ཏུན་ཧོང་ཡིག་རྙིང་P.T.1257ལས་བྱུང་བའི་དཔལ་དབྱངས་ཞེས་པར་དཔྱད་པ།①
ཤ་བོ་རབ་བརྟན།
[ནང་དོན་གནད་བསྡུས།] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་P.T.1257ལས། ཐེག་པ་ཆེ་ཆུང་གི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཀྱི་མཚན་བྱང་རྒྱ་བོད་ཤན་སྦྱར་དུ་འཁོད་པའི་དུམ་ཚན་དེའི་མཇུག་ན། དཔལ་དབྱངས་བྲིས་སྟེ་ཞུས།། ཞེས་པ་གཞིར་བཟུང་ནས། དཔལ་དབྱངས་ནི་བོད་ཀྱི་རབ་བྱུང་བའི་ཐོག་མ་སྦ་དཔལ་དབྱངས་བྱ་བ་དེ་ཉིད་ཡིན་ཚུལ་དང་། ཏུན་ཧོང་ས་ཁུལ་བོད་བཙན་པོའི་དབང་འོག་ཏུ་གནས་པའི་སྐབས་སུ་ཡུལ་དེར་ཕེབས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་བསྐྱངས་ཚུལ་སོགས་ལ་ཞིབ་ཏུ་དཔྱད་ཡོད།
[བརྡ་ཆད་གཙོ་བོ།] ཏུན་ཧོང་ཡིག་རྙིང་། P.T.1257 དཔལ་དབྱངས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G265
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0003-13
ཏུན་ཧོང་ནས་ཐོན་པའི་ནང་བསྟན་ཤོག་དྲིལ་ཕལ་མོ་ཆེ་ནི་ནང་པའི་བསྟན་པ་ལ་དད་པའི་སྐྱ་སེར་ཕོ་མོ་དག་གི་ཐོས་བསམ་སློབ་གཉེར་གྱི་ཕྱིར་དུའམ། ཚེ་འདི་ཕྱིའི་འདོད་དོན་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་ལ་དམིགས་ནས་རྒྱ་བོད་ཀྱི་ཆོས་གཞུང་ལས་ཉེར་མཁོ་བསྡུས་པའི་ཚུལ་དུ་བཀོད་པ་ལྟ་བུའམ། ཡང་ན་ཆོས་གཞུང་ལོ་ཙཱ་བྱེད་པའི་མ་དཔེར་འཇོག་པ་སོགས་ཚུལ་མང་དུ་མཆིས། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་P.T.1257པ་རྒྱ་བོད་ཤན་སྦྱར་དུ་བཀོད་པ་འདི་ནི་བྱེ་བྲག་ཏུ་དོན་ཚན་ཆེ་ཁག་གཉིས་ཀྱིས་གྲུབ་ཡོད་དེ། གཅིག་ནི་ཤེས་རབ་འབུམ་པ་དང་ཟླ་བ་སྒྲོན་མེའི་ཏིང་ངེ་འཛིན་གྱི་མདོ་སོགས་མདོ་སྡེའི་སྐོར་དང་། ཤེས་རབ་འབུམ་པའི་འགྲེལ་བ་དང་རྣལ་འབྱོར་སྤྱོད་པའི་ས། ཐེག་བསྡུས་སོགས་དགོངས་འགྲེལ་བསྟན་བཅོས་སྐོར་གྱི་མཚན་བྱང་ཁག་ཤན་སྦྱར་ཏུ་འཁོད་པ་ཞིག་དང་། ཅིག་ཤོས་ནི་ངོ་བོ་ཉིད་གསུམ་དང་མཚན་ཉིད་གསུམ། སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་བཅོ་བརྒྱད། དགེ་བ་བཅུ། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད་སོགས་ཆོས་ཀྱི་རྣམ་གྲངས་མང་པོ་ཕྱོགས་གཅིག་ཏུ་བཀོད་པའི་དོན་ཅན་ནོ།། དེ་གཉིས་ནང་ཆོས་ཀྱི་ཐ་སྙད་ཤན་སྦྱར་ཏུ་བྱས་པ་ཙམ་ནི་འདྲ་ཡང་། དོན་ལ་བརྗོད་བྱ་སོ་སོ་བ་ཡིན་པ་ཤོག་ལྡེབ་ཀྱི་བཀོད་པ་དང་། ཡི་གེའི་བྲི་ལུགས།ཐ་སྙད་ཀྱི་རིགས་དབྱེ་སོགས་ལས་ཤེས་ཐུབ་པར་མ་ཟད། ཐེག་པ་ཆེ་ཆུང་གི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཀྱི་མཚན་བྱང་འཁོད་པའི་ཤོག་དྲིལ་དེའི་མཇུག་ན། དཔལ་དབྱངས་བྲིས་སྟེ་ཞུས།། ཞེས་བྲི་ཞུས་གནང་མཁན་གྱི་མཚན་གསལ་པོར་བཀོད་འདུག བོད་བཙན་པོའི་རྒྱལ་རབས་ཀྱིས་ཏུན་ཧོང་ལྟེ་བར་གྱུར་བའི་ཧ་སེའི་ཡུལ་ཁམས་ཆེན་པོ་འདིར་མངའ་དབང་མཛད་པའི་དུས་དེར། བོད་ཀྱི་ལོ་ཙཱ་བ་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་ཞིག་གནས་འདིར་བྱོན་ནས། ཆོས་སྲིད་རིག་གནས་དང་བཅས་པ་ཕྱོགས་མཐར་སྤེལ་བ་ལ་མཛད་རྗེས་མི་དམན་པ་བཞག་ཡོད་པ་མ་ཟད། རྒྱ་བོད་སོགས་མི་རིགས་ཀྱི་རིག་གནས་འབྲེལ་བའི་ཐད་ལའང་ཕྱག་བཞེས་ཅི་རིགས་གནང་ཡོད་པ་ལྟར། དཔལ་དབྱངས་ཞེས་བྱ་བ་འདི་ཡང་དེ་དག་ཁྲོད་ཀྱི་གཅིག་ཡིན་ཕྱིར། སྐབས་བབས་ཡིག་ཆ་འདིར་བྱུང་བའི་དཔལ་དབྱངས་ཞེས་པའི་ལོ་རྒྱུས་མི་སྣ་འདི་ཉིད་དོན་དུ་ག་འདྲ་ཞིག་ཡིན་པ་དང་། ཁོང་གི་ཆོས་སྲིད་ལུགས་གཉིས་ཀྱི་མཛད་རྗེས་གཙོ་བོ་གང་དང་ཅི་མཆིས་པ་སོགས་གཞིར་བྱས། དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོན་གནད་ཁ་ཤས་སྤྲོ་བར་བྱའོ།།
དང་པོ། དཔལ་དབྱངས་ནི་ཨ་ཙརྱ་སྦ་དཔལ་དབྱངས་བྱ་བ་དེ་ཡིན།དཔལ་དབྱངས་ཞེས་བྱ་བའི་མཚན་ཅན་ལོ་རྒྱུས་དེབ་ཐེར་ཁག་དང་། བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་དག་ན་འཁོད་པ་འགའ་ཞིག་མཐོང་སྟེ། དེ་རྣམས་ལོ་རྒྱུས་ཡིག་ཚང་གི་ངོས་ནས་རིགས་གཉིས་སུ་ཕྱེ་ཆོག གཅིག་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས། སད་མི་མི་བདུན་དུ་གྲགས་པ་བོད་ཀྱི་རབ་བྱུང་གི་ཐོག་མར་བརྩི་བའི་གྲས་ན། རབ་ཏུ་བྱུང་བའི་མཚན་ལ་རྦ་དཔལ་དབྱངས་སམ་སྦ་དཔལ་དབྱངས་དང་།སྙན་ཨ་ཙརྱ་དཔལ་དབྱངས། གཉན་སྦ་དཔལ་དབྱངས་སོགས་《ལྡེའུ་ཆོས་འབྱུང་》དང་། 《སྦ་བཞེད》 《ཉང་ཆོས་འབྱུང་》སོགས་སུ་ཅི་རིགས་པར་ཐོན་པ་རྣམས་ཡིན་ལ།ཅིག་ཤོས་ནི་ཧྥ་རན་སིར་ཉར་བའི་ཏུན་ཧོང་གི་ཡིག་ཆ་འདི་ཉིད་དང་། གཞན་ཡང་ཨང་རྟགས་P.T.1296པར། བན་དེ་དཔལ་དབྱངས་ཀྱི་མཆིད་གསོལ་ཞེས་པའི་ཡིག་ཕྲེང་ཕྱེད་མ་ཟིན་ཙམ་ཞིག་བྱུང་བ་དེ་དག་དང་། བོད་ལྗོངས་གྲོ་མཁར་དགོན་དུ་བཞུགས་པའི་ཤེས་རབ་འབུམ་པའི་མཇུག་བྱང་དུ་དཔལ་དབྱངས་ཞུས། སོགས་ཕྱིས་སུ་གསར་རྙེད་བྱུང་བའི་ཡིག་ཚང་དག་ན་དཔལ་དབྱངས་དང་དཔལ་དབྱང་ཞེས་ས་མཐའ་ཡོད་མེད་གཉིས་ཤིག་བྱུང་བ་རྣམས་ཡིན། མིག་སྔར་དཔལ་དབྱངས་མཚན་ཅན་གྱི་ལོ་རྒྱུས་མི་སྣ་འདི་བརྗོད་གཞིར་བྱས་ནས་ཆེད་དམིགས་ཀྱིས་རྟོག་དཔྱོད་གནང་ཡོད་པ་ཕལ་ཆེར་མ་མཐོང་མོད། ཞིབ་ཏུ་བརྟགས་ཤིང་དཔྱད་ན་མིང་གི་བྲི་ཚུལ་མི་འདྲ་ཙམ་ལས་གང་ཟག་གཅིག་ཡིན་པར་སྣང་། ཉི་ཧོང་དུ་བཞུགས་པའི་བོད་རིག་པའི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་ཁར། རྒྱ་དང་རྒྱ་དཀར་གྱི་དྷ་རྨ། ཐེག་པ་ཆེན་པོའི་ཆོས་ཀྱི་དཔེ་ཕལ་ཆེར། དཔལ་ཤྲཱི་ན་ལེནྡྲ་ན་ཡོད་པ་དེ་མེས་ཚིག དེའི་དཔེ་ད་ལྟ་རྒྱ་ནག་ན་ཚང་བར་ཡོད་པ་ཤས་ཤིག་མ་འགྱུར་བ་ངའི་ཡིད་ལ་བཅགས་སོ་ཞེས་སྦ་བཞེད་དུ་གསུངས་པ་དེའི་གསུང་རྒྱུན་གྱི་ཐོག་དྲངས། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་རྒྱ་ནག་ཏུ་ཆོས་ཞུ་བར་རྣམ་པར་མི་རྟོག་པ་སོགས་བཀས་བསྐུལ་བར་གནང་ཞིང་། རྒྱ་ནག་གི་བཀའ་བསྟན་བསྒྱུར་བའི་འགོ་བརྩམས་པའི་སྐོར་བརྗོད་མཐར། ལེགས་སྦྱར་མ་དཔེ་རྩ་རླག་ཏུ་ཕྱིན་པ་རྣམས་རྒྱ་ནག་སྐད་ཐོག་བཞུགས་ཡོད་པར་བོད་པས་ཤེས་ཚུལ་འདི་ཡང་། ཏུན་ཧོང་ཡིག་རྙིང་དུ་ཤེས་རབ་འབུམ་པ་སོགས་བཀའ་བསྟན་མང་པོ་ཞིག་གི་མཚན་བོད་ཡིག་དང་རྒྱ་ནག་གི་ཡི་གེ་ཤན་སྦྱར་དུ་བཀོད་ནས་མཇུག་ཏུ་དཔལ་དབྱངས་བྲིས་ཏེ་ཞུས་ཞེས་གསལ་བ་སོགས་ལ་གཞིགས་ན།དཔལ་དབྱངས་ཀྱིས་དེ་སྔོན་རྒྱ་ནག་ལ་བཀའ་བསྟན་རྩད་ཞིབ་ཆེད་ཕེབས་མྱོང་ཡོད་པས་ན། སྐབས་དེར་ཤེས་པའང་ཚོད་དཔག་བྱེད་ནུས། ② ཞེས་དཔལ་དབྱངས་འདི་ཉིད་རྒྱ་ནག་གི་སྐད་ལ་མཁྱེན་པའི་ཡོན་ཏན་མཁས་པ་ཞིག་ཡིན་ཚུལ་གསུངས་ཤིང་། སྐབས་དེའི་བསམ་ཡས་ཀྱི་རིང་ལུགས་པ་སྦ་དཔལ་དབྱངས་དང་གང་ཟག་གཅིག་ཏུ་འཛིན་པའི་དགོངས་ཚུལ་བཞེས་ཡོད་པའང་ཚིག་གི་བབས་ལས་ཤེས་ཐུབ། ཡང་ཁོང་གིས་བསམ་ཡས་ཆོས་རྩོད་ཆེན་མོའི་སྐོར་ལ་དོགས་དཔྱོད་མཛད་སྐབས། རྒྱ་ནག་གི་བསམ་གཏན་ཆོས་ལ་དད་པ་བྱེད་མཁན་གྱིས་ཁོང་ནས་རང་ཤི་རྒྱག་པ་སོགས་ཀྱིས་མཚོན་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན། སྤྱི་ལོ་793ལོའི་ལོ་མཇུག་ཙམ་ལ་བསམ་གཏན་ཆོས་བྱེད་ཆོག་པའི་བཀའ་ཁྲོལ་ཐོན། དེ་ནས་བཙན་པོའི་རྩོད་རྙོག་འདིའི་སྐོར་ཇི་ལྟར་བྱས་ན་ལེགས་མིན་སྐོར་བསམ་ཡས་མཁན་པོ་ལས་ཐོག་པ་རྦ་དཔལ་དབྱངས་ལ་གྲོས་བསྡུར་བྱས་ཚེ། ཁོང་ནི་རྒྱ་དཀར་ནག་གི་ཆོས་ལུགས་རིས་མེད་ལྟ་བུར་འཛིན་པར་བརྟེན། དོན་ཕན་མི་ཡོང་བར་དགོངས་ཏེ། ③ ཅེས་སོགས་གསུངས་པ་ལས། དཔལ་དབྱངས་དང་སྦ་དཔལ་དབྱངས་གང་ཟག་གཅིག་ཡིན་པའི་ལྟ་ཚུལ་གཞིར་བཞག་ཐོག དཔལ་དབྱངས་ནི་ཆོས་ལུགས་རིས་མེད་ཀྱི་དགོངས་པ་ལྷུར་བླངས་ཤིང་། རྒྱ་ནག་བསམ་གཏན་པའི་ཆོས་ལ་ཡང་ཐོས་བསམ་གྱི་སྒོ་ནས་སྒྲོ་འདོགས་ལེགས་པར་བཅད་དེ། ལེགས་ཉེས་ཀྱི་སྟངས་ཕྱེད་ཅིང་བློ་གྲོས་དང་མཁྱེན་རྒྱ་མངའ་བའི་དགེ་བའི་བཤེས་གཉེན་ཞིག་ཡིན་པའི་ར་སྤྲོད་གནང་ཡོད།
ལོ་རྒྱུས་ཞིབ་འཇུག་པ་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་2009ལོའི་ཀྲུང་གོའི་བོད་རིག་པ་རྒྱ་ཡིག་མའི་དེབ་གསུམ་པའི་སྟེང་། 《བོད་ཀྱི་ཡིག་རྙིང་ཕྱག་བྲིས་མའི་བརྟག་ཐབས་སྐོར་ལ་གསར་དུ་དཔྱད་པ་》ཞེས་པའི་དཔྱད་རྩོམ་དུ། ཏུན་ཧོང་བོད་ཀྱིས་དབང་བསྒྱུར་བའི་དུས་སྐབས་སུ་བཙན་པོའི་བཀས་བསྐུལ་ནས་བཞེངས་བཅུག་པའི་གསུང་རྟེན་རྣམས། བོད་ཡུལ་དབུས་འབའ་ཞིག་ནས་བྱུང་བ་མ་ཡིན་པར། ཏུན་ཧོང་ས་ཁུལ་དུ་བྲི་བཤུས་གནང་བའི་གསུང་གི་རྟེན་མང་པོ་ཞིག་ཡུལ་དབུས་སུ་སྤྱན་དྲངས་ནས་ཉར་ཚགས་བྱས་ཡོད་ཚུལ་བརྗོད་པ་ལྟར། ④ ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་བཞུགས་པའི་ཤེས་རབ་འབུམ་པ་ཨང་རྟགས་Db.t.2941པའི་མཇུག་བྱང་དུ། སྟག་ལེགས་ཀྱིས་བྲིས།། ཕབ་ཏིང་གཞི་ཞུས།། དམ་ཞེན་ཡང་ཞུས།། བུན་ཤུ་སུམ་ཞུས།། དཔལ་སྒྲ་གྱིས་ཞུས།། ཆོས་ཀྱི་ངང་ཚུལ་གྱིས་ཞུས།། དཔལ་གྱི་གོ་ནུས་ཡང་ཞུས་བགྱིས་སོ།། དཔལ་ངང་ཚུལ་ལྔ་ཞུས།། ཞེས་འབྱུང་བ་དེ་དང་། ཡང་དེར་བཞུགས་པའི་ཤེས་རབ་འབུམ་པ་ཨང་རྟགས་Db.t.2921པའི་མཇུག་བྱང་དུ། ཅང་ཅུང་ལེགས་བྲིས།། འོད་སྣང་ཞུས།། ཅེའུ་ཅེང་ཡང་ཞུས།། ཀུ་མ་ར་དང་རྡོ་རྗེ་སུམ་ཞུས།། ཞེས་འབྱུང་བ་དང་། གྲོ་མཁར་དགོན་དུ་བཞུགས་པའི་བླ་འབུམ་བྲིས་དཔེའི་མཇུག་བྱང་དུའང་། ཨན་ལེགས་ཟིག་བྲིས།། རྡོ་རྗེ་ཞུས།། སེང་གེ་སྒྲ་ཡང་ཞུས།། ཀུ་མ་ར་སུམ་ཞུས།། ཞེས་རྡོ་རྗེ་དང་ཀུ་མ་ར་ཞེས་བྱ་བ་དེ་གཉིས་ཀྱི་མཚན་གསལ་བ་ལ་བལྟས་ན། གྲོ་མཁར་དགོན་དུ་བཞུགས་པའི་ཤེས་རབ་འབུམ་པའི་བྲིས་དཔེ་རྣམས་ཏུན་ཧོང་ཡུལ་དུ་བཞེངས་གྲུབ་སྟེ་བོད་ཡུལ་དབུས་སོགས་སུ་སྤྱན་འདྲེན་གྱིས་ཐུགས་རྟེན་དུ་བཞུགས་སུ་གསོལ་བའི་ཚུལ་དེ་དོན་ལ་གནས་པ་ཤེས་ནུས་པར་མ་ཟད། ཀུ་མ་ར་ཞེས་པ་དང་དཔལ་གྱི་གཞོན་ནུ་གཉིས་ཀྱང་ཕལ་ཆེར་མི་གཅིག་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་ཆེན་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་བའི་སྙགས་ཛྙ་ན་ཀུ་མ་ར་འམ། གཉགས་སྟོན་པའི་གདུང་རབས་སུ་གཉགས་ཛྙ་ན་ཀུ་མ་ར་བར་བ་ཞེས་བྱུང་བ། སྦ་དཔལ་དབྱངས་དང་དུས་མཉམ་ཞིང་གྲུབ་ཆེན་ཉེར་ལྔའི་གྲས་སུའང་བཞུགས་པ་དེ་རང་མིན་ནམ་སྙམ་པ་སོགས། མདོ་སྡེ་བྲི་བཞེངས་ཀྱི་སྐབས་ན་མཚན་བྲིས་ལུགས་མི་འདྲ་བ་གཉིས་རེས་མོས་སུ་སྤྱོད་སྲོལ་བྱུང་ཚུལ་ལས། ཏུན་ཧོང་ཡིག་ཆ་P.T.1257པའི་མཇུག་བྱང་དུ་དཔལ་དབྱངས་བྲིས་སྟེ་ཞུས་ཞེས་བྱུང་བ་དེ་ཉིད་དང་། ཉེ་སྔོན་འབྲས་སྤུངས་གནས་བཅུ་ལྷ་ཁང་དང་། གྲོ་མཁར་དགོན། ཀེ་རུའི་གཙུག་ལག་ཁང་སོགས་ན་བཞུགས་ཤིང་། བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གི་སྐ་བ་ཤེས་རབ་བཟང་པོ་སོགས་ཀྱིས་དག་སྒྲིག་གནང་བཞིན་པའི་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་བྲིས་དཔེ་མང་དུ་ཐོན་པ་དེ་དག་གི་མཇུག་ཏུ། “སོང་སྟག་སྐྱེས་ཀྱིས་བྲིས།དཔལ་དབྱང་ཞུས། དཔལ་འཛིན་ཡང་ཞུས། རྡོ་རྗེ་མཛོད་སུམ་ཞུས་” ⑤ ཞེས་ཞུས་མཁན་གྱི་གྲས་སུ་དཔལ་དབྱང་ཞེས་དབྱངས་ས་མཐའ་མེད་པ་ཅན་ཞིག་བྱུང་འདུག་པ་དེ་གཉིས་གང་ཟག་གཅིག་ཡིན་པ་ཕན་ཚུན་བསྡུར་བས་རྟོགས་ཐུབ།
དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་བོད་བཙན་པོའི་དུས་སྐབས་ཀྱི་དར་བྲིས་རི་མོ་ཨང་རྟགས་Stein.painting32པ་ཞིག་ཉར་ཚགས་གནང་ཡོད་པ་དེའི་དཀྱུས་སུ་ལིས་སྨི་152.3དང་། སྲིད་དུ་ལིས་སྨི་177.8མཆིས་ཤིང་། གཙོ་སྐུ་ནི་སངས་རྒྱས་སྨན་གྱི་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དང་། གཡས་གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཀུན་ཏུ་བཟང་པོ་འཁོར་དང་བཅས་པ། མདུན་དུ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་འཁོར་ཚོགས་དང་བཅས་བཞེངས་འདུག་ཅིང་། དབུས་ཀྱི་མགོ་རྒྱངས་ངོས་སུ་སྐུ་གཟུགས་ཀྱི་མཚན་རྒྱ་ཡིག་དང་ནང་དོན་བོད་ཡིག་ཏུ་བྲིས་པའི་དོན་སྙིང་འདི་ལྟར། “འབྲུག་གི་ལོར། ང་། བཙུན་པ་དཔལ་དབྱངས་ཀྱིས་ལུས་གཟུགས་བདེ་ཐང་དང་སྐྱེ་དགུའི་བསོད་ནམས་ཀྱི་ཚོགས་སུ་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་བོ་དང་། འཕགས་པ་ཀུན་ཏུ་བཟང་བོ། རྒྱལ་སྲས་སྤྱན་རས་གཟིགས་དབང་ཕྱུག འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། ཡིད་བཞིན་འཁོར་ལོའི་རྒྱལ་བོ། བསྔོ་སྨོན་འཁོར་ལོའི་རྒྱལ་བོ་ལ་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འདི་དག་བཞེངས་ནས། སེམས་ཅན་ཐམས་ཅད་ལ་ཕན་པར་སྨོན་ཏོ།།” ⑥ ཞེས་བྱུང་། ཕྱི་གླིང་གི་མཁས་པས་བརྟག་དཔྱད་གནང་བ་ལྟར་ན། དར་གོས་ལ་བྲིས་པའི་རི་མོ་འདི་སྤྱི་ལོ་836ལོའི་ཟླ་9པའི་ཚེས་15ཉིན་བཞེངས་གྲུབ་ཅིང་། བཞེངས་པ་པོ་བཙུན་པ་དཔལ་དབྱངས་ཡིན་ཚུལ་དར་རིས་ངོས་སུ་ཞིབ་གསལ་འཁོད་འདུག་སྟེ།སྐབས་འདི་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐུ་རིང་སྟེ། ཏག་ཏག་ཏུན་ཧོང་བོད་བཙན་པོས་དབང་འོག་ཏུ་བཅུག་ནས་ལོ་ལྔ་བཅུ་ལྷག་ཕྱིན་པ་དང་། ལོ་ཙཱ་བ་མཁས་པར་ཆུད་པ་དང་ཆོས་ཀྱི་རིང་ལུགས་འཛིན་པ་མང་པོ་བཙན་པོའི་བཀས་བསྐུལ་བ་ལྟར། ཏུན་ཧོང་གི་ཡུལ་འདི་ལྟེ་བ་བྱས་པའི་ཧ་སེ་ཕྱོགས་སུ་ཕེབས་ཏེ། མདོ་སྡེ་བསྒྱུར་བའམ། འཆད་ཉན་གྱི་ལས་ལ་གཞོལ་ཞིང་། སྒོས་སུ་བཙན་པོའི་ཐུགས་དམ་གྱི་རྟེན་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་། ཚེ་དཔག་ཏུ་མེད་པའི་མདོ་སོགས་བྲི་བཞེངས་གནང་བའི་ཆོས་སྲིད་ཀྱི་བྱེད་སྒོ་ཆེན་པོ་སྤེལ་བའི་སྐབས་དེ་དག་དང་འཁེལ་ཡོད། གོང་གི་དཔྱད་གཞིའི་དོན་རྣམས་གུང་བསྒྲིགས་ན། P.T.1257པ་དང་P.T.1296པ་གཉིས་སུ་བྱུང་བའི་དཔལ་དབྱངས་ཞེས་བྱ་བ་དང་། གྲོ་མཁར་དགོན་སོགས་བོད་ལྗོངས་སུ་བཞུགས་པའི་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་དུ་བྱུང་བའི་དཔལ་དབྱང་། དར་བྲིས་རི་མོ་Stein.painting32 པ་བཞེངས་པ་པོ་དཔལ་དབྱངས་བཅས་ནི། པདྨ་བཀའ་ཡི་ཐང་ཡིག་ཏུ་བོད་བཙན་པོའི་དུས་སྐབས་སུ་ལོ་ཙཱ་བ་བརྒྱ་དང་བརྒྱད་བྱོན་མྱོང་བར་གྲགས་པའི་གྲས་སྦ་དཔལ་དབྱངས་བྱ་བའམ། ཡང་ན་ལོ་རྒྱུས་ཡིག་ཚང་གཞན་དུ་ཨ་ཙརྱ་སྦ་དཔལ་དབྱངས་ཞེས་བྱུང་བ་དེ་ཉིད་ཡིན་པར་འདོད་དོ༎
གཉིས་པ། དཔལ་དབྱངས་ནི་བོད་ཀྱི་རབ་ཏུ་བྱུང་བའི་དགེ་སློང་ཐོག་མ་ཡིན།
དཔལ་དབྱངས་སམ་སྦ་དཔལ་དབྱངས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བྱིས་པ་བློ་རྣོ་བ་མང་པོའི་གྲས་ནས་འདེམས་ཐོན་བྱུང་རྗེས། བོད་དུ་རབ་བྱུང་མཛད་པའི་ཐོག་མ་ཡིན་པར་མངོན་ཏེ། བསྟན་འགྱུར་གྱི་པོད་སྣ་ཚོགས་ཅོ་ལས་བྱུང་བའི། བཙུན་པ་དཔལ་དབྱངས་ཀྱིས་བོད་འབངས་རྣམས་ལ་བརྫངས་པ་ཞེས་པ་དེའི་མཇུག་བྱང་དུ།“བོད་ལ་དགེ་སློང་མིང་ཡང་མེད་པ་ལས། ﹍ རབ་ཏུ་བྱུང་བའི་མིང་དཔལ་དབྱངས་ཞེས་བགྱི། བཙུན་པའི་ཕུལ་དུ་ཕྱིན། མཛངས་པའི་ཞི་རབ་ཏུ་ཕྱིན། བོད་ཀྱི་མདུན་སར་བསྲེས་ན་དཔེ་ཟླ་མེད་པ་དེས་མཛད་དེ། ﹍﹍ བཙན་པོ་ལ་བཀའ་གྲོས་དག་གསོལ་བ་ལས། ལ་ལ་ནི་གནང་། ལ་ལ་ནི་མ་གནང་བས་འཁོན་ནས་གྱེད་དེ་ལྷོར་བཞུད། ﹍﹍” ⑦ ཅེས་སོགས་འབྱུང་བ་དང་། 《དབའ་བཞེད་》ལས། “བསམ་ཡས་ཡོས་བུའི་ལོ་ལ་དཔྱིད་ཨ་ཙརྱ་བོ་དྷི་ས་ཏྭས་རྨང་བཏིང་བ་ཡང་ཞེས་སོགས་བྱུང་བའི་མཐར། བོད་ལ་དགེ་སློང་གི་མིང་ཡང་མ་མཆིས་པ་ལས་དབའ་ལྷ་བཙན་བན་དྷེར་ཕྱུང་ནས་མིང་ཡང་དབའ་དཔལ་དབྱངས་སུ་བཏགས། ཤཱཀྱ་མུ་ནེ་བལ་ཡུལ་དུ་བསྐྱལ་བ་ཡང་སླར་སྤྱན་དྲངས་ཏེ། རྟ་པ་གཅིག་གི་པང་དུ་བླངས་ཏེ་སླར་ར་མོ་ཆེར་བཞུགས། དེ་ནས་གསས་སྣང་གིས་བླའི་གཙུག་ལག་ཁང་མ་བརྩིགས་པར་གླག་གི་ལྷ་ཁང་བཞེངས་སུ་གསོལ། དབའ་ཕ་ཚན་བོན་བཞག་ནས་ཆོས་བགྱིད་དུ་སྩལ། དབའ་ལྷ་གཟིགས་ཀྱིས་གྲོགས་པོ་མྱང་རོས་ཀོང་གི་དགེ་བའི་བཤེས་གཉེན་བྱས། ཆོས་བསླབྶ་ཁྲིམས་ལྔ་ཕོགརོས་གོང་གིས་ཀྱང་ཕོ་ནུ་བོའི་དགེ་བའི་བཤེས་གཉེན་བྱས་ཏེ་དཀར་བོར་བསྒྱུར་རོ།།” ⑧ ཞེས་འབྱུང་བ་ལས།དཔལ་དབྱངས་རབ་ཏུ་མ་བྱུང་བའི་སྔོན་གྱི་མཚན་ལ་དབའ་ལྷ་བརྩན་ཟེར་བ་དང་། ཁོང་ནི་སྤྱི་ལོ་779ལོར་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས། སློབ་དཔོན་ཞི་བ་འཚོ་དངོས་ཀྱིས་མཁན་པོ་མཛད་ནས་རབ་ཏུ་བྱུང་བའི་ཐོག་མ་ཡིན་ཚུལ་གསལ། 《བུ་སྟོན་ཆོས་འབྱུང་》ལས། “བོད་ལ་བཙུན་པ་བཏུབ་མི་བཏུབ་སད་པའི་ཕྱིར་དུ་སད་མི་མི་བདུན་རབ་ཏུ་བྱུང་སྟེ་རྒན་གསུམ་ནི་དབའ་མཉྫུ་ཤཱི། དབའ་རཏྣ་རཀྵི་ཏ། བྲན་ཀ་མུ་ཏི་ཀགཞོན་གསུམ་ནི་འཁོན་ནཱ་གེནྡྲ ། པ་གོར་བཻ་རོ་ཙ་ན། རྩངས་དེ་ཝེནྡྲའོ།། བར་བ་གླང་ཀ་ཏ་ན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་བོ་ཡིན་ལ། མཁན་པོ་དཱ་ན་ཤི་ལས་བྱས་ཞེས་ཁ་ཅིག་ཟེར་རོ།། མཁན་པོ་བོ་དྷི་ས་ཏྭས་བྱས་ནས་ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་ཕྱུང་བས་(གཞན་ཡང་བློན་སྲས་སུམ་བརྒྱ་རབ་ཏུ་བྱུང་)མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ།།”⑨ ཞེས་དང་ཡང་། “དེ་ནས་སྦ་གསལ་སྣང་། འབའ་ཁྲི་བཞེར་སང་ཤི་ཏ། པ་གོར་བཻ་རོ་ཙ་ན་རཀྵི་ཏ། ངན་ལམ་རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ་སྲུང་བ། རྨ་ཨ་ཙརྱ་རིན་ཆེན་མཆོགགཙང་ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་བོ་དང་དཔལ་དབྱངས་ལ་སོགས་པ་ཡིན། སད་མི་མི་བདུན་ཡིན་ཟེར་རོ།།” ⑩ ཞེས་སྐབས་དེར་སད་མི་བདུན་འདྲེན་ཚུལ་ལ་བཞེད་ཚུལ་མི་མཐུན་པ་གཉིས་བྱུང་ཡོད་པ་ལྟར།《དབའ་བཞེད་》དང་《ལྡེའུ་ཆོས་འབྱུང་》གཞིར་བཟུང་ན། ཡེ་ཤེས་དབང་པོ་ནི་གླང་ཀ་ཏ་ན་རབ་ཏུ་བྱུང་བའི་མཚན་མ་ཡིན་པར་སྦ་གསལ་སྣང་གི་མཚན་ཡིན་པས། སད་མི་བདུན་གྱི་སྐོར་ལ་ཡིད་རྟོན་ཆེར་མི་རུང་ནའང་། 《དབའ་བཞེད་》དང་《བུ་སྟོན་ཆོས་འབྱུང་》གི་ཚིག་དེ་གཉིས་བསྡུར་ན།དབའ་ཁྲི་གཟིགས་དང་བྱ་ཁྲི་གཟིགས་གཉིས་འབྲི་ཚུལ་མི་འདྲ་བ་མ་གཏོགས་གང་ཟག་གཅིག་ཡིན་པ་ཤེས་ཐུབ་པར་བརྟེན། བོད་ལ་དགེ་སློང་གི་སྔ་བ་དབའ་ཡི་རིགས་ལས་བྱུང་བའི་དབའ་ལྷ་བརྩན་ནམ་ཁྲི་གཟིགས་ཏེ་རབ་ཏུ་བྱུང་བའི་མཚན་དབའ་དཔལ་དབྱངས་དང་། གསལ་སྣང་སྟེ་རབ་བྱུང་གི་མཚན་དབའ་ཡེ་ཤེས་དབང་པོ་གཉིས་ཡིན་པ་ལ་བསྙོན་དུ་མེད། དེ་གཉིས་ལས་དཔལ་དབྱངས་སྔོན་དང་ཡེ་ཤེས་དབང་པོ་རྗེས་སུ་རབ་ཏུ་བྱུང་བ་སྟེ། གསལ་སྣང་ལོ་ཡིས་རྒན་པ་དང་། མཁན་པོ་ལ་ཆོས་ཞུ་བའི་ཐོག་མ་དང་ཕར་སྐྱེལ་ཚུར་བསུ་ཡི་ཞུ་སྣ་མཛད་པ། གཞན་ཡང་དབང་ལུང་མན་ངག་གིས་ཆེ་བ་སོགས་ཀྱི་དབང་གིས། མཁན་པོ་བོ་དྷི་ས་ཏྭ་སྐུ་གཤེགས་ཁར་བསམ་ཡས་ཀྱི་ཆོས་ཀྱི་རིང་ལུགས་པར་བསྐོས་ཡོད། ལར་སད་མི་མི་བདུན་གྱི་བརྡ་སྦྱར་ཚུལ་འདི་ཡང་ཕྱིས་ཀྱི་ལོ་རྒྱུས་མཁན་པོ་དག་གི་བློ་གྲོས་ཀྱི་མཐུ་ལས་བྱུང་བར་ངེས་པ་ནི། བུ་སྟོན་མཆོག་གིས་གོང་དུ་དེའི་སྐོར་ལ་མི་འདོད་པའི་ཚིག་ཟེར་རོ་ལྟ་བུ་སྦྱར་བ་མ་ཟད། གཞན་ཡང་བློན་གྱི་སྲས་པོ་སུམ་བརྒྱ་རབ་ཏུ་བྱུང་ཚུལ་སོགས་བསྟན་ཡོད་པ་ལྟར་དང་། མཁས་པ་ལྡེའུས་མཛད་པའི་《ཆོས་འབྱུང་རྒྱས་པ་》རུའང་སད་མི་བཅུ་གསུམ་ ⑾ རབ་ཏུ་བྱུང་བའི་འཆད་སྲོལ་ཡོད་པ་དག་ལ་བསམ་ན་རྟོགས་སླའོ།།
གསུམ་པ། དཔལ་དབྱངས་ནི་རྗེ་འབངས་ཉེར་ལྔའི་ཡ་གྱལ་མཁས་གྲུབ་ཆེན་པོ་ཞིག་ཡིན།
བསམ་ཡས་གཙུག་ལག་ཁང་ལེགས་པར་གྲུབ་རྗེས། ཁྲི་སྲོང་ལྡེ་བཙན་གྱིས་དཀོན་མཆོག་ལ་འབངས་ཁྱིམ་སུམ་བརྒྱ་དང་། བན་དེ་རེ་ལ་འབངས་ཁྱིམ་གསུམ་རེ་ཐང་དུ་བཅད་དེ་རྐྱེན་རིས་སུ་བསྩལ་བ་ན། འགའ་ཞིག་ཡིད་མ་རངས་ཏེ།སྦ་ཡེ་ཤེས་དབང་པོ་ལ་ཡང་གཏམ་མི་སྙན་པ་མི་སྲིད་དགུ་སྲིད་སྣ་ཚོགས་སྨྲས་པར་བརྟེན། སྦ་ཡེ་ཤེས་དབང་པོས་སྒོམ་པར་གསོལ་ཏེ་ལྷོ་བྲག་གི་ཡུལ་དུ་ཕྱིན་པའི་སླད་ནས། བཙན་པོས་དབའ་དཔལ་དབྱངས་རིང་ལུགས་འཛིན་པར་བསྐོས་ཏེ།གསར་དུ་དར་མ་ཐག་པའི་སངས་རྒྱས་བསྟན་པའི་སློབ་དཔོན་གྱི་གོ་གནས་སུ་བཅུག་ཡོད། དེ་ལ་ཡོངས་གྲགས་སྤྱི་ལོ་791ཡས་མས་སུ་བསམ་ཡས་གཙུག་ལག་ཁང་དུ། སྦ་ཡེ་ཤེས་དབང་པོས་སློབ་དཔོན་ཞི་བ་འཚོའི་བཀའ་མཆིད་ལྟར་ཀཱ་མ་ལ་ཤི་ལ་སྤྱན་དྲངས་ནས། ཧ་ཤང་མ་ཧ་ཡ་ན་དང་རྩོད་སྐབས། སྦ་དཔལ་དབྱངས་ནི་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་གོ་གནས་སུ་སྔར་མུས་བཞིན་བཞུགས་ཡོད་དེ།ཁོང་གིས་སློབ་དཔོན་ཞི་བ་འཚོ་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་གདམས་ངག་མཐའ་དག་མ་ལུས་པར་བསླབས་ནས་དམ་པའི་ཆོས་ལ་མངའ་བརྙེས་པས། མཁན་པོའི་གོ་གནས་མཛད་རིང་བཙན་པོའི་སྙན་དུ་ཤེས་རབ་འབུམ་པ་མང་དུ་འཆད་པར་མངོན་ལ། དེ་དག་ཕྱིས་སུ་ཆོས་ལ་མི་དགའ་བའི་བློན་རྣམས་ཀྱིས་སྙན་ཕྲ་འཇུག་པའི་འཛིན་ཐག་ཏུའང་གྱུར་བ་ལྟར། ཧ་ཤང་དང་རྩོད་པའི་སྐབས་སུ། སློབ་དཔོན་ཀཱ་མ་ལ་ཤི་ལ་བཞུགས་པའི་གྲལ་གཡོན་པའི་གྲས་ན་སྦ་ཡེ་ཤེས་དབང་པོ་དང་ཁོང་གཉིས་གདན་གཙོ་བོར་བཞུགས་ཡོད་པར་མ་ཟད། ཁོང་གིས་ཧ་ཤང་གི་ལྟ་བར་དགག་བཞག་གི་སྤྲོས་པ་རྒྱ་ཆེར་མཛད་ཡོད་པ་ནི། 《དབའ་བཞེད་》ལས། “དཔལ་དབྱངས་ཀྱིས་སྨྲས་པ། གཅིག་ཅར་འཇུག་ཅིང་རིམ་གྱིས་སྦྱོར་མཆི་བའི་ཚིག་འདི་གཉིས་དཔྱ་རལ་དུ་སྨྲ་སྟེ། རིམ་གྱིས་སྦྱོར་བར་འཚལ་ན་ནི་ཙེན་མིན་དང་མི་འདྲ་བའི་རྒྱུ་ཡང་ཅི་མཆིས། གཅིག་ཅར་འཇུག་ན་སླན་ཆད་ཅི་བྱེད་ཁྱེད་ད་ལྟ་ཁོ་ན་སངས་རྒྱས་ན་ཅི་ཉེས།” ⑿ ཞེས་སོགས་སྨྲས་མཐར། དཔེར་ན་རི་ལ་འཛེགས་པ་ན་གོམ་པ་རེ་རེ་བཞིན་བགྲོད་དེ་ཕྱིན་པ་དང་འདྲ་བར། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ནི་ས་ལམ་གྱི་རིམ་པ་རྣམས་རིམ་གྱིས་བགྲོད་ནས་མཐར་ཐུག་མངོན་པར་རྫོགས་པར་བྱང་ཆུབ་པའི་གོ་འཕང་ཐོབ་དགོས་པར་བསྟན་ཏེ། 《དབའ་བཞེད་》ལས། “དེ་བས་ན་སངས་རྒྱས་འཐོབ་པར་འཚལ་བས་ཞི་གནས་དང་ལྷག་མཐོང་ལ་གོམས་པར་བགྱི་འཚལ་ཏེ། གང་དེ་གཉིས་ལ་མ་གོམས་པ་ནི་དངོས་པོའི་མཐའ་ཡང་མི་རྟོགས། བསམ་པ་ཡོངས་སུ་རྫོགས་པར་ཡང་མི་འགྱུར་བར་བསྟན་ཏེ། དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བར་བྱུང་བའི་ཚེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་དུ་འགྲུབ་པ་ལགས་ཏེ། སྒོམ་ནའང་དེ་ལྟར་ལེགས་ཞེས་དཔལ་དབྱངས་ཀྱིས་སྨྲས་པ་དང་།” ⒀ཞེས་འབྱུང་བ་སོགས་ལས། དཔལ་དབྱངས་ནི་དམ་པའི་ཆོས་ལ་མངའ་བརྙེས་ཤིང་རྩོད་པའི་ཁྱུ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཤེས་ཐུབ། ལྷག་པར་དགོངས་པ་ངེས་པར་འགྲེལ་བའི་མདོ་སོགས་འཆད་པ་ལ་ཡང་ཤིན་ཏུ་མཁས་པའི་ཚུལ་ནི། དཔལ་བསམ་ཡས་ཀྱི་ཆོས་རྩོད་ཆེན་མོ་དངོས་སུ་མ་བྱུང་བའི་སྔོན་ཧ་ཤང་མ་ཧ་ཡ་ན་རྗེས་འབྲངས་དང་བཅས་པས་འདི་ལྟར། ཏོན་མིན་པས་ཤེས་རབ་འབུམ་པ་བླངས་ཏེ་བསམ་གཏན་གླིང་སྒོ་བཅད་ནས་ཟླ་བ་གཉིས་སུ་ཤགས་བསླབས། དགོངས་པ་ངེས་པར་འགྲེལ་བ་རྡོག་པས་དྲིལ་ཏེ་བོར། ⒁ ཞེས་ཧ་ཤང་གི་ཕྱོགས་ནས་ཤེས་རབ་འབུམ་པ་བླངས་ནས་ཤགས་སློབ་པའི་ཚུལ་དེས་གསལ་བར་བསྟན། དགོངས་པ་ངེས་འགྲེལ་གྱི་མདོ་རྡོག་པས་དྲིལ་ཏེ་བོར་བ་དེ་ལས།གཅིག་ན་དེ་སྔོན་བོད་དུ་མདོ་འདི་ཉིད་ལ་ངེས་པར་སློབ་དགོས་པའི་གཞུང་སྲོལ་མཆིས་པ་དང་། གཉིས་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་འཛིན་མཁན་དཔལ་དབྱངས་སོགས་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱི་རྗེས་འབྲངས་དང་བཅས་པས་ནི་མདོ་དེ་རང་ལུགས་ཀྱི་ཁུངས་སུ་འཇོག་བཞིན་མཆིས་ཤིང་། དཔལ་དབྱངས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ་ཆོས་བློན་གཙོ་བོའི་གྲས་སུ་བཞུགས་ཏེ། ཆོས་ཀྱི་ལས་དོན་ཡོད་དོ་ཅོག་ལ་ཐེ་བྱུས་མཛད་བཞིན་ཡོད་པའི་ཚུལ་ལའང་ངེས་པ་རྙེད་ཐུབ། རྟ་ཡི་ལོ་སྟེ་སྤྱི་ལོ་797ལོར་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་རྗེས་སྲས་སྐུ་ན་ཕྲ་བ་དང་། ཆོས་ལ་དད་མཁན་ཡང་ཉུང་དུ་ཕྱིན་ནས་ཉམས་རྒུད་དུ་འགྲོ་ལ་ཉེ་སྐབས། བན་དེ་ཆེན་པོ་ཏིང་ངེ་འཛིན་སོགས་ཀྱི་སྐུ་ཡོན་ལ་བརྟེན་ནས་ཆོས་ཀྱི་རྒྱལ་མཚན་དགུང་ལ་བསྟོད་དེ། སྦ་དཔལ་དབྱངས་ནི་སྐབས་དེ་དག་གི་ལོ་རྒྱུས་དང་རྡོ་རིང་ཡི་གེའམ་བཀའ་གཙིགས་ཀྱི་མདོ་སོགས་སུ་མཚན་འཁོད་པ་ཞིབ་གསལ་མ་མཐོང་མོད་ཀྱང་། བཙན་པོ་ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་འཚོ་བཞུགས་གནང་ཡོད་པ་ནི་སྔར་བླ་འབུམ་གྱི་སྐོར་བརྗོད་སྐབས་རིགས་པས་བསྒྲུབས་ཟིན་པ་དེ་བཞིན།《ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་》ལས།“སྣུབས་ནམ་མཁའི་སྙིང་བོ། ལོ་ཙཱ་བ་གཉགས་ཛྙ ་ན་ཀུ་མ་ར་དང་། སྙན་སྦ་ཨ་ཙརྱ་དཔལ་དབྱངས་ལ་སོགས་པ་གྲུབ་ཆེན་ཉི་ཤུ་རྩ་ལྔ་དང་བཅས་པས་ཚེ་བསྒྲུབས་ཏེ། ད་སྟེ་ཟླ་བ་གཅིག་དང་ཞག་བཅུ་སོང་ཙ་ན། ཚེ་ཆུ་ལ་རྒྱལ་བློན་རྣམས་ཤོག་ཅིག་གསུངས། དེར་ཚེ་བསྒྲུབས་ནས་ཟླ་བ་གཅིག་དང་ཞག་བཅུ་སོང་ཙ་ན།” ⒂ ཞེས་སོགས་འབྱུང་བ་ལྟར། སྦ་དཔལ་དབྱངས་ནི་ཚེ་ཡི་རིག་འཛིན་བརྙེས་པའི་གྲུབ་ཐོབ་ཉེར་ལྔའམ་རྗེ་འབངས་ཉེར་ལྔའི་གྲས་སུ་བཞུགས་ཚུལ་གསལ་བ་བཞིན་བོད་ཀྱི་བསྟན་བཅོས་ལ་གྲགས་པ་དང་། ཡང་དེ་ཉིད་ལས། “བཙན་པོ་ཨུ་དུན་བརྟན་གྱིས་བསྟན་པ་བསྣུབས་སྐབས། ལོ་ཙཱ་བ་བགྲེས་པོ་རྣམས་དང་གྲུབ་པ་ཐོབ་པ་རྣམས་ལ་སློབ་དཔོན་པདྨ་འབྱུང་གནས་སོགས་ནས་བརྒྱུད་པའི་གདམས་པ་མངའ་ཡང་། གླང་དར་མ་ཨུ་དུམ་བརྟན་གྱི་ལོག་སྤྱོད་བཟློག་མ་ནུས་པར་བཤད་པའི་སྐབས་ན།དར་རྗེ་དཔལ་གྱི་གྲགས་པ་དང་། སྣུབས་སངས་རྒྱས་ཡེ་ཤེས་དང་། མཆིམས་ཤཱཀྱ་པྲ་བྷ་དང་། འབྲོག་མི་དཔལ་གྱི་ཡེ་ཤེས་དང་། ཤུད་པུ་དཔལ་གྱི་སེང་གེ་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། སོག་པོ་དཔལ་གྱི་ཡེ་ཤེས་དང་། རླངས་ཆུང་སེང་གེ་དཔལ་སོགས། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ་འཕྲིན་ལས་རྒྱས་མྱོང་བའི་ལོ་ཙཱ་བའམ་གྲུབ་ཐོབ་ཉེར་ལྔ་ཞེས་སུ་གྲགས་པ་རྣམས། བསྟན་པ་བསྣུབས་པའི་དུས་དེ་ལ་སོ་སོར་ཏིང་ངེ་འཛིན་ལ་བཞུགས་” ⒃ ཚུལ་གསུངས་པས། སྦ་དཔལ་དབྱངས་འདི་ཉིད་གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་གྲས་ཡིན་པ་གང་ཞིག་བཙན་པོ་ཨུ་དུམ་བརྩན་གྱི་སྐུ་རིང་བར་དུ་བཞུགས་ཡོད་ཚུལ་ཤིན་ཏུ་གསལ་བར་གསུངས་།
ཏུན་ཧོང་ཡིག་ཆ་P.T.996ན། མཁན་པོ་ནམ་ཀའྀ་སྙིང་བོའི་དགེ་བའྀ་བཤེས་ཉེན་གྱྀ་རྒྱུད་མདོར་བཤད་པ། ཨན་ཆུང་དབེན་སར་ཕྱྀན་གི་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་ཕྱྀན་གྀ་བར་དུ་གདའ་ཞེས་སྣུབས་ནམ་མཁའི་སྙིང་པོ་དང་ཡེ་ཤེས་དབྱངས་གཉིས་ཕྱིས་སུ་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་དགེ་བའི་བཤེས་གཉེན་གྱི་ཆོས་རྒྱུན་རྒྱ་ཆེར་སྤེལ་བ་དང་།མཐར་ཁྲི་ཀའི་ཡུལ་དུ་སྐུ་གཤེགས་ཤིང་། ཡེ་ཤེས་དབྱངས་ཀྱི་སྤུར་ད་ལྟའི་ཨན་ཆུང་གནམ་རྫོང་ལ་སྤྱན་དྲངས་ཚུལ་གྱི་ལོ་རྒྱུས་གསལ་བ་ལྟར། སྐབས་འདི་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནས་དར་མ་ཨུ་དུམ་བརྟན་གྱི་སྐུ་རིང་དེའི་སྔ་ཕྱི་གང་མཚམས་སུ་ངེས་པ་ལྟར། འདི་བ་དང་དགུང་ན་ཕལ་ཆེར་མཉམ་པའི་སྦ་དཔལ་དབྱངས་ཡང་མདོ་ཁམས་ཞེས་འབོད་པའི་ཡུལ་གྲུ་དག་ཏུ་བྱོན་པའི་ཚུལ་ནི། ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་དུ་གྲགས་པའི་ཤེས་རབ་འབུམ་པ་བཞེངས་པའི་གྲས་ན་དཔལ་དབྱངས་འདི་ཉིད་བཞུགས་པ་གོང་དུ་དྲངས་པ་དེ་ཕུད། ཏུན་ཧོང་ཡིག་ཆ་ཨང་རྟགས་P.t1257པ་ལས་དཔལ་དབྱངས་ཀྱིས་བྲིས་ཏེ་ཞུས་པའི་ཆོས་ཚན་ཁག་ཅིག་གི་མཚན་བྱང་འཁོད་པའི་ཐོག་མར་ཤེས་རབ་འབུམ་པ་བྱུང་བ་ལས་ཀྱང་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་རྗེས་སྦ་དཔལ་དབྱངས་འདི་ཉིད་བཙན་པོའི་ཞལ་ཆེམས་སམ་བཀའ་ལུང་ལྟར་དུས་ཡུན་གང་འཚམས་ཞིག་ལ་ཏུན་ཧོང་གི་ཡུལ་དེར་ཕེབས་ནས་བཞུགས་ཡོད་པར་གསལ་ལ། 《དབའ་བཞེད་》ཟས་གཏད་ཀྱི་ལོ་རྒྱུས་ལས། “རྟའི་ལོའི་དཔྱིད་ཟླ་ར་བའི་ངོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་འདས། སྲས་མུ་ནེ་བཙན་པོ་ནི་སྐུ་ཆུངས། ཆོས་སྤྱོད་པ་ལ་དགའ་བའང་ཉུང་སྟེ་” ⒄ ཞེས་བྱུང་བ་དེས་སྐབས་དེའི་གནས་ཚུལ་ག་འདྲ་ཡིན་པ་བསྟན་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་རྗེས་སངས་རྒྱས་པའི་ཆོས་ལ་སྤྱོད་པ་ཤིན་ཏུ་ཉུང་ངུར་ཕྱིན་པ་དང་། ལ་ལ་ཞིག་གིས་ཕྲ་མ་བཅུག་པའམ་མི་སྙན་པ་བརྗོད་པ་སོགས་དབང་གིས། བོད་ཡུལ་དབུས་དང་ཞལ་གྱེས་ཁར་བཙུན་པ་དཔལ་དབྱངས་ཀྱིས་བོད་འབངས་རྣམས་ལ་བརྫངས་པའི་སྤྲིངས་ཡིག་དེ་ཉིད་བྲིས་ནས་བརྫངས་ཏེ། བཙན་པོ་ལ་བཀའ་གྲོས་དག་གསོལ་བ་ལས། ལ་ལ་ནི་གནང་། ལ་ལ་ནི་མ་གནང་བས་འཁོན་ནས་གྱེད་དེ་ལྷོར་བཞུད་ཅེས་འགལ་བ་གང་རུང་ཞིག་གིས། བསམ་ཡས་སོགས་དང་ཞལ་གྱེས་ནས་ཡུལ་གཞན་འགྲིམས་པའི་སྤྱོད་པ་ལྷུར་བླངས་ཡོད་པའི་ཚུལ་དེ་རྟོགས་ཡོང་། གཞན་ཡང་དེ་ཉིད་ལས་སྔ་འགྱུར་རྙིང་མའི་བཀའ་སྲོལ་ཇི་ལྟར་རྒྱས་པའི་ཚུལ་འཆད་པ་ན། དཔལ་དབྱངས་སོགས་གྲུབ་པ་ཐོབ་པ་མང་པོ་བསྐུངས་ནས་བཞུགས་པའི་རྐྱེན་གྱིས། རྙིང་མའི་བཤད་སྲོལ་དེ་ཉིད་མ་ཉམས་པར་དར་ཐུབ་པ་བྱུང་ཚུལ་བསྟན་ཡོད་པ་འདི་ལྟར། “དེ་ལྟར་སྔ་འགྱུར་རྣམས་ལ་རྙིང་མ་ཞེས་གྲགས་ཏེ། སྔ་འགྱུར་གྱི་བསྙེན་སྒྲུབ་དང་བཤད་པའི་སྲོལ་རྣམས་ཇི་ལྟར་རྒྱས་ན། གླང་དར་གྱིས་ཆོས་བསྣུབས་ཙ་ན། ཆོས་དང་གང་ཟག་བསྐུངས་ནས་བཞུགས་པའི་ཞང་ཛྙཱ་ནའི་སློབ་མ་དཔལ་ཆེན་དགུ་ལ། མཁར་ཆེན་དཔལ་གྱི་དབང་ཕྱུག སོག་པོ་དཔལ་གྱི་ཡེ་ཤེས། ཤུད་པུ་དཔལ་གྱི་སེང་གེ གཉན་ཆེན་ཨ་ཙརྱ་དཔལ་དབྱངས། འོ་བྲན་དཔལ་གྱི་གཞོན་ནུ། རླངས་ཆུང་དཔལ་གྱི་སེང་གེ། པྲན་ཀ་དཔལ་གྱི་ཡོན་ཏན། དར་རྗེ་དཔལ་གྱི་གྲགས་པ། ཅོག་རོ་དཔལ་གྱི་དབང་ཕྱུག་རྣམས་དང་། སྲིན་པོ་རིའི་ལང་ལབ་བྱང་ཆུབ་རྡོ་རྗེ་དང་། སྣུབས་ནས་མཆེད་དེ།”⒅ཞེས་འབྱུང་བ་ལྟར་ན།དཔལ་དབྱངས་དང་བཅས་པའི་གྲུབ་ཐོབ་པ་མང་པོ་བཙན་པོ་དར་མ་ཨུ་དུམ་བརྩན་གྱིས་སྲིད་སྐྱོང་བའི་སྐབས་དེར་བསྐུངས་ནས་བཞུགས་ཡོད་པར་གསུངས་ཡང་། དོན་དུ་ཕལ་ཆེར་ཞིག་མདོ་སྨད་སོགས་ཡུལ་གྲུ་གཞན་དུ་གཤེགས་ནས་སྒོམ་སྒྲུབ་དང་འཆད་ཉན་གྱི་ལས་ལ་གཞོལ་ཏེ་ནང་པའི་བསྟན་པ་དར་སྤེལ་གྱི་བགྱི་བ་ཁུར་དུ་བླངས་ཤིང་བཞུགས་ཡོད་པར་མངོན་ནོ༎
བཞི་པ། དཔལ་དབྱངས་ཀྱིས་ཏུན་ཧོང་ཕྱོགས་སུ་མདོ་སྡེ་བྲི་བཞེངས་སོགས་ཀྱི་མཛད་འཕྲིན་ཆེར་བསྐྱངས།
བཙན་པོའི་རྒྱལ་རབས་སྐབས་སུ། རྗེ་འབངས་ཉེར་ལྔའི་ཁྲོད་ཀྱི་དགེ་སློང་མང་པོ་ཞིག་སྔ་རྗེས་སུ་བོད་ཡུལ་དབུས་ནས་མདོ་ཁམས་སྨད་ཀྱི་ཕྱོགས་སུ་ཕེབས་ཏེ། བོད་བཙན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་ཐད་མཛད་འཕྲིན་ཅི་རིགས་འཇོག་གནང་མཛད་མཐར། ཕལ་ཆེ་བ་ཞིག་མདོ་ཁམས་ཀྱི་ཡུལ་གྲུ་གང་ལ་ཡུན་རིང་དུ་བཞུགས་པ་དེ་ནས་སྐུ་ཚེའི་མཛད་པ་རྫོགས་པ་དཔེར་ན། སྣུབས་ནམ་མཁའི་སྙིང་པོ་དང་ཁོང་གི་སློབ་བུ་ཡེ་ཤེས་དབྱངས། གཞན་ཡང་བཙུན་པ་འགོས་ཆོས་གྲུབ་སོགས་ལྟ་བུ་མང་དུ་མཆིས། སྐབས་བབ་ཀྱི་དཔལ་དབྱངས་འདི་ཉིད་ཀྱང་མདོ་ཁམས་ཀྱི་ཡུལ་གྲུ་ཏུན་ཧོང་དུ་ཕེབས་ནས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ཡོད་དེ། སྲིད་ཕྱོགས་ནས་མཛད་པ་འདི་དང་འདི་བཞེས་ཞེས་དཔྱད་གཞི་ཡིག་ཆ་མང་དུ་མ་མཐོང་བས་ཞིབ་གསལ་བརྗོད་པའི་རྔོ་མི་ཐོགས་མོད། སྔར་དྲངས་པའི་ཏུན་ཧོང་བོད་ཀྱི་ཡིག་ཆ་P.T.1296པར། བན་དེ་དཔལ་དབྱངས་ཀྱི་མཆིད་གསོལ་ཞེས་པའི་ཡིག་འབྲུ་ཐིག་ཕྲེང་གཅིག་མ་ཟིན་ཙམ་བྱུང་བ་འདིས། ཁོང་གིས་ཆོས་སྒོམ་སྒྲུབ་དང་འཆད་ཉན་འབའ་ཞིག་ལས་སྲིད་ཕྱོགས་ལ་སྣང་དོགས་ཙམ་ཡང་མེད་ཅིང་། འཇིག་རྟེན་ལ་རྒྱབ་ཀྱིས་ཕྱོགས་པའི་བྱ་བཏང་གི་རྣམ་ཐར་ཁོ་ན་བསྐྱངས་པ་དེ་ཙམ་མ་ཡིན་པར།རྗེ་བླས་ཀྱི་བྱ་བ་ཁུར་དུ་མཛད་བཞིན་ཡོད་པ་རྟོགས་ཐུབ།
བཙན་པོ་ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་སྐུ་རིང་ལ། སྦ་དཔལ་དབྱངས་ཏུན་ཧོང་གི་ཡུལ་དུ་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་པའི་ཚུལ་ནི་ཡིག་ཆ་P.T.1257ལས་ཁོང་གིས་དངོས་སུ་བྲིས་ཏེ་ཞུས་པའི་ཆོས་ཀྱི་མཚན་ཐོ་དེས་བདེན་དཔང་བྱེད་ནུས་པ་ཕུད། སྔར་གླེངས་པའི་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ཤེས་རབ་འབུམ་པའམ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ད་ལྟར་ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དང་ཏུན་ཧོང་ཞིབ་འཇུག་གླིང་གཉིས་ན་མང་ཉུང་ཅི་རིགས་སུ་བཞུགས་པའི་ཤོག་དྲིལ་དེ་དག་དང་། བོད་ལྗོངས་གྲོ་མཁར་དགོན་དུ་བཞུགས་པའི་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་དུ་གྲགས་པའི་ཡིག་རྙིང་དེ་རྣམས་ཀྱིས་ར་སྤྲོད་བྱེད་ཐུབ། ཡིག་རྙིང་དེ་རྣམས་ཀྱི་མཇུག་བྱང་ན་དཔལ་དབྱང་ཞེས་པ་དང་། ལྷ་བརྩན་ཞེས་བྱ་བ་ལོ་ཙཱ་བའི་མཚན་མི་འདྲ་བ་གཉིས་ཤིག་བྱུང་བ་གྲོ་མཁར་དགོན་དུ་བཞུགས་པའི་ཤེས་རབ་འབུམ་པའི་ཤོག་དྲིལ་ཞིག་གི་མཇུག་བྱང་དུ། ཇེའུ་སྟག་ལེགས་བྲིས།དཔལ་དབྱང་ཞུས། ཕབ་ཏིང་ཡང་ཞུས། དེའུ་ཨིང་སམ་ཞུས། ⒆ ཞེས་དཔལ་དབྱང་གི་མཚན་བྱུང་བ་དང་། ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་བཞུགས་པའི་ཤེས་རབ་འབུམ་པའི་ཤོག་དྲིལ་ཨང་རྟགས་Db.t.0397པའི་མཇུག་བྱང་དུ། ཁང་ཀོག་ཀེན་བྲིས།། ལྷ་བརྩན་ཞུས།། ཏིང་ངེ་འཛིན་ཞུས།། དཔལ་གྱི་སྒྲ་ཞུས།། བརྟན་ཀོང་གིས་ཞུསོ།། ⒇ ཞེས་ལྷ་བརྩན་བྱ་བའི་མཚན་བྱུང་། དེའི་ཡང་མཇུག་ན། དཔེའ་འདི་ནི་ཝེང་ཧྱེན་ཧྱེན་གིས་བྲིས་ཏེ་ཞུསྟེ་གཐན་ལ་ཕབ་བོ།། རྡོ་རྗེ་ཞུས་སོ།། ཞེས་དང་། ཨང་རྟགས་Db.t.1175བ་ཤེས་རབ་འབུམ་པ་བམ་པོ་དང་པོའི་ལེའུ་དྲུག་བཅུ་རེ་གཅིག་པ་ནས་རེ་གཉིས་པའི་བར་དུ་བྱུང་བ་དག་གི་མཇུག་བྱང་ན། བམ་ཅུ་ཅུ་གྱིས་བྲིས།། ལྷ་བརྩན་ཞུས། སེང་གེ་སྒྲ་ཡང་ཞུས།དགེ་ལེགས་སུམ་ཞུས།། ཞེས་དང་། ཨང་རྟགས་Db.t.1176པ་ཤེས་རབ་འབུམ་པ་བམ་པོ་དང་པོའི་ལེའུ་དྲུག་བཅུ་རེ་གསུམ་པ་ནས་རེ་ལྔ་བའི་བར་དུ་བྱུང་བ་དག་གི་མཇུག་བྱང་དུ། བམ་མདོ་སྐྱེས་བྲིས།། ལྷ་རྩན་ཞུས། སེང་གེ་སྒྲ་ཡང་ཞུས། སག་བདེ་ལེགས་སུམ་ཞུས།། ངང་ཚུལ་བཞི་ཞུས།།ཞེས་དང་། ཨང་རྟགས་Db.t.1177པ་ཤེས་རབ་འབུམ་པ་བམ་པོ་དང་པོའི་ལེའུ་དྲུག་བཅུ་རེ་བདུན་པའི་མཇུག་བྱང་དུ། ཀེའུ་ཧེག་ཙེས་བྲིས།། ལྷ་བརྩན་ཞུས།། ལེགས་འདུས་ཡང་ཞུས།། ངང་ཚུལ་སུམ་ཞུས།། ཞེས་འབྱུང་བ་དང་། ཡང་ཨང་རྟགས་Db.t.1565པ་ཤེས་རབ་འབུམ་པ་བམ་པོ་གཉིས་པའི་ལེའུ་དྲུག་བཅུ་རེ་གཉིས་པ་ཡི་མཇུག་བྱང་དུ། བེན་ཚེས་བྲིས།། སུང་ཞུང་དོ་ཞུས།། ཙམ་ཏང་ཡང་ཞུས།། ལྷ་བརྩན་སུམ་ཞུས།། ཕུག་འས་བཞི་ཞུས།། ཞེས་འབྱུང་བ་དེ་དག་ལས། ལྷ་བརྩན་ནམ་ལྷ་རྩན་ཞེས་བྱ་བའི་མཚན་དེ་ལན་གྲངས་ལྔ་ཙམ་བྱུང་ཡོད་པ་གང་ཟག་གཅིག་གི་མཚན་གྱི་བྲིས་ལུགས་མི་འདྲ་བ་ཡིན་པ་རྟོགས་ཐུབ་པ་དང་། སྔར་ཡང་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས། བོད་ལ་དགེ་སློང་གི་མིང་ཡང་མ་མཆིས་པ་ལས་དབའ་ལྷ་བཙན་བན་དྷེར་ཕྱུང་ནས་མིང་ཡང་དབའ་དཔལ་དབྱངས་སུ་བཏགས་ (21) ཞེས་འབྱུང་བ་འདི་དག་ལ་བསམས་ན། ལྷ་བཙན་ནམ་ལྷ་བརྩན་ནི་སྦ་དཔལ་དབྱངས་རབ་ཏུ་མ་བྱུང་སྔོན་གྱི་མིང་ཡིན་པ་དང་། ཁོང་ཏུན་ཧོང་དུ་ཕེབས་རྗེས་ཤེས་རབ་འབུམ་པ་སོགས་མདོ་སྡེ་བཞེངས་པའི་ལས་སུ་ཞུགས་ཏེ། ལོ་ཙཱ་བ་རྣམ་པར་མི་རྟོག་པ་དང་། མྱང་ཏིང་ངེ་འཛིན།བཙུན་མོ་དཔལ་གྱི་ངང་ཚུལ། འགོས་ཆོས་གྲུབ་སོགས་དང་ལྷན་དུ། བཙན་པོའི་ཐུགས་དམ་གྱི་རྟེན་ཤེས་རབ་འབུམ་པ་དང་ཚེ་དཔག་མེད་ཏུ་མེད་པའི་མདོ་སོགས་མདོ་སྡེ་བྲི་བཞེངས་ཀྱི་ལས་སུ་ཞུགས་ནས་མཛད་རྗེས་ཆེ་བ་རྟོགས་ཐུབ།སྔོན་གྱི་དུས་སུ་རུས་གང་ཡིན་གྱི་ཁུངས་སྐྱེལ་བ་དང་གང་ཟག་གི་ཆེ་བ་འདོན་པ་དང་ཡབ་མེས་ཀྱི་ཆེ་དགེ་མཚོན་པ་སོགས་དང་། ཡང་ན་འཇིགས་ཉེན་ནམ་འགལ་བ་གང་རུང་ལས་གཡོལ་ཕྱིར། མི་བུ་གང་ཡིན་རབ་ཏུ་བྱུང་རྗེས་ཀྱང་རང་ཉིད་ཀྱི་རུས་མི་བོར་བར་མཚན་གྱི་མགོར་འདོགས་སྲོལ་ཞིག་མཆིས་པར་མངོན་ཏེ། དཔེར་ན་སྦ་ཡེ་ཤེས་དབང་པོ། པ་གོར་བཻ་རོ་ཙཱ་ན། སྐ་ཅོག་ཞང་གསུམ་དང་འགོས་ཆོས་གྲུབ་སོགས་བགྲང་གིས་མི་ལང་བ་ཡོད། དེ་ལྟ་བུའི་རུས་མིང་གི་འབོད་ཚུལ་དེ་ཡང་གཞན་གྱི་ངག་ལས་ཐོན་པ་ལས། རུས་མིང་གང་ལ་ཐོགས་པའི་མི་བུ་དེས་ཁེངས་པ་བསྐྱུངས་པ་དང་དམན་ས་འཛིན་པ་སོགས་ཞེ་སའི་དོན་སྟོན་ཆེད།བསྟན་བཅོས་བསྒྱུར་བ་དང་རྩོམ་པ་ན་ཡང་རང་གི་མིང་ཁོ་ན་ལས་རུས་མི་འགོད་པའི་ཚུལ་མང་དུ་མཆིས་ཏེ་དཔེར་ན།འགོས་ཆོས་གྲུབ་མཆོག་གིས་བསྒྱུར་བ་དང་ཞུས་པའི་མདོ་སྡེ་བསྟན་བཅོས་གང་ཡིན་གྱི་མཇུག་བྱང་ན་ཆོས་གྲུབ་ཞེས་པ་ལས་འགོས་ཀྱི་རུས་སྦྱར་བ་གཅིག་ཀྱང་མེད་པ་དང་། ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པའི་མདོ་སྡེ་ཐམས་ཅད་ཀྱི་མཇུག་ཏུ། བན་དེ་ཡེ་ཤེས་སྡེས་ཞེས་པ་ལས་རུས་འཁོད་མེད་པ་དེ་ལས་དཔོག་ན། དེ་ལ་ཡང་མདོ་དང་བསྟན་བཅོས་གང་རུང་བསྒྱུར་བ་པོ་དངོས་ཀྱིས་བྲིས་པའམ་བསྒྱུར་ཞུས་མཛད་པ་རྣམས་ལ་མིང་མ་གཏོགས་མི་འགོད་པ་དང་།དེ་ཉིད་གཞན་གྱིས་བྲི་བའམ་བཤུས་པའི་སྐབས་རྣམས་སུ་རུས་མིང་དང་བཅས་པ་འབྲི་སྲོལ་ཞིག་མཆིས་པར་སྙམ།སྐབས་འདིའི་དཔལ་དབྱངས་བྱ་བ་ཡང་དབའ་ལྷ་བཙན་ཞེས་པ་རབ་ཏུ་བྱུང་བའི་མཚན་ཡིན་མོད། གཞན་གྱིས་སྤྱོད་སྐབས་དབའ་ཞེས་པའི་རུས་མགོར་བཏགས་ནས་རུས་མིང་གཉིས་ཀས་འཛིན་པ་དང་། རང་གིས་མཚན་འགོད་པ་ན་རུས་བསྐྱུངས་ནས་མིང་འབའ་ཞིག་བྲི་བའི་ཚུལ་བྱུང་བར་བརྟེན། གཞན་གྱིས་མཚན་དེ་ནས་འཛིན་པ་ན་སྐབས་འགར་དགོས་དབང་གིས་སྐྱ་བོའི་གནས་སྐབས་དང་གཞན་དུ་རབ་བྱུང་གི་མཚན་ནས་འབོད་སྲོལ་མཆིས་པ་དཔེར་ན།སྦ་གསལ་སྣང་དང་དེའི་རབ་བྱུང་གི་མཚན་སྦ་ཡེ་ཤེས་དབང་པོ་གཉིས་ལོ་རྒྱུས་དེབ་ཐེར་དག་ན་རེས་མོས་སུ་འབྱུང་བ་ལྟ་བུ་བོད་ཀྱི་བསྟན་བཅོས་ཁག་ན་མང་དུ་མཐོང་ཐུབ།དཔེ་དེ་འདྲ་དེ་དང་དུས་སྐབས་གཅིག་ཏུ་བྱུང་བར་ངེས་པའི་ཡིག་རྙིང་གི་ཤོག་དྲིལ་རྣམས་སུ་ཡང་མཐོང་ཐུབ་པ་སྔར་དྲངས་པ་བཞིན་ནོ།།
བཙན་པོའི་ཐུགས་དམ་གྱི་མདོ་བཞེངས་པའི་མཛད་པ་གཙོ་བོ་མ་ཟད། བཙུན་པ་དཔལ་དབྱངས་འདི་ཉིད་ཀྱི་ས་རྟེན་བརྟེན་པ་གཞན་ཡང་བཞེངས་པའི་ཚུལ་ནི་ཁོང་གིས་དར་གོས་ལ་བྲིས་པའི་སྐུ་བརྙན་སྔར་ངོ་སྤྲོད་བྱས་པ་དེ་ལས་མཐོང་ཐུབ་པར་མ་ཟད། མདོ་སྡེ་སོགས་བསྒྱུར་བའམ་དགོངས་འགྲེལ་བསྟན་བཅོས་མཛད་པ་ཡང་རང་རེའི་བཀའ་འགྱུར་ཁྲོད་ན་མི་ཉུང་ཙམ་བཞུགས་ཏེ། ལོ་ཙཱ་བ་དཔལ་དབྱངས་དང་སྐ་བ་དཔལ་བརྩེགས་གཉིས་ཀྱིས། འཕགས་པ་བསྐལ་བ་བཟང་པོའི་མདོ་བམ་པོ་ཉི་ཤུ་རྩ་དྲུག་པ་བསྒྱུར་བ་ད་ལྟ་འུ་ཅག་གིས་ཏིང་འཕགས་བསྐལ་གསུམ་ཞེས་གཙིགས་ཆེར་འཛིན་པ་ལས་ཕྱི་མ་དེ་ཉིད་དང་། འཕགས་པ་སངས་རྒྱས་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ་དང་། དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་དང་ཤོ་ལོ་ཀ་དོན་ལྔ་པ་བཅས་འགྱུར་གསུམ་བཞུགས་ཤིང་།གང་ཉིད་ཀྱིས་མཛད་པའི་གསུང་རྩོམ་ལ་བསྟན་འགྱུར་ལས་སྣ་ཚོགས་ཀྱི་ཁྲོད་དུ་བཞུགས་པའི་ཐུགས་ཀྱི་སྒྲོན་མ་དང་། ལྟ་བ་ཡང་དག་སྒྲོན་མ། མཐའི་མུན་སེལ་སྒྲོན་མ། ཐབས་ཤེས་སྒྲོན་མ། རྣལ་འབྱོར་སྤྱོད་པའི་ལུགས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས་ཀྱི་སྒྲོན་མ། ལྟ་བ་རིན་པོ་ཆེའི་སྒྲོན་མ་སྟེ་སྒྲོན་མ་དྲུག་ཏུ་གྲགས་པ་དང་། བོད་འབངས་རྣམས་ལ་བརྫངས་པ་སོགས་བསྟན་བཅོས་ཐོར་བུའི་རིགས་ཀྱང་མང་དུ་མཛད་པར་མངོན། གཞན་བཙན་པོ་ཨུ་དུམ་བརྟན་གྱི་སྐུ་རིང་ལ་ཁོང་ཉིད་ནས་འདམ་ཆེན་གཡུང་དྲུང་གི་ལྷ་ཁང་ཞེས་པ་ཞིག་བཞེངས་ཡོད་པ་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ན་གསལ་བ་སོགས་མདོར་ན་དཔལ་དབྱངས་ཞེས་བྱ་བ་འདི་ཉིད་ནི། བོད་ཀྱི་རབ་བྱུང་གི་ཐོག་མ་དང་ཕྱིས་སུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ལ་བཞུགས་ཤིང་ཁྲི་སྲོང་ལྡེ་བཙན་མེས་དབོན་རིང་གི་ཆོས་ཀྱི་གཞི་འཛིན་གཙོ་བོའི་གྲས་དང་། གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཆེན་མོ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་མཁས་པར་ཆུད་པ་བཅས་ལགས་ཏེ། བོད་ཀྱི་ཆོས་སྲིད་རིག་གནས་ཐད་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱེས་བུ་དམ་པ་ཞིག་གོ
ལྔ་པ། དཔལ་དབྱངས་དང་འབྲེལ་བའི་དོགས་གནད་གཞན་ཞིག
དབྱིན་ཇིར་ཉར་བའི་ཏུན་ཧོང་བོད་ཀྱི་ཡིག་ཆ་ཁག་ཅིག་ཐའོ་མཱ་སིས་སྒྲིག་རྩོམ་གནང་བའི་ཏུན་ཧོང་གནའ་རབས་བོད་ཀྱི་ཡིག་ཆ་ཞེས་བྱ་བ་དེར་དྲངས་པ་ལས། རྟ་དང་ལུག་གི་ལོ།། ལྷ་སྲས་ཀྱི་སྐུ་ཡོན་དར་མ་ཤེས་རབ་འབུམ་པ་བྲི་པའི་ (22)ཞེས་སོགས་འབྱུང་བ་ལྟར། དེ་དག་ཀྱང་དཔལ་དབྱངས་སོགས་ཀྱིས་ཞུས་པའི་མདོ་སྡེའི་སྐོར་ཡིན་པས་དེའི་སྐོར་གྱི་དོགས་པ་འགའ་ཞིག་ཞུ་འདོད་པ་ནི། དེ་ལ་ཏུན་ཧོང་ཞིབ་འཇུག་གླིང་གི་ཀྲང་ཡན་ཆིང་ (张延清) ལགས་ཀྱིས་སྐབས་འདིའི་ལྷ་སྲས་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་ལ་འདོད་པས། རྟ་ལོ་འདི་ཡང་སྤྱི་ལོ་826པ་ཡིན་ངེས་པ་དང་།ཏུན་ཧོང་གི་ཡུལ་འདིར་ཤེས་རབ་འབུམ་པ་བྲི་བཞེངས་བྱེད་པའི་ཆོས་ཀྱི་ལས་སྒོ་དེ་ཉིད་ཡང་བཙན་པོ་འདི་པའི་སྐུ་རིང་ནས་བསླངས་པར་བརྗོད་མཐར། སྤྱི་ལོ་822པའི་སྔ་གཞུག་ལ་ཏུན་ཧོང་ཡུལ་འདིར་མདོ་སྡེ་བྲི་བཞེངས་ཀྱི་དབུ་བརྩམས་ནས་སྤྱི་ལོ་836ཡས་མས་སུ་མཇུག་རྫོགས་པའི་ལྟ་ཚུལ་བཏོན་འདུག པ་ཚབ་པ་སངས་དབང་འདུས་ལགས་ནས་ཀྱང་དེ་ལྟར་ཡིན་ཚུལ་བཞེད། (23) ཏུན་ཧོང་གི་ཡུལ་དུ་ཤེས་རབ་འབུམ་པ་བྲི་བཞེངས་གནང་བའི་ཆོས་ཀྱི་ལས་སྒོ་ཆེན་པོ་དེ་མཇུག་རྫོགས་པའི་ལོ་ཚིགས་ནི་ཕལ་ཆེར་དེ་ལྟར་ཡིན་ངེས་མོད།དབུ་བརྩམས་པའི་ལོ་826་བྱས་པ་ཅུང་ཟད་མི་འཐད་དེ། གྲོ་མཁར་དགོན་དུ་བཞུགས་པའི་བླ་འབུམ་གྱི་མཇུག་བྱང་དུ།ཇེའུ་སྟག་ལེགས་བྲིས། དཔལ་དབྱང་ཞུས། ཕབ་ཏར་ཡང་ཞུས། དེའུ་ཨིང་སུམ་ཞུས། ཞེས་དང་། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་པོད་ག་བའི་མཇུག་བྱང་དུའང་། ཇེའུ་ཧིང་ཅིན་གི་བྲིས། དམ་ཙོང་ཞུས། ཅེང་སེའུ་ཡང་ཞུས། ཕབ་དར་སུམ་ཞུས། ཞེས་དང་། ཡང་། ཁོང་གཡུ་ལེགས་བྲིས། དམ་ཙོང་ཞུས། སྒྲོན་མ་ཡང་ཞུས། སེང་གེ་སྡེས་ཞུས། ཞེས་དང་།སོང་སྟག་སྐྱེས་བྲིས། དམ་ཙོང་ཞུས། ཕབ་ཏིང་ཡང་ཞུས།ཇྀ་ཀྱིན་སུམ་ཞུས། (24) ཞེས་པ་སོགས་ལས། ཞུས་དག་པ་ཕབ་ཏར་དང་དཔལ་དབྱངས་ལྟ་བུ་ཏུན་ཧོང་གི་ཡིག་ཆ་དང་བླ་འབུམ་དུ་གྲགས་པའི་དཔེ་རྙིང་གཉིས་ཀར་བྱུང་ཡོད་པ་གཞིར་བཞག་Db.t.0397པ་ཤེས་རབ་འབུམ་པའི་མཇུག་བྱང་དུ། ཁང་ཀོག་ཀེན་བྲིས།། ལྷ་བརྩན་ཞུས། ཏིང་ངེ་འཛིན་ཞུས། དཔལ་གྱི་སྒྲ་ཞུས། བརྟན་ཀོང་གིས་ཞུས་སེ།། རྡོ་རྗེ་ཞུས་སོ།། དཔེའ་འདི་ནི་འྭེང་ཧྱེན་ཧྱེན་གིས་བྲིས་ཏེ་ཞུསྟེ་གཐན་ལ་ཕབ་བོ།། (25) ཞེས་འབྱུང་བ་ལས། ལྷ་བརྩན་དང་ཏིང་ངེ་འཛིན་གཉིས་ལྷན་དུ་མདོ་སྡེ་ཞུས་པོའི་ཁོངས་སུ་བཞུགས་ཡོད་ཚུལ་དང་། སྐབས་འདིའི་ཏིང་ངེ་འཛིན་ནི་ཁྲི་ལྡེ་སྲོང་བཙན་སྐུ་རིང་གི་བན་དེ་ཆེན་པོ་མྱང་ཏིང་ངེ་འཛིན་བཟང་པོ་ཡིན་པར་བཞེད་པ་དེ་ཕལ་ཆེར་དོན་ལ་གནས་པ་སོགས་ལས་དཔགས་ན། མདོ་སྡེ་ཤེས་རབ་འབུམ་པ་བཞེངས་འགོ་ཚུགས་པ་ནི་སྤྱི་ལོ་826པའི་ཡར་སྔོན་ནས་བྱུང་ཡོད་པའི་ཚོད་དཔག་བྱེད་ནུས་ཏེ། གྲོ་མཁར་དགོན་སོགས་སུ་བཞུགས་པའི་བླ་འབུམ་གྱི་དཔེ་རྣམས། ཏུན་ཧོང་གི་ཡུལ་ནས་བཞེངས་ཏེ་བོད་ཡུལ་དབུས་སུ་སྤྱན་དྲངས་པར་འདོད་ (26) པ་ལྟར་ན་ཡང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ནས་བཟུང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དང་ཆོས་ཀྱི་རིང་ལུགས་འཛིན་པ་སོགས་བཀའ་ལྟར་ཏུན་ཧོང་གི་ཡུལ་འདིར་ཕེབས་ནས། བཙན་པོའི་ཐུགས་དམ་གྱི་རྟེན་བླ་འབུམ་བཞེངས་པའི་ལས་སྒོ་ཕྱེས་ཡོད་པ་དོན་ལ་གནས། རྣམ་པ་གཞན་དུ་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ལ།སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཐུགས་དམ་གྱི་རྟེན་བཞེངས་ནས་ཚེ་ཡི་བར་ཆད་སོགས་སེལ་དགོས་པའི་བཀའ་སྩལ་བ་ན། པཎྜི་ཏ་དང་ལོ་ཙཱ་བ་རྣམས་བཀའ་བགྲོས་མཛད་དེ། ཕྱིའི་བསྐོངས་རིམ་གྲོར་ཐུགས་དམ་རྒྱལ་པོའི་མདོ་བཅུ་བསྒྱུར་ཏེ། ཤེས་རབ་སྙིང་པོ་ལྟ་བའི་མདོ། འདའ་ཀ་ཡེ་ཤེས་སྒོམ་པའི་མདོ། བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོ། རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ། བཟང་པོ་སྤྱོད་པ་སྨོན་ལམ་མདོ། ཚེ་དཔག་མེད་ཚེ་བསྲིངས་པའི་མདོ།གོས་སྔོན་ཅན་སྲུང་བའི་མདོ། ནོར་རྒྱུན་མ་ནོར་སྒྲུབ་པའི་མདོ། གཙུག་ཏོར་དཀར་མོ་བཟློག་པའི་མདོ། ཡི་གེ་གཅིག་མ་སྙིང་བོའི་མདོ། དེ་རྣམས་བསྒྱུར་ནས་རྒྱལ་པོའི་ཐུགས་དམ་ཕོག་ནས་ནར་མར་མཛད་ (27) ཅེས་ཉང་གི་ཆོས་འབྱུང་སོགས་སུ་འབྱུང་བ་ལྟར། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་གྱི་རྟེན་ལ་ཤེར་ཕྱིན་གྱི་སྐོར་ཤེས་རབ་སྙིང་པོ་དང་ཤེར་ཕྱིན་ཡི་གེ་གཅིག་མ་གཉིས་ལས། ཤེས་རབ་འབུམ་པ་སྐབས་དེར་ཡོད་མེད་མི་ཤེས་མོད། བཙན་པོའི་འདད་གཏོང་སྐབས་ཤེར་ཕྱིན་ཡུམ་ (28) སྲས་མང་དུ་བཀླགས་ཏེ་འདད་རྒྱས་པར་བཏང་ཚུལ་དབའ་བཞེད་དུ་འབྱུང་བ་སོགས་ལས། ཤེས་རབ་འབུམ་པ་བཙན་པོ་ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བྱུང་ཡོད་ནའང་། ལྷ་བཙན་པོའི་ཐུགས་དམ་གྱི་གཙོ་བོར་བཞེངས་སྲོལ་དེ་སྲས་ཁྲི་ལྡེ་སྲོང་བཙན་གྱི་རིང་ནས་བྱུང་བར་བརྗོད་ན་ཆེར་མི་འགལ་སྙམ་མོ༎
ཟུར་ལྟའི་དཔྱད་གཞི།
1.བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། 《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》[Z] མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་དང་པོ།
2.《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ཞེས་བྱ་བ་ལྡེའུ་ཇོ་སྲས་ཀྱིས་མཛད་པ་བཞུགས་སོ》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོའི་ཟླ་9པ།
3.གཏེར་སྟོན་ཨུ་རྒྱན་གླིང་བ། 《པདྨ་བཀའ་ཐང》 [C] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་དྲུག་པ།
4.《བསྟན་འགྱུར་ལས་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་བོད་རྒྱ་ཤན་སྦྱར་མ》 [Z] མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་12པ།
5.གུ་གེ་མཁན་ཆེན་གྲགས་པ་རྒྱལ་མཚན། 《ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས》 [M] གློག་རྡུལ་པར་གཞི།
6.ཅིན་ཡ་ཧྲིན་སོགས། 《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་པོད་བརྒྱད་པ་ནས་བཅུ་པ》[Z] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2006ལོའི་ཟླ་7པ།
7.ཆོས་ཉིད་ཡེ་ཤེས། 《གཉགས་སྟོན་པའི་གདུང་རབས་དང་གདན་རབས》 [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1997ལོའི་ཟླ་6པ།
8.ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 [C] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོའི་ཟླ་3པ།
མཆན་འགྲེལ།
①གསལ་བཤད། དཔྱད་རྩོམ་འདི་ནི་2013ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཏུན་ཧོང་ནས་ཐོན་པའི་ནང་བསྟན་ཤོག་དྲིལ་རྒྱ་བོད་ཤན་སྦྱར་ཞིབ་འཇུག་[མཚོན་རྟགས། 1313YY137]ཅེས་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་འཇོན་མི་སྐོང་འགུག་གི་འཆར་འགོད་རྣམ་གྲངས་[མཚོན་རྟགས། xbmuyjrcs201304]ཀྱི་བར་སྐབས་དཔྱད་འབྲས་ཡིན།
②③《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1999ལོའི་ཟླ1པོ། p797 p805
④巴桑旺堆:《关于古藏文写本的研究方法的再探索》[J],《中国藏学》2009年第3期。
⑤སྐ་བ་ཤེས་རབ་བཟང་པོ། 《བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འབུམ་སྐོར་ངོ་སྤྲོད་ཞུས་པ》[J] 《ཀྲུང་གོའི་བོད་རིག་པ》 2009ལོའི་དེབ་གཉིས་པ།
⑥འདི་ནི་ཏུན་ཧོང་ཞིབ་འཇུག་གླིང་གིས་མཁོ་འདོན་བགྱིས་ཤིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་འགྲེམ་བཟོ་གནང་བའི་ལི་ཐོ་བཀལ་མ་ཞིག་མཆིས་པ་དེ་གཞིར་བཟུང་བ་ཡིན།
⑦《བསྟན་འགྱུར་དཔེ་སྡུར་མ་དེབ་བརྒྱ་དང་བཅོ་ལྔ་བ་སྣ་ཚོགས་ལས་ཅོ》 [C] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོའི་ཟླ་9པ། p638
⑧《དབའ་བཞེད་བཞུགས་སོ》 [C] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ་11པ། p28
⑨⑩《བུ་སྟོན་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོའི་ཟླ་9པ། p186
⑾《ལྡེའུ་ཆོས་འབྱུང་རྒྱས་པ་》རུ། “སད་མི་བཅུ་གསུམ་རབ་ཏུ་བྱུང་ཞེས་པ་ནི། དགེ་སློང་ལ་སྔ་བ་རྦའི་བན་དྷེ་གཉིས་ཏེ། སྦ་གསལ་སྣང་དང་། སྦ་གསལ་སྦྱར་གཉིས་སོ།། བཙུན་པ་ལ་སྔ་བ་ངན་ལམ། ལྷ་ལུང་དཔལ་གྱི་རྡོ་རྗེ། བློ་རྣོ་བ་རིན་ཆེན་དང་། ལན་གསུམ་རྒྱལ་བ་བྱང་ཆུབ། མཁས་པ་བཻ་རོ་ཙ་ནའོ།། གནས་བརྟན་ལ་སྔ་བ་འོར་རྒྱད་ཁ་ཕུན། སྨན་ཤཱཀྱ། འགར་ཤཱཀྱའོ། མཐུ་ཆེ་བ་སྣུབས་ནམ་མཁའི་སྙིང་བོ། བློ་རྣོ་བ་ཡོན་ཏན་སྙིང་བོ། བློ་རྣོ་བ་ཤེས་རབ་དང་ལྡན་པ་རླངས་ཁམས་པ་གོ་ཆའོ།།” ཞེས་འབྱུང་། སྐབས་འདིའི་སྦ་གསལ་སྦྱར་བྱ་བ་དེ་སྦ་དཔལ་དབྱངས་དང་གཅིག་ཡིན་པར་སྣང་ངོ་།། མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཆོས་འབྱུང་རྒྱས་པ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོའི་ཟླ་དྲུག་པ། p358
⑿《དབའ་བཞེད་བཞུགས་སོ》[C] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ་11པ། p43
⒀⒁《དབའ་བཞེད་བཞུགས་སོ》 [C] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ་11པ། p46 p38
⒂ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1998ལོའི་ཟླ་3པ། p347
⒃ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1998ལོའི་ཟླ་3པ། p437
⒄《དབའ་བཞེད་བཞུགས་སོ》 [C] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ་11པ། p49
⒅ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1998ལོའི་ཟླ་3པ། p482
⒆张延清:《浅议卓卡寺藏经与敦煌〈大般若经〉的关系》[J],《西藏研究》2010年第1期。
⒇ཉིས་སྟོང་དགུ་ལོའི་ཟླ་བརྒྱད་པའི་སྟོད་ལ། ཁོ་བོ་རྒན་བཀྲ་ཤིས་ཚེ་རིང་སོགས་དང་ལྷན་ཏུ་ཏུན་ཧོང་མའོ་ཀའོ་ཕུག་པ་དང་ཀ་ཅུའི་ཡུས་ལིན་ཕུག་པ། སུའུ་ནན་འཇམ་དབྱངས་ལྷ་ཁང་། ནང་སོག་གི་མཁར་ནག་གནའ་ཤུལ་སོགས་སུ་རྟོག་དཔྱོད་དུ་བསྐྱོད་སྐབས། ཏུན་ཧོང་བོད་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུ་བསྡུ་བའི་སྐབས་དང་འགྲིག་སྟེ། ཏུན་ཧོང་གྲོང་ཁྱེར་རྟེན་རྫས་བཤམ་སྟོན་ཁང་དུ་ཉར་ཚགས་གནང་ཡོད་པའི་བོད་ཀྱི་ཡིག་ཆ་ཁག་ཅིག་ལ་མཇལ་བའི་སྐལ་བ་ཐོབ་པས། ཡིག་ཆ་དེ་དག་གི་མཇུག་བྱང་དུ་གསལ་བའི་རིགས་གང་ཡོད་སྐབས་འཕྲལ་སུག་བྲིས་སུ་ཕབ་པ་ཡིན་ཞིང་། ཕྱིས་སུ་དཔྱད་རྩོམ་འགའ་རེར་ཡིག་ཆ་དེ་རྣམས་ལུང་དྲངས་པའང་མཐོང་།
(21)《དབའ་བཞེད་བཞུགས་སོ》[C] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ་11པ། p28
(22)托马斯编著,刘忠、杨铭译注:《敦煌西域古藏文社会历史文献》[C],北京:民族出版社,2003年3月,第423页。
(23)巴桑旺堆:《关于古藏文写本的研究方法的再探索》[J],《中国藏学》2009年第3期。
(24)སྐ་བ་ཤེས་རབ་བཟང་པོ། 《བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བླ་འབུམ་སྐོར་ངོ་སྤྲོད་ཞུས་པ》 [J] 《ཀྲུང་གོའི་བོད་རིག་པ་》2009ལོའི་དེབ་གཉིས་པ།
(25)(26)马德:《西藏发现的〈喇蚌经〉为敦煌写经》[J],《敦煌研究》2009年第5期。
(27)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1998ལོའི་ཟླ་3པ། p336
(28)དབའ་བཞེད་ལས་ཟས་གཏད་ཀྱི་ལོ་རྒྱུས་ལྟར་ན། ཤེས་རབ་འབུམ་པ་ཐོག་མ་བོད་དུ་བསྒྱུར་མཁན་ནི་དབའ་རད་ན་ཡིན་པར་བཤད།