​འཛམ་ཐང་རྫོང་གི་འཕོ་འགྱུར་དང་ལོ་ངོ་བདུན་ཅུ།

མགོན་པོ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-16



      ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70ལོན་པའི་རིང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཐུགས་ཁུར་ཟོལ་མེད་དང་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་དང་། འཛམ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མི་རབས་སོ་སོའི་འགོ་ཁྲིད་རྣམས་ཀྱིས། མི་རིགས་སོ་སོའི་རྒན་དར་གཞོན་གསུམ་གྱི་འདབས་ནས་སྐྱོར་ཏེ། དཀའ་སྤྱད་ཁུར་དུ་འཁྱེར་ནས་ཉིན་ལས་ཉིན་ཐུང་ཞིང་མཚན་ལས་མཚན་ཐུང་བར་བྱས་ཤིང་། མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ནས་མདུན་དུ་བསྐྱོད། དེ་ལྟར་མི་ལྡོག་བརྟན་པའི་འབད་བརྩོན་གྱི་གོ་ཆ་བགོས་པའི་མཐུ་ལས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་།


      དེང་སང་། འཛམ་ཐང་རྫོང་གི་དཔལ་འབྱོར་གྱི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཆེས་ཆེར་འཕར་བ་དང་། རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་སོང་ཞིང་། ཐོན་ལས་འཕེལ་རྒྱས་ཆེས་ཆེར་དར་ལ་རྫོང་མཁར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་ཁང་ཁྱིམ་ལ་འཕོ་འགྱུར་ཆེན་པོ་བྱུང་། གཞན་ཡང་། དམངས་འཚོའི་ལས་དོན་དབྱར་མཚོ་ལྟར་རྒྱས་ཤིང་བསྒྱུར་བཅོས་སྒོ་འབྱེད་ཀྱི་དགའ་སྟོན་ཡོ་ལང་རྣམ་པར་འཁྲིགས་པར་མ་ཟད། མི་རིགས་སོ་སོའི་མི་དམངས་ཀུན་གྱིས་འཆམ་མཐུན་དང་། ལུས་བདེ་སེམས་སྐྱིད་ཀྱི་འཚོ་བས་ཡིད་སེམས་ཀུན་ནས་ཚིམས།


     ལོ་ངོ་70ཡི་གཡུར་དུ་ཟ་བའི་གྲུབ་འབྲས་ནི་གུས་རྟག་བརྩོན་པ་མ་བཏང་བའི་འབྲས་བུ་ཡིན་པ་བསྙོན་དུ་མེད། འབད་བརྩོན་མེད་ན་འཕོ་འགྱུར་མེད། འཕོ་འགྱུར་མེད་ན་བདེ་སྐྱིད་ཀྱི་འཚོ་བ་རོལ་ག་ལ་ཐུབ། དེ་བས། ང་ཚོས་འཛམ་ཐང་རྫོང་གི་ལོ་ངོ་70རིང་གི་འཕོ་འགྱུར་གྲངས་ཀ་ལས་ཤེས་ཐུབ་སྟེ། རྫོང་དབུ་བརྙེས་པའི་དུས་མགོར། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་0.15ཡིན་པ་དང་། སྤྱི་ལོ་2018ལོར། སྒོར་དུང་ཕྱུར་9.4ལྷག་ཡིན་པས་ལྡབ་63ཙམ་འཕར་བ་རེད། སྤྱི་ལོ་2018ལོའི་བར་དུ། རྫོང་མཁར་དང་ཡུལ་ཚོའི་མི་རྣམས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་33491དང་10482ཡིན། འགྲིམ་འགྲུལ་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་པས་དངོས་ཤུགས་བརྒྱུད་གསུམ་ནས་འགྲིམ་འགྲུལ་འཛུགས་སྐྲུན་བྱས་པས་འགྲོ་འོང་ལ་སྟབས་བདེ་བཟོས། རྫོང་དབུ་བརྙེས་པའི་དུས་མགོར། སློབ་གྲྭ་ཚད་ལྡན་གཅིག་ཀྱང་མེད་པས། སྤྱི་ལོ་2019སླེབས་པ་ན་སློབ་ཆུང་དང་བྱིས་གཉོར་ཁང་59བསྐྲུན་ཅིང་། སྔ་ཕྱིར་སློབ་མ་9659ལྷག་གསོ་སྐྱོང་བྱས། ད་ལྟའི་བར་དུ། རྫོང་ཡོངས་ཀྱི་ཁྱིམ་ཚང་1785དང་མི་གྲངས་8614ལྷག་གི་དབུལ་ཞིང་ཕོངས་པའི་འཚོ་བ་མཐར་བསྐྲད་ནས། དབུལ་ཕོངས་ཀྱི་འཚོ་བ་བརྒྱ་ཆ་26.6ནས་བརྒྱ་ཆ་4.4རུ་མར་ཆག རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་ཕྱིན་པས། བདེ་སྐྱིད་དང་ཐོབ་བྱའི་ཚོར་སྣང་གིས་ཕྱུར་བུ་གཏམས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1