ཟླ9བའི་ཚེས12ཉིན། ཞི་ཅིན་ཕིང་གིས་པེ་ཅིན་ཞང་ཧྲན་གསར་བརྗེ་རྗེས་དྲན་ས་ཆར་གཟིགས་ཞིབ་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྔ་གཞུག་ཏུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཆེད་དུ་ཀྲུང་གུང་ཀྲུང་དབྱང་པེ་ཅིན་ཞང་ཧྲན་གསར་བརྗེ་རྗེས་དྲན་ས་ཆར་ཕེབས་ནས། ཧྲུང་ཆིན་གཞིས་ཁང་དང་ལའེ་ཆིན་ཞོན་སོགས་གསར་བརྗེ་གནས་ས་རྙིང་པ་དང་ཞང་ཧྲན་གསར་བརྗེ་རྗེས་དྲན་ཁང་བཅས་ལ་གཟིགས་སྐོར་མཛད་པ་མ་ཟད། ཀྲུང་གོ་གསར་བའི་རྨང་གཞི་འདིང་བའི་བརྗོད་དོན་འགྲེམ་སྟོན་ལ་བལྟས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁ་ལེན་པ་དང་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འོད་སྟོང་འབར་བའི་ལོ་རྒྱུས་དང་། བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་སྔོན་རབས་པའི་བླ་མེད་བྱས་རྗེས་ལ་ཕྱིར་དྲན་མཛད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་གསར་སྤེལ་གསར་གཏོད་བྱེད་པ། ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བརྒྱུད་དེ། ཡིད་ཆེས་བརྟན་པོས་མུ་མཐུད་དུ་ཀྲུང་གོ་གསར་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བྱ་འགུལ་ལ་ཞུགས།
ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀྲུང་ནན་ཧའེ་ནས་རླངས་འཁོར་ལ་བསྡད་དེ་པེ་ཅིན་གྲོང་ཁྱེར་ཕྱི་རོལ་ནུབ་ཁུལ་གྱི་ཧྲུང་ཆིན་གཞིས་ཁང་དུ་ཕེབས་ནས། བློ་མཐུན་མའོ་ཙེ་ཏུང་གི་དེ་དུས་ཀྱི་གཞུང་སྒྲུབ་བྱེད་ས་དང་སྡོད་སར་གཟིགས་ཞིབ་མཛད། ཧྲུང་ཆིན་གཞིས་ཁང་དུ་ཞི་ཅིན་ཕིང་གིས་གཟིགས་ཞིབ་ཞིབ་མོ་མཛད་པ་དང་། ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་མོར་དྲིས་པ་མ་ཟད། གཞིས་ཁང་གི་སྲུང་སྐྱོབ་དང་ཞིག་གསོ། རིག་དངོས་སྲུང་སྐྱོབ་བཅས་ཀྱི་ཐད་ཡིད་ཚིམ་པའི་ཚུལ་བསྟན།
དེའི་རྗེས། ཞི་ཅིན་ཕིང་གིས་ལའེ་ཆིན་ཞོན་དུ་ཕེབས་ནས། བློ་མཐུན་ཀྲུའུ་ཏི་དང་ལིག་ཧྲའོ་ཆི། ཀྲིག་ཨིན་ལའེ། རིན་པིས་ཧྲི་བཅས་ཀྱི་གཞུང་སྒྲུབ་བྱེད་ས་དང་སྡོད་སར་གཟིགས་སྐོར་མཛད་པ་དང་། ཚང་མ་དང་མཉམ་དུ་གསར་བརྗེ་སྔོན་རབས་པས་སྔོན་ཆད་ཞང་ཧྲན་དུ་བྱ་བ་བསྒྲུབ་པ་དང་འཚོ་བ་རོལ་བའི་གནས་ཚུལ་ལ་ཕྱིར་དྲན་བྱས།
ཞང་ཧྲན་འདབས་ཀྱི་ཞང་ཧྲན་གསར་བརྗེ་རྗེས་དྲན་ཁང་དུ། ཞི་ཅིན་ཕིང་གིས་ཀྲུང་གོ་གསར་བའི་རྩིག་རྨང་འདིང་བ་དང་ཀྲུང་གུང་ཀྲུང་དབྱང་པེ་ཅིན་ཞང་ཧྲན་དུ་ཡོད་ཞེས་པའི་བརྗོད་དོན་འགྲེམ་སྟོན་ལ་གཟིགས་སྐོར་མཛད་པ་དང་། རྗེས་དྲན་ཁང་གི་སྡེ་ཚན་རེ་རེའི་འགྲེལ་བཤད་ལ་ཞིབ་མོར་ཉན།
གཟིགས་སྐོར་མཇུག་རྫོགས་རྗེས། ཞི་ཅིན་ཕིང་གིས་རྗེས་དྲན་ཁང་དུ་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། 1949ལོའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་དང་བློ་མཐུན་མོ་ཙེ་ཏུང་ཞི་པོ་ཕོ་དང་ཁ་བྲལ་ནས་པེ་ཅིན་དུ་ཐོན་པ་དང་། ཚེས་ཉེར་ལྔ་ཉིན་པེ་ཅིན་ཞང་ཧྲན་དུ་བཅའ་སྡོད་བྱས་ཏེ། ཏང་ཀྲུང་དབྱང་གི་གནས་གཞི་རུ་གྱུར། ས་འདི་རུ། བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཏི་གཉིས་ཀྱིས་རྒྱལ་ཡོངས་ལ་དཔུང་སྐྱོད་བྱེད་པའི་བཀའ་ཕབ་པ་དང་། འབྲི་ཆུ་བརྒལ་ནས་ཀྲུང་གོ་ཡོངས་བཅིངས་འགྲིལ་གཏོང་བའི་རླབས་ཆེན་གྱི་འབོད་སྐུལ་བཏང་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཤིང་རུལ་རྩྭ་སྐམ་གཏོར་བ་ལྟ་བུའི་རྣམ་པས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་དམག་སྐྱོད་བྱས་ནས། གུང་མིན་ཏང་གིས་སྐམ་སར་དབང་སྒྱུར་བ་མཇུག་བསྒྲིལ། ས་དེ་རུ། བློ་མཐུན་མའོ་ཙེ་ཏུང་གིས་མི་དམངས་དམངས་གཙོ་ཆེད་ཇུས་གླེང་བ་ཞེས་པ་སྤེལ་ནས། ཀྲུང་གོ་གསར་བ་འཛུགས་པའི་ཐད་གཞུང་ལུགས་ཀྱི་རྨང་གཞི་དང་སྲིད་ཇུས་ཀྱི་རྨང་གཞི་བཏིངས། ས་དེ་རུ། ཀྲུང་གུང་ཀྲུང་དབྱང་དང་དམངས་གཙོ་ཏང་ཁག་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་མཉམ་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ལ་གྲ་སྒྲིག་བྱས་པ་དང་། གནས་སྐབས་ཀྱི་རྩ་ཁྲིམས་ནུས་པ་འདོན་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་ཐུན་མོང་གི་རྩ་འཛིན་གཏན་འབེབས་བྱས་པར་མ་ཟད་གྲོས་འཆམ་བྱུང་ལ། ཀྲུང་གོ་གསར་བའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་སྲིད་ཇུས་ལམ་ལུགས་གཏན་ཁེལ་བྱས་པ་དང་། གཞི་རྩའི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་བྱས་ལ། ཀྲུང་གོ་གསར་བ་འཛུགས་པའི་རླབས་ཆེན་གྱི་འཆར་གཞི་བྲིས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་པེ་ཅིན་ཞང་ཧྲན་ནས་ལོ་ཕྱེད་ཙམ་ལ་མ་གཏོགས་བཅའ་སྡོད་མ་བྱས་ན་ཡང་། ས་དེ་ང་ཚོ་ཏང་གིས་བཅིངས་འགྲོལ་དམག་འཁྲུག་གི་འགོ་ཁྲིད་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁ་ལེན་པ་དང་། དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ཐད་ནས་རླབས་ཆེན་གྱི་རྒྱལ་ཁ་ལེན་པའི་སྤྱིའི་བཀོད་འདོམས་པུའུ་ཡིན་ལ། ཀྲུང་གོའི་གསར་བརྗེའི་ལྟེ་གནས་དེ་ཞིང་སྡེ་ནས་གྲོང་ཁྱེར་དུ་བསྐྱོད་པའི་མཚོན་རྟགས་གལ་ཆེན་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གོ་གནས་ཧ་ཅང་གལ་ཆེན་ཡོད་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ལོ་རྒྱུས་དེར་ཕྱིར་དྲན་བྱེད་པ་ནི། གསར་བརྗེ་སྔོན་རབས་པའི་གསར་བརྗེ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་ཕོད་པ། མདུན་བསྐྱོད་ལམ་བུ་སྟེང་གི་དཀའ་ཁག་དང་ཉེན་ཁ་སྣ་ཚོགས་མཐའ་གཅིག་ཏུ་ཁྱད་སེལ་བྱས་ཏེ། ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་མུ་མཐུད་དུ་དཀའ་སྤྱད་མདུན་བསྐྱོད་བྱེད་ཐུབ་པར་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་ལོ་རྒྱུས་དེར་ཕྱིར་དྲན་བྱེད་པ་ནི། གསར་བརྗེ་སྔོན་རབས་པའི་ཁེངས་སྐྱུང་དང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་ཀྱི་ཕུལ་བྱུང་སྤྱོད་ཚུལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། འབད་འཐབ་ཆེན་པོས་གྲུབ་འབྲས་ཆེན་པོ་ལེན་པའི་གསར་སྤེལ་སྙིང་སྟོབས་ནམ་ཡང་སྲུང་འཛིན་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། རིག་ལམ་གསལ་བོ་དང་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་རྒྱུགས་ལན་འདེབ་དགོས་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་འཛམ་གླིང་རྙིང་བ་གཏོར་བར་མཁས་པར་མ་ཟད་འཛམ་གླིང་གསར་བ་ཞིག་འཛུགས་པར་ཧ་ཅང་མཁས་པ་ར་སྤྲོད་གང་ལེགས་བྱེད་ཐུབ། མ་འོངས་བར་རྒྱང་ལྟ་བྱས་ན། ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་ཧ་ཅང་བཟང་ཟེར།
ཏིང་ཞུའེ་ཞང་དང་ཁྲིན་ཞི། ཚའེ་ཆི། ཡོའུ་ཆོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་། པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་ལྟ་ཞིབ་བྱས།