སྤྱི་ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་བརྟག་ཞིབ་གནང་ཡོད། ཉིན་དེའི་ཕྱི་དྲོ། ཁོང་གིས་ཐོག་མར་ཤིན་རྫོང་དུ་གནས་པའི་ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཕེབས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་གནང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་གུས་མཇལ་གནང་ཡོད། དེ་རྗེས་ཁོང་གིས་ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་ལ་གཟིགས་སྐོར་གནང་བ་མ་ཟད། ས་གནས་དེ་གའི་གསར་བརྗེའི་རྗེས་རབས་པ་དང་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མིར་གཟིགས་གནང་ཡོད།
ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་ནི་རི་བོ་ཏ་པའེ་ཧྲན་གྱི་དབུས་སུ་གནས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ས་ཞིང་གསར་བརྗེའི་དུས་སྐབས་སུ་འགོ་ཁྲིད་གནང་ནས་གསར་དུ་བསྐྲུན་པའི་རྒྱལ་ཡོངས་ཀྱི་གསར་བརྗེའི་རྟེན་གཞི་ཆེ་བ་གཉིས་པ་དེ་རེད། ཨེ་ཡུས་ཝན་གསར་བརྗེའི་རྟེན་གཞི་གསར་སྐྲུན་དང་། སྲ་བརྟན། གོང་འཕེལ། སྲུང་སྐྱོབ་བཅས་བྱེད་པའི་བརྒྱུད་རིམ་ཁྲོད། ཁུལ་ཡོངས་ཀྱིས་སྔ་རྗེས་སུ་མི་ཐེངས་ས་ཡ་གཉིས་ལྷག་ཙམ་དམག་འཐབ་ནང་ཞུགས་ཡོད། དཔའ་བོ་བུ་ཕྲུག་ས་ཡ་གཅིག་ཙམ་གྱིས་གསར་བརྗེའི་ཆེད་རྩ་ཆེའི་ཚེ་སྲོག་བློས་གཏོང་བྱས་ཤིང་། ཐོ་འགོད་བྱས་པའི་སྔོན་གཤེགས་དཔའ་བོ་130351ཡོད་པ་དང་། སྐབས་དེ་དུས་མི་གྲངས་ཆིག་འབུམ་ཙམ་ཡང་མེད་པའི་ཤིན་རྫོང་དུ་མི་གྲངས་55000ལྷག་གིས་རང་སྲོག་བློས་གཏོང་བྱས་ཏེ་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
མེས་རྒྱལ་ས་གཞི་ཆེན་པོར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་དམངས་གཞས་ཟླ་བ་བརྒྱད་པའི་ཀུའེ་ཧྭ་མེ་ཏོག་རྣམ་པར་བཞད་ཅེས་པའི་ནང་ཐོག་མར་བརྗོད་པའི་ནང་དོན་ནི་ཨེ་ཡུས་ཝན་གྱི་རྫོང་རིམ་པའི་སུའུ་ཝེ་ཨའེ་སྲིད་དབང་དང་པོ་འཛུགས་སྐབས་ཀྱི་དགའ་སྤྲོའི་རྣམ་པ་ཡིན། སྤྱི་ལོ་2014ལོར། རྒྱང་སྐྱོད་བརྒྱུད་མྱོང་ཞིང་བཅིངས་འགྲོལ་དམག་འཁྲུག་དང་ཨ་འགོག་ཁྲ་རོགས་ཀྱི་དམག་འཐབ་ནང་ཞུགས་མྱོང་བའི་དམར་དམག་རྒན་གྲས་ལོ་མིང་པང་དགུང་ལོ་104ལ་ཕེབས་ཡོད་པ་དང་། པར་ལེན་བརྙན་ཤེལ་མདུན་དུ་ཁོང་གིས་སླར་ཡང་རྒྱུས་མངའ་ཆེ་བའི་འགྱུར་ཁུག་དེ་བླངས་གནང་ཞིང་། ཨེ་ཡུས་ཝན་སུའུ་ཝེ་ཨའེ་ཁུལ་གྱི་ལོ་རྒྱུས་ཕྱིར་དྲན་གནང་ཡོད་པ་རེད།