུམ་དང་ལྷན་དུ་ཚ་དུགས་བྱས་ན། དེས་རླུང་གི་མཚན་ཉིད་ཀྱི་ཟུར་ཡང་གཡོ་དང་གྲང་བ་བཅས་འཇོམས་པར་བྱེད་ནུས་པས་གཉིད་མི་ཁུག་པ་མི་སྲིད་དོ།།
               3.དུགས་ཀྱི་བཅོས་ཐབས། དུགས་ཞེས་པ་ནི་བསིལ་དྲོད་ཀྱི་ནུས་པའི་སྟོབས་དང་ལྡན་པའི་དངོས་རྫས་སམ་དུགས་སུ་རུང་བའི་སྨན་རྫས་ཐད་ཀར་ན་ཟུག་ཡོད་ས་དང་། ཡང་ན་དེའི་ཉེ་འཁོར་དུ་སྦྱར་བའམ་གླན་ཏེ་ན་ཟུག་འཕྲལ་དུ་བཅག་ནས་ནད་སེལ་བར་བྱེད་པའི་འཇམ་དཔྱད་ཀྱི་རིགས་ཤིག་སྟེ། དུགས་དཔྱད་ལ་ཁྲག་མཁྲིས་ཚ་བའི་ནད་རིགས་བཅོས་པར་བསིལ་དུགས་དང་། བད་རླུང་གྲང་བའི་ནད་རིགས་བཅོས་པར་དྲོད་དུགས་ཞེས་དབྱེ་བ་རྣམ་པ་གཉིས་ཡོད་ལ། དེང་སྐབས་ནད་ཐོག་ལག་ལེན་ཁྲོད་སྤྱོད་མང་བའི་དུགས་ལ་ཚྭ་དུགས་དང་། རྡོ་དུགས། འབའ་དུགས། སྤུ་དུགས། སོ་ཕག་གི་དུགས་སོགས་ཡོད།
               རྒན་པོ་རྣམས་ལ་འབྱུང་མང་བའི་གོང་སྨྲས་ཀྱི་ནད་གཞི་དེ་དག་ལས་གཅིན་འགག་གི་ནད་དང་མ་ཞུ་བའི་ནད། དྲེག་གྲུམ། མཁལ་རྐེད་ན་བ་སོགས་ལ་ཚྭ་དུགས་དང་། རྡོ་དུགས། སྤུ་དུགས། སོ་ཕག་གི་དུགས་སོགས་རྒྱུད་ཀྱི་དགོངས་པ་བཞིན་ཚད་ལྡན་དུ་སྤྱད་དེ་གསོ་བཅོས་བྱས་ན། ནད་གསོ་དང་བདེ་སྲུང་གི་ཕན་འབྲས་མི་དམན་པ་ཡོད་དེ། དཔེར་ན་རྒན་པོ་རྣམས་ལ་གྲང་བ་དང་རླུང་གི་རྐྱེན་པས་གཅིན་འགག་ནད་འབྱུང་བར་རྒྱུ་ཞབས་སུ་འབའ་དུགས་དང་ཚྭ་དུགས་བྱས་ན་ཕན་འབྲས་དཔག་ཏུ་མེད་པ་འབྱུང་།《དཔལ་ལྡན་རྒྱུད་བཞི་》ལས། “དྲོད་དུགས་མ་ཞུ་གླང་ཐབས་ཚྭ་བསྲོས་དུགས།། ⒆ཞེས་དང་། མཁལ་རྐེད་གྲང་གཟེར་ཆུ་སྲི་སྦང་སྐམ་བདུག། བུ་བཙས་རྒྱུ་ཞབས་མཚང་ར་མཁལ་རྐེད་གཟེར།། བྱི་ས་ཤར་བལྟས་ཆང་བྲན་བསྲོས་པས་བདུག།”⒇ཞེས་པ། “རླུང་གཟེར་ཕྱིང་པ་སྣུམ་ལྡན་ཆུ་རྡོས་བདུག། མཁལ་རྐེད་གྲང་ལ་གཡི་སྤྱང་སྤུ་དུགས་བསྟེན།། ཕོ་བ་རྒྱུ་ལོང་གྲང་ལ་ལག་མཐིལ་བདུག། ཚིགས་སུལ་ཆུ་སེར་ཤག་མ་ཆང་བྲན་བདུག།” ﹙21﹚ཞེས་པ་སོགས་དུགས་ཀྱི་ནད་ཐོག་གསོ་བཅོས་ཀྱི་ཕན་འབྲས་བསྟན་ཡོད་ལ།དེང་སྐབས་ནད་ཐོག་ཏུ་དྲོད་དུགས་ཁག་ཅིག་གི་ཚབ་ཏུ་གློག་གི་དྲོད་ཆས་ཀྱིས་བསྲོས་ནས་གསོ་བཅོས་བྱེད་ཀྱིན་པའང་འདུག་ལ།དེང་རབས་གློག་ཆས་ཀྱི་དུགས་དང་སྲོལ་རྒྱུན་གྱི་དུགས་བསྟེན་ཚུལ་གཉིས་སོ་སོའི་སྤྱིའི་གནས་ལུགས་དང་ཕན་ནུས་ཐོན་ཚད་ཅུང་མི་འདྲ་བར་སྣང་སྙམ་སྟེ་བློ་གཟུ་བོར་གནས་པའི་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ།།
               4.ལུམས་ཀྱི་བཅོས་ཐབས། ལུམས་ཞེས་པ་ནི་བྱེད་ལས་ལ་བལྟོས་ནས་བཏགས་པའི་བསིལ་དྲོད་ཀྱི་ཚད་ངེས་ཅན་ཡོད་པའི་དངོས་རྫས་ཀྱིས་ལུས་དྲོས་པར་བྱེད་པའམ་ཤ་རུས་རྩ་གསེང་དུ་ཞེན་པའི་ནད་རླངས་དང་ཆུ་སེར་ལ་སོགས་བ་སྤུའི་བུ་ག་བརྒྱུད་དེ་རྔུལ་ཆུའི་ལམ་ནས་ནད་དངོས་ཕྱིར་འབྱིན་པའམ། ཡང་ན་སྨན་ནུས་བ་སྤུའི་བུ་ག་བརྒྱུད་ནས་ཐད་ཀར་ནད་སྟེང་དུ་འཕྲད་པ་དང་། སྲ་རེངས་གྱོང་བོར་གྱུར་བའི་ཆུ་རྒྱུས་སྨན་ལུམས་ཀྱི་དྲོད་ཀྱིས་བརླན་ཕབས་ཏེ་སྙི་ལ་མཉེན་པར་བྱས་ཏེ་ལུས་ལ་ཞེན་ནས་རྙིང་པར་གྱུར་བའི་ནད་གཞི་ཁག་ཅིག་འཇོམས་ནུས་པའི་དཔྱད་ཀྱི་བཅོས་ཐབས་ཤིག་ཡིན། ལུམས་དཔྱད་འདིས་ཡན་ལག་རེངས་འཁུམས་དང་། ཞ་བ། འབྲས་དང་ལྷོག་པ། རླུང་ནད་སོགས་ལ་མཆོག་ཏུ་ཕན་ཏེ། 《དཔལ་ལྡན་རྒྱུད་བཞི་》ལས། “ལུམས་ཀྱིས་ཚ་རླངས་ཆུ་སེར་བ་སྤུར་འདོན།། རླུང་འདུལ་སྐྲངས་འཇོམས་སྐེམ་པོ་ཤ་རྒྱས་བྱེད།།” ﹙22﹚ཅེས་དང་། “རུས་ཏྲེམ་ཚབས་ནད་མི་རུས་བ་སྤྲུའི་ལུམས།། རླུང་འཕྱོས་སྨྱོ་འབོག་ཚབས་རླུང་སྙིང་སྣའི་ལུམས།། རིམས་འཇུག་རྐང་དང་རུས་པ་ན་བ་ལ།། ཁྲུ་གང་འོག་ས་དྲི་ཆུར་བཙོས་པའི་ལུམས།། རུས་ཚིགས་གཟེར་ན་རུས་སྣ་ཆང་བཙོས་ལུམས།། རླུང་སྐྲངས་འབའ་ཆ་ཆང་དུ་བཙོས་པའི་ལུམས།།” ﹙23﹚ཞེས་གྲུམ་བུ་དང་རླུང་འཕྱོས། རུས་ཚིགས་གཟེར་བ་སོགས་ཕྱི་ལུགས་གསོ་རིག་གིས་བཅོས་དཀའ་བའི་ནད་རིགས་འགའ་ཞིག་ལ་ཕན་འབྲས་མངོན་གསལ་ཐོན་གྱིན་ཡོད་ལ། གཞན་རྒས་ཀ་སྲ་ཞིང་ཚིགས་རྣམས་བརྟན་པ་དང་། དབང་བོ་དང་དྲན་པ་གསལ་བ། བློ་རྣོ་བ། ལུས་སྟོབས་བསྐྱེད་པ་སོགས་ཚེ་རིང་བཅུད་ལེན་དུའང་འགྲོ་བས། ལུམས་ཀྱི་བཅོས་ཐབས་འདི་ཉིད་རྒས་པའི་གསོ་ཐབས་ལའང་མཆོག་ཏུ་ཕན་ནོ།།
               5. བྱུག་པའི་བཅོས་ཐབས། དཔྱད་སྡེ་ལྔའི་ཡ་གྱལ་བྱུག་པ་ཞེས་པ་ནི་ན་གནས་སམ་གསང་དམིགས་ཀྱི་སྟེང་དུ་མར་དང་ཞུན་མར་སོགས་གང་མཁོའི་སྣུམ་རིགས་ལུས་སྟེང་ལ་བྱུག་པ་དང་འཕུར་མཉེ་བྱེད་པ།ཕྱི་བ་བཅས་ཀྱི་ཐབས་ལ་བརྟེན་ནས་ནད་གཞི་ཁག་ཅིག་གསོ་བཅོས་བྱེད་པའི་དཔྱད་ཀྱི་བཅོས་ཐབས་ཤིག་ཡིན་ཏེ། བོད་ལུགས་གསོ་རིག་གི་བྱུག་བཅོས་སུ་ཐོག་མར་སྣུམ་རིགས་བྱུག་པ་དང་། བར་དུ་ཆུ་རྒྱུས་མཉེ་བ། མཐའ་མར་ཕྱི་བ་སྟེ་བྱུག་མཉེ་ཕྱི་གསུམ་ཞེས་གོ་རིམ་གྱི་སྒོ་ནས་བསྟན་ཡོད་པ་དང་། བྱུག་པ་ཆ་ཚང་ཞིག་ཡིན་ཚེ་བྱུག་མཉེ་ཕྱི་གསུམ་གྱི་གོ་རིམ་གསུམ་ངེས་པར་དུ་འཛོམས་དགོས་ཏེ། ཐོག་མར་ཞུན་མར་རམ་སྨན་རྫས་རྣམས་སྣུམ་རིགས་དང་འདྲེས་པར་བྱུག་པས་ནད་རྣམས་ཀུན་གྱི་སྣ་འདྲེན་རླུང་ཁ་གནོན་པ་ཐུབ་པ་དང་། བར་དུ་འཕུར་མཉེ་བྱས་ཏེ་ཉི་མའམ་དྲོད་ལ་བསྲོས་པས་སྨན་ནུས་མྱུར་བར་བ་སྤུའི་བུ་ག་བརྒྱུད་དེ་ནད་སྟེང་དུ་སླེབས་ཐུབ་ཅིང་ལུས་ཁམས་ཀྱི་ཁྲག་རྒྱུན་འཁོར་རྒྱུག་ལ་སྐུལ་འདེད་དང་ཤ་གྲིམས་དང་ཆུ་རྒྱུས་བརྐྱང་འཁུམ་གྱི་ནུས་པ་མཐོར་འདེགས་གཏོང་ཐུབ་པ། ཤ་པགས་འཇམ་མཉེན་དུ་འགྲོ་བའི་ནུས་པ་ལྡན། མཐའ་མར་སྲན་ཕྱེ་སོགས་ངོ་བོ་རྩུབ་པའི་རྫས་ཀྱིས་དྲིལ་ཕྱི་བྱས་པས་བ་སྤུའི་བུ་གར་ལུས་པའི་སྣུམ་རིགས་དག་ནས་བད་ཀན་སེལ་ཏེ་ཉེས་པ་གཞན་མི་ལྡང་བར་བྱེད་པའི་ཐབས་ལམ་བརྒྱུད་ནས་གཙོ་ཆེར་རླུང་གི་ནད་རིགས་འཇོམས་པ་དང་། ཚེ་བསྲིང་བ། རྒས་ཀ་སྲ་བར་བྱེད་པའི་འཇམ་དཔྱད་ཀྱི་གསོ་ཐབས་ཤིག་ཡིན། ལྷག་པར་དུ་བྱུག་པའི་སྨན་རྒྱུའམ་བསྐུ་བྱེད་གཙོ་བོ་སྣུམ་རིགས་ལ་ལྟོས་ནས་དེའི་ངོ་བོ་དང་ནུས་པ་སྣུམ་ལ་དྲོ་བའི་རང་བཞིན་ལྡན་པས་ཉེས་པ་རླུང་གི་མཚན་ཉིད་ཀྱི་ཟུར་རྩུབ་ཅིང་ཡང་བ་དང་། གྲང་ཞིང་ཕྲ་བ། སྲ་ཞིང་གཡོ་བ་བཅས་དྲུག་རྣམས་ལྡང་ཚད་ལས་ལྷག་པར་འཕེལ་བའམ་ཟད་པ། ཡང་ན་འཁྲུགས་པའི་ངོ་བོ་ཆ་སྙོམས་ཏེ་རང་གནས་ཐ་མལ་དུ་འཇོག་ཐུབ་ལ།དེས་ལུས་ཀྱི་བཅུད་ཟད་ནས་ཤ་པགས་རྩུབ་པོར་ཆགས་པ་དང་། ལུས་སྟོབས་ཉམས་པ་སྟེ་རྒས་པ། གཉིད་མེད་པ་སོགས་རླུང་ནད་ཀུན་ལ་བསྔགས་པ་ཡིན་ཏེ། 《དཔལ་ལྡན་རྒྱུད་བཞི་》ལས། “རུང་བ་ལུས་རྩུབ་ཁྲག་དང་ཁུ་བ་ཟད།།སྟོབས་ཆུང་རྒས་དང་མྱ་ངན་སེམས་ལས་ཆེ།། མིག་འགྲིབ་གཉིད་རྩོལ་བས་དུབ་པ་དང་།། རླུང་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ།།” ﹙24﹚ཞེས་དང་། “རླུང་གི་ནད་ལ་བསྐུ་མཉེ་འཇམ་རྩི་མཆོག།།” ﹙25﹚ཞེས་གསུངས་ཡོད། དེར་བརྟེན་རྒས་པ་རླུང་མིའི་ཕྱིའི་པགས་པ་རྩུབ་པོར་ཆགས་པ་དང་མཚན་གཉིད་ཡེར་བ། ཀླད་ཁྲག་འགག་པ་སོགས་ཁྲག་རྩའི་འཁོར་རྒྱུག་ཉམས་པ། དབང་པོ་མི་གསལ་བ། རྐང་ལག་གི་བརྐྱང་བསྐུམ་གྱི་བྱ་བ་ཉམས་པ་སོགས་ལ་བོད་ལུགས་གསོ་རིག་གི་བྱུག་པའི་དཔྱད་བཅོས་འདི་ཉིད་ཤིན་ཏུ་ཕན་པ་ནད་ཐོག་ལག་ལེན་དངོས་ཀྱི་སྟེང་ནས་མྱོང་བས་གྲུབ་བོ།།
               མདོར་ན། རྒས་པའི་གསོ་ཐབས་ལ་དཔལ་ལྡན་རྒྱུད་བཞི་ལས་བསྟན་པའི་བཅུད་ལེན་སྨན་མར་གྱི་གསོ་ཐབས་ཕུད། གཞན་གསོ་ཐབས་ལག་ལེན་བཅོ་བརྒྱད་ལས་གཏར་ག་དང་མེ་བཙའ། དུགས། ལུམས། བྱུག་པ་བཅས་དཔྱད་སྡེ་ལྔའི་གསོ་ཐབས་ཡང་ནད་ཐོག་ལག་དངོས་ཀྱི་ཁྲོད་གང་ལ་གང་འཚམ་སྒོས་རིག་པས་དཔྱད་དེ་རྒས་པའི་གསོ་བཅོས་སུ་སྤྱད་ན། འབྱུང་འགྱུར་རྒན་པོ་རྣམས་ཀྱི་ཚེ་ལོ་མཐར་ཕྱིན་པ་དང་ཚེ་མཇུག་གི་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐུབ་བོ།།
མཆན་འགྲེལ།
               ① མི་འབོར་གྱི་ན་ཚོད་རྒས་འགྱུར་(人口老龄化)ནི་སྤྱི་ཚོགས་ཀྱི་མི་འབོར་སྐྱེས་ཚད་དང་ཤི་ཚད་མཐོ་བའི་ན་གཞོན་གྱི་མི་ཚོགས་ནས་སྐྱེས་ཚད་དང་ཤི་ཚད་དམའ་བའི་རྒས་པའི་མི་འབོར་རུ་འགྱུར་འགྲོ་བའི་བརྒྱུད་རིམ་ལ་ཟེར།
               ② བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བསྒྲིགས། 《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ》 པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2006.9 p.136-137
               ③ གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.104
               ④ སྐྱེམ་པ་ཚེ་དབང་། 《སྐྱེམ་འགྲེལ》 པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2006.7 p.216-217
               ⑤ གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.29
               ⑥⑦⑧གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.650、 p.56、 p.64
               ⑨⑩ གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.47、 p.182
               ⑾ སློབ་དཔོན་ཀླུ་སྒྲུབ། 《གསང་ཏིག་སྒྲོན་མ》 པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2012.4 p.548-549
               ⑿ བྱང་བ་རྣམ་རྒྱལ་གྲགས་བཟང་། 《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ》 པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2004.7 p.471
               ⒀⒁ གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.640、p.609
               ⒂⒃ དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། 《དར་མོ་སྨན་རམས་པའི་སྨན་ཡིག་གཅེས་བསྡུས》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010.7 p.49、p.50
               ⒄ དཔལ་ལྡན་ཕ་ཁོལ། 《ཡན་ལག་བརྒྱད་པ》 པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2006.5 p.239
               ⒅ གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.628
               ⒆⒇﹙21﹚གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.638、p.638、p.638
               ﹙22﹚﹙23﹚﹙24﹚གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.640、p.640
               ﹙25﹚གཡུ་ཐོག་ཡོན་ཏན་མགོན་པོ། 《རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 p.640、p.654

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1