ཀྲུའུ་ཡུང་ཞིན་གྱིས་བརྩམས།རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།
སློབ་གསོ་དོན་ངོ་མར་ཇི་ལྟར་སྤེལ་དགོས་སམ། འགྱུར་བ་འཛིན་དགོས་སམ་མི་འགྱུར་བ་འཛིན་དགོས། འདི་ནི་དེང་སྐབས་ང་ཚོས་ཁ་གཏོད་སའི་ཧ་ཅང་གནད་འགག་གི་གནད་དོན་ཞིག་རེད།
སློབ་གསོ་ཇི་ལྟར་སྤེལ་ནའང་དོན་དག་གཉིས་ཡོད་དེ། གཅིག་ནི་དྲང་གཞག་ཡིན། སྤྱི་ཚོགས་སྟངས་འཛིན་ཅན་དང་སྲིད་གཞུང་སྟངས་འཛིན་ཅན་གྱི་སློབ་གསོ་ཞིག་ཡིན་ན་རྟག་ཏུ་སློབ་གསོ་དྲང་གཞག་གི་གནད་དོན་ཐག་གིས་གཅོད་དགོས་ཏེ། ཇི་ལྟར་ཡར་ཐོན་ཡིན་ན་དེ་ལྟར་དྲང་གཞག་གི་གནད་དོན་ཐག་གིས་གཅོད་དགོས། ང་ཚོས་དེང་སྐབས་དེ་འདྲའི་ལག་རྩལ་ཐབས་ཤེས་སྤྱད་པ་ནི་ཚད་ཐིག་མཐོ་ཤོས་ཀྱི་སྟེང་ནས་སློབ་གསོའི་དྲང་གཞག་གི་གནད་དོན་ཐག་གིས་གཅོད་ཆེད་ཡིན། གཉིས་ནི་སྣོད་བསྟུན་སློབ་ཁྲིད་ཡིན། ད་ལྟའི་སློབ་གསོའི་ལག་རྩལ་ནི་ཚད་ཐིག་མཐོ་ཤོས་ཀྱི་སྟེང་ནས་སྣོད་བསྟུན་སློབ་ཁྲིད་ཀྱི་གནད་དོན་ཐག་གིས་གཅོད་ཆེད་ཡིན། ང་ཚོའི་སྲོལ་རྒྱུན་སློབ་གསོ་དང་ལྷག་པར་དུ་བཟོ་ལས་ཅན་གྱི་རྒྱབ་ལྗོངས་འོག་གི་དེང་རབས་སློབ་གསོའི་ལམ་ལུགས་ཀྱི་སྐྱོན་འཛུགས་ས་ཆེ་ཤོས་ནི་མིའི་རང་བཞིན་སྣང་མེད་དུ་བཞག་པ་དང་། ཁུང་ཙིའི་དུས་སྐབས་ནས་འབོད་སྐུལ་བཏང་བའི་སྣོད་བསྟུན་སློབ་ཁྲིད་སྣང་མེད་དུ་བཞག་པ་དེ་རེད། དེ་ནི་སློབ་གསོའི་སྤུས་ཀའི་གནད་དོན་རེད།
དྲང་གཞག་དང་སྤུས་ཀ་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ་མི་འགྱུར་བའི་སློབ་གསོའི་དོན་རྩ་ཡིན།
སློབ་གསོས་དོན་ངོ་མར་གང་ཞིག་འཛིན་དགོས་སམ། ཆེས་རྩ་བ་ནི་མི་དང་མིའི་བདེ་སྐྱིད་ཀྱི་གནད་དོན་ཐག་གིས་གཅོད་རྒྱུ་དེ་རེད། སློབ་གསོས་མི་ལ་བདེ་སྐྱིད་བསྐྲུན་དགོས། ངས་བསམས་ན་འདི་ནི་སློབ་གསོའི་མི་འགྱུར་བའི་ཡུན་བརྟན་གྱི་དོན་རྩ་རེད། དོན་རྩ་འདི་ཉིད་བཟུང་ན་འགྱུར་བ་ལ་ཁ་ཕྱོགས་ཡོད་ཅིང་དེ་ལས་ལྡོག་ན་འགྱུར་བ་ལ་ཁ་ཕྱོགས་མེད་པར་ཉོག་འགྲོ་བ་ཡིན་ནོ། ། ང་ཚོའི་སློབ་གསོ་གསར་བས་ཚེ་སྲོག་གསར་བའི་སློབ་གསོ་ཟེར་བའི་བསླབ་ཚན་ཞིག་ཚོད་ལྟ་གསར་འདོན་བྱས་ནས། མིའི་ཚེ་སྲོག་ནི་ཕྱོགས་གསུམ་དུ་བགོས་ཡོད་པ་སྟེ། ཚེ་སྲོག་གི་རིང་ཚད་དང་ཟབ་ཚད། མཐོ་ཚད་བཅས་ཡིན།
མི་ཅིའི་ཕྱིར་དུ་གསོན་དགོས་པ་ཡིན། ཚེ་སྲོག་གི་དོན་སྙིང་གང་དུ་ཡོད་པ་ཡིན། ལག་རྩལ་འདི་དག་གིས་ང་ཚོར་དོན་སྙིང་སྩོལ་ཐུབ་བམ་མི་ཐུབ། འགྱུར་བ་འབྱུང་བཞིན་པའི་བྱ་དངོས་ཀྱིས་ང་ཚོར་དོན་སྙིང་སྩོལ་ཐུབ་བམ་མི་ཐུབ། ཧ་ལམ་དཀའ་བའི་གནས་རེད། སློབ་གསོ་ནི་ནམ་ཡང་ལག་རྩལ་གྱིས་མགོ་རྟིང་སློག་པའི་གནས་ལུགས་འགངས་ཆེན་ཞིག་ཡིན་མི་སྲིད་པར་མི་སེམས་ལ་བསྟུན་པ་རེད། མིའི་ནང་སེམས་འཇིག་རྟེན་གྱི་འབྱོར་ཕྱུག་དང་ཕུན་ཚོགས་དེ་ལག་རྩལ་གྱིས་ནམ་ཡང་ཡོངས་སུ་ཐག་གཅོད་པ་ནི་ཁག་པོ་རེད།
ང་ཚོའི་སློབ་གསོས་ཐག་གིས་གཅོད་དགོས་པའི་ཆེས་གནད་འགག་གི་གནད་དོན་ཞིག་ནི་ཚེ་སྲོག་གི་ཟུར་གསུམ་ནས་བརྩམས་ཏེ། ཚུལ་ཇི་ལྟར་བྱིས་པ་ཚོས་བདེ་འཇགས་དང་བདེ་ཐང་། སྲུང་སྐྱོབ། རོགས་སྐྱོབ། བདེ་སྲུང་། ལུས་རྩལ་རྟོགས་སུ་འཇུག་པ་དང་གོམས་གཤིས་བཟང་པོ་ཆགས་པར་རོགས་རམ་བྱེད་པ། ཚུལ་ཇི་ལྟར་བྱིས་པ་ཚོས་མི་དང་འབྲེལ་བ་བྱེད་ལུགས་རྟོགས་པ་དང་ཀུན་གྱིས་དགའ་བསུ་ཐོབ་པའི་མི་ཞིག་བྱེད་པ། དེ་བཞིན་དུ་བྱིས་པ་ཚོར་བསམ་པའི་འཚོ་བས་ཡིད་ཚིམས་པར་བགྱིས་ཏེ་བསམ་པའི་ཡུལ་ལྗོངས་ཉམས་སུ་མྱང་རྒྱུ་སོགས་ངེས་སུ་འཇུག་དགོས།
བདེ་སྐྱིད་ཁོ་ན་ལྡན་པས་ཀྱང་འཐུས་པ་ཞིག་ཁྱོན་ནས་མིན། སློབ་གསོས་ཚད་གཞི་མཐོ་ཤོས་ཤིག་གི་སྟེང་ནས་མི་ཉིད་སྐྱེ་དངོས་ཀྱི་མི་ཞིག་ནས་སྤྱི་ཚོགས་ཀྱི་མི་ཞིག་ཏུ་འགྱུར་བ་གཏོང་བ་དང་། དེ་བཞིན་ཤིན་ཏུ་གལ་ཆེ་བའི་གཏད་ཕྱོགས་ཤིག་ཡོད་པ་ནི་མི་ཉིད་བདག་ཉིད་དུ་གོ་བར་བྱེད་པ་དེ་རེད། སློབ་གསོས་ཕྱོགས་གཅིག་ནས་མི་ཉིད་སྤྱི་ཚོགས་ཀྱི་མི་རུ་འགྱུར་བ་གཏོང་བ་དང་ཆབས་ཅིག་བདག་ཉིད་དུ་བསྒྱུར་བ་རེད། འདི་ནི་ད་གཟོད་སློབ་གསོས་ངེས་པར་ཐག་གིས་གཅོད་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། ང་ཚོའི་སློབ་གསོ་དང་ལྷག་པར་དུ་བཟོ་ལས་ཆེན་མོའི་དུས་སྐབས་ཀྱི་སློབ་གསོས་ཐ་དད་པའི་མི་ཉིད་གཞི་མཐུན་དུ་བཏང་ཡོད། འདི་ནི་སློབ་གསོའི་ཁ་གཏད་དུ་ལྷག་པའི་དཀའ་རྙོག་ཤིན་ཏུ་ཆེན་པོ་ཞིག་གོ།
མི་ཡིས་ཅིའི་ཕྱིར་སློབ་གྲྭའི་སློབ་གསོའི་ཁྲོད་ནས་བདེ་སྐྱིད་དང་སྤྲོ་སྣང་རྙེད་མི་ཐུབ་པ་ཡིན་ནམ། དེ་ནི་མིའི་གདོད་གཤིས་དང་རྒྱབ་ཏུ་འགལ་ཞིང་གཞན་བསྒྱུར་སྒོས་མི་ཚང་མ་ཚད་གཞི་གཅིག་དང་རྩ་གནད་གཅིག རྒྱུགས་གཞི་གཅིག དཔྱད་འཇོག་གཅིག་གིས་ཚད་བཅད་པས་ཡིན་ལ། དེ་ལྟར་བྱས་ན་ང་ཚོའི་སློབ་གསོའི་ཁྲོད་དུ། དོན་འཁྱོངས་མཁན་གཅིག་འབྱུང་བ་ལས་གཞན་པ་ཚང་མ་རོགས་འདོན་སློབ་མར་འགྱུར་སྲིད།
མི་རྣམས་ལ་བདག་ཉིད་གོ་བར་བྱེད་དགོས་ན། ལག་རྩལ་ཡར་ཐོན་བྱུང་བས་འདི་འདྲ་ཞིག་འགྲུབ་ཚོད་ལ་ངེས་ཆ་བསྩལ་ཡོད་པ་ཡིན། འོན་ཀྱང་། ང་ཚོས་བྱ་ལས་བྱེད་སྟངས་ཁ་ཤས་ནི་སྐབས་ལ་ལར་སློབ་གསོར་འགལ་བ་དང་མི་གཤིས་ལ་འགལ་ཡོད་དེ། སྔར་ལས་རྩེར་སོན་གྱི་ལག་རྩལ་གྱིས་རྒྱུགས་བསྟུན་སློབ་གསོར་རམ་འདེགས་དང་སློབ་གསོར་ཨང་རིམ་བགར། འགྲན་རྩོད་ཛ་དྲག་སྤེལ་བ་དེ་ནི་མི་གཤིས་དང་སློབ་གསོའི་གདོད་གཤིས་དང་འགལ་བ་མ་ཡིན་ནམ།
དེའི་ཕྱིར། སློབ་གསོའི་གདོད་གཤིས་ངོས་ཟིན་པར་བྱ་རྒྱུ་ནི་དེང་སྐབས་ནན་གྱིས་སྟོན་དགོས་པའི་གནད་དོན་ཞིག་རེད། འགྱུར་དགོས་པ་ཤིན་ཏུ་གལ་ཆེ་བ་སྨོས་མེད་ཡིན་ཏེ། དེང་ནི་འགྱུར་བའི་དུས་རབས་ཤིག་ཡིན་པར་མ་ཟད།འགྱུར་བ་མགྱོགས་པའི་དུས་རབས་ཤིག་ཡིན་པས་འགྱུར་བའི་རྗེས་སུ་བསྙེག་རྒྱུ་ནི་ཧ་ཅང་དཀའ། འདི་འདྲའི་གནས་ཚུལ་འོག་ང་ཚོས་ཚུལ་ཇི་ལྟར་འགྱུར་བ་གཏོང་དགོས་པ་དང་། ཚུལ་ཇི་ལྟར་དྲ་འབྲེལ་གྱི་དུས་རབས་སུ་སློབ་གསོའི་དཀྱོགས་མཚམས་མངོན་དུ་འགྱུར་བར་བསམ་གཞིགས་གཏོང་དགོས། འདི་ནི་ཀྲུང་གོའི་སློབ་གསོའི་ལོགས་སུ་ཡོད་པའི་གོ་སྐབས་ཤིག་རེད།
འོན་ཀྱང་སློབ་གསོར་དེ་ལས་གཞན་པའི་འདའ་ཐབས་བྲལ་བའི་འདུ་ཤེས་འཛིན་སྟངས་རང་བཞིན་དང་མི་རིགས་རང་བཞིན། རིག་གནས་རང་བཞིན་གང་མང་ཞིག་ལྡན་ཡོད་ཅིང་། དེ་བཞིན་མིའི་རིགས་ལ་ཐུན་མོང་གི་རིན་ཐང་དང་བསམ་པའི་རྒྱུ་ནོར་ཡོད་པའང་སྨོས་མ་དགོས། གང་ལྟར་སློབ་གསོ་ནི་ཡུལ་ཁོངས་རང་བཞིན་ཅན་ཡིན་པས་སྣང་མེད་དུ་འཇོག་ག་ལ་སྲིད། དེའི་ཕྱིར། ལག་རྩལ་ཇི་ལྟར་འཕེལ་རྒྱས་སུ་ཕྱིན་ཀྱང་། གལ་སྲིད་ཁོར་ཡུག་ཆེན་པོ་ཞིག་དང་བྲལ་ན་འདའ་ཐབས་ཤིན་ཏུ་ཁག
སློབ་གསོར་འགྱུར་བ་གཏོང་དགོས་པ་ཧ་ཅང་མང་། ལག་རྩལ་སྟེང་གི་འགྱུར་བ་ནི་འདེགས་རྟེན་ཞིག་མཁོ་སྤྲོད་བྱས་པ་ཙམ་ཡིན། མ་འོངས་པ་ནི་ང་ཚོ་ཐད་ཀར་བགྲོད་ཆོག་པའི་གནས་ཤིག་མིན་པར་གསར་དུ་བསྐྲུན་དགོས་པའི་གནས་ཤིག་རེད། འོན་ཀྱང་ད་ལྟ་སྐྲུན་བཞིན་པ་གང་དེའི་ཁ་ཕྱོགས་མ་འཆོལ་ན་ད་གཟོད་རིན་ཐང་ལྡན་པ་ཡིན། འགྱུར་བ་དང་མི་འགྱུར་བའི་འབྲེལ་བ་མཐིལ་ཕྱིན་པར་རྟོགས་རྒྱུ་ནི་ཆ་འཕྲིན་ལག་རྩལ་དང་སློབ་གསོའི་ཟབ་ཚད་གཉིས་ཀྱིས་མཉམ་གཅིག་ཏུ་ང་ཚོར་བསྩལ་བའི་བློ་བསྐྱེད་གལ་ཆེན་ཞིག་ཡིན། །