༄༅།། བོད་ཁུལ་གནད་ཁེལ་དབུལ་སྐྱོར་སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུའི་བསྡུས་བཤད།
རྟ་མགྲིན་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-20
རྟ་མགྲིན་ཚེ་བརྟན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] F126
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0037-11
བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་སྐོར་གྱི་ཞིབ་འཇུག་ལ་སྐུལ་འདེད་དང་། དབུལ་སྐྱོར་སྐོར་གྱི་བསམ་གཞིགས་བརྗེ་རེས། དབུལ་ཐར་ལེགས་འགྲུབ་ཡོང་བར་ཚན་རིག་རང་བཞིན་གྱི་གྲོས་གཞི་འདོན་པ་བཅས་བའི་ཆེད་དུ།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་དང་མི་རིགས་ཞིབ་འཇུག་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་ཏེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་དང་། ཀྲུང་གོའི་བོད་རིག་པའི་དུས་དེབ་ཁང་དང་ཚན་ཞིབ་འགན་ལས་གཞུང་ལས་ཁང་། སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཁུལ་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་①བཅས་ཀྱིས་མཉམ་སྒྲུབ་བྱས་པའི་“བོད་ཁུལ་གནད་ཁེལ་དབུལ་སྐྱོར་སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་”སྤྱི་ལོ་2017ལོའི་ཟླ་4པའི་ཚེས་25ནས་26བར་སི་ཁྲོན་ཞིང་ཆེན་ལིའང་ཧྲན་རང་སྐྱོང་ཁུལ་ཞི་ཁྲང་གྲོང་ཁྱེར་ (西昌市) ནས་བསྡུས། ཚོགས་འདུར་པེ་ཅིན་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། བོད་ལྗོངས། ཀོང་ཏུང་བཅས་པ་ནས་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་ནས་ཕེབས་པའི་ཆེད་མཁས་དང་སྲིད་གཞུང་གི་འགོ་ཁྲིད་ཁྱོན་མི་60ལྷག་ཞུགས། ཚོགས་འདུའི་སྟེང་ཆེད་མཁས་པ་དག་གིས་རང་ཉིད་ཀྱི་རིག་ཚན་གྱི་མཐོང་སྣེ་དང་ཡུལ་དངོས་བརྟག་དཔྱད་གཞིར་བྱས་ཏེ། གཙོ་བོ་སྤྱི་ཁོག་ངོས་ཐད་ཀྱི་དབུལ་ཕོངས་དང་དབུལ་སྐྱོར། བོད་ཁུལ་གནད་ཁེལ་དབུལ་སྐྱོར་གྱི་ལམ་བུ་དང་ནུས་ལྡན་ལམ་ལུགས། བོད་ཁུལ་གྱི་དབུལ་ཕོངས་དང་དབུལ་སྐྱོར་སྐོར་གྱི་བྱེ་བྲག་གི་ཁྱབ་ཁོངས་སོགས་ཀྱི་སྐོར་ལ་བགྲོ་གླེང་སྤེལ།
སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་དབུ་འཛིན་ཡན་ཞའོ་བུན་གྱིས་ཚོགས་འདུའི་སྒོ་དབྱེའི་མཛད་སྒོར་འགོ་འཛིན་བྱས། མཛད་སྒོའི་སྟེང་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་གི་རྩ་འཛུགས་ཀྱི་འགོ་ཁྲིད་ཚོགས་པའི་ཚོགས་མི་དང་དེང་རབས་ཞིབ་འཇུག་ཁང་གི་དབུ་འཛིན་ལན་ཞང་མིན་གྱིས་གཏམ་བཤད་གནང་། ཁོས་ཐོག་མར་རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཀྱི་ངོས་ཐད་ནས་བཅོས་སྒྱུར་སྒོ་འབྱེད་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་གྱི་དབུལ་སྐྱོར་སྲིད་ཇུས་དང་དེའི་དགོངས་དོན། ད་དུང་དེ་ཉིད་དངོས་བསྟར་བྱས་པའི་གོ་རིམ་བཅས་ལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་། དེ་ནས་དེར་མཐུད་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཚན་ཁང་གཙོར་བྱས་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ཁུལ་གྱི་དབུལ་ཕོངས་དང་དབུལ་སྐྱོར་སྐོར་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་མཚམས་སྦྱར་བ་དང་སྦྲགས། བོད་ཁུལ་གྱི་དབུལ་སྐྱོར་བྱ་གཞག་ཁྲོད་ངེས་པར་དུ་ཀྲུང་དབྱང་གིས་བཏོན་པའི་“འཕེལ་རྒྱས་ཀྱི་འདུན་མ་ལྔ་”(གསར་སྐྲུན། སྙོམ་སྒྲིག ལྗང་མདོག སྒོ་འབྱེད། མཉམ་རོལ། ) ལག་ལེན་དུ་བསྟར་དགོས་པ་དང་། དབུལ་སྐྱོར་གྱི་བྱ་གཞག་ཀྱང་ངེས་པར་དུ་སྔར་གནས་ཀྱི་“གཞན་གྱིས་ནུས་ཚད་སྣོན་པའི་”རྣམ་པ་ནས་“གནད་འཁེལ་ཅན་”དང་“རང་གིས་ནུས་ཚད་སྐྲུན་པའི་”རྣམ་པར་བར་བརྒལ་བྱས་ཏེ། མཐར་དབུལ་ཕོངས་ཀྱི་མི་གྲངས་དུས་ལྟར་ཡོངས་ནས་དབུལ་ཐར་དང་མཉམ་དུ་དབུལ་ཐར། བརྟན་བརླིང་གིས་དབུལ་ཐར་ཡོང་དགོས་པར་ནན་བཤད་བྱས། ལིའང་ཧྲན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལུང་ཝེས་ཡིས་ལིའང་ཧྲན་ཁུལ་གྱི་གནས་ཡུལ་གྱི་ལེགས་ཆ་དང་རིགས་མི་འདྲ་བའི་ཐོན་ཁུངས་ཀྱི་ཁྱབ་ཚུལ་མཚམས་སྦྱོར་བྱས་ཤིང་། ལིའང་ཧྲན་ཁུལ་སྲིད་གཞུང་གིས་ལོ་འདི་འགའི་རིང་ལ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཐར་ཕྱུག་སྒྱུར་ཐད་འབྲས་བུ་མི་དམན་པར་བླངས་ཡོད་པར་ངོས་ལེན་བྱས། ཁྱད་པར་དུ་མུ་ལི་རང་སྐྱོང་རྫོང་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་འཕེལ་རྒྱས་ཐད་ནུས་ལྡན་གྱི་ལམ་བུ་བཏོད་པར་གདེངས་འཇོག་མཐོན་པོ་བྱས། དེ་དང་དུས་མཚུངས་ཁོང་གིས་ཚོགས་ཞུགས་ཆེད་མཁས་དང་ཞིབ་འཇུག་པ་དག་གིས་ལིའང་ཧྲན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཐར་ཕྱུག་སྒྱུར་ཐད་གྲོས་འཆར་ཡང་དག་འདོན་པའི་རེ་བའང་ཞུས། ལིའང་ཧྲན་ཁུལ་ཨུ་ཡི་སྔར་གྱི་ཧྲུའུ་ཅི་གཞོན་པ་དང་ལིའང་ཧྲན་ཁུལ་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་བིན་ཨན་གྱི་ས་ཐོག་མར་སི་ཁྲོན་ཞིང་ཆེན་ལྷོ་ནུབ་ཏུ་ཁ་འཐོར་དང་འདྲེས་སྡོད་དུ་གནས་པའི་བོད་རིགས་ཀྱི་ལོ་རྒྱུས་ཀྱི་མིང་བརྡ་དང་འབྱུང་ཁུངས། མི་གྲངས་ཁྱབ་ཚུལ་རགས་བརྗོད་བྱས་ཏེ།ཡང་སྒོས་སུ་ཁུལ་འདིའི་བོད་ཀྱི་རིག་གནས་ཞིབ་འཇུག་ལས་ཁུངས་ཀྱི་འཛུགས་སྐྲུན་གནས་ཚུལ་དང་དེའི་ཞིབ་འཇུག་འབྲས་བུ་དག་ངོ་སྤྲོད་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་བོད་ཁུལ་གཞན་དུ་བསྟར་བཞིན་པའི་དམིགས་བསལ་ལྟ་སྐྱོང་གི་སྲིད་ཇུས་དེ་ཉིད་སི་ཁྲོན་ལྷོ་ནུབ་དུ་ཁ་འཐོར་དང་འདྲེས་སྡོད་དུ་གནས་པའི་བོད་རིགས་ལའང་ཁྱབ་ཐུབ་པ་བྱ་དགོས་པའི་འབོད་སྐུལ་བཏང་།
གཏམ་བཤད་གཙོ་བོ་དང་ཚོ་ཆུང་བགྲོ་གླེང་གི་སྟེང་དུ།ཚོགས་ཞུགས་མི་སྣ་དག་གིས་རང་ཉིད་ཀྱི་ཞིབ་འཇུག་མཐོང་སྣེ་ནས་འགོ་ཚུགས་ཏེ། སྤྱི་ཁོག་ངོས་ཐད་ཀྱི་དབུལ་ཕོངས་དང་དབུལ་སྐྱོར། བོད་ཁུལ་གནད་ཁེལ་དབུལ་སྐྱོར་གྱི་ལམ་བུ་དང་ནུས་ལྡན་ལམ་ལུགས། བོད་ཁུལ་གྱི་དབུལ་ཕོངས་དང་དབུལ་སྐྱོར་སྐོར་གྱི་བྱེ་བྲག་གི་ཁྱབ་ཁོངས་སོགས་ཀྱི་སྐོར་ལ་དཔྱད་གླེང་སྤེལ།
གཅིག སྤྱི་ཁོག་ངོས་ཐད་ཀྱི་དབུལ་ཕོངས་དང་དབུལ་སྐྱོར།
ཀྲུང་དབྱང་མི་རིགས་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་བང་བིན་ཁྲང་(《དབུལ་ཕོངས་ཀྱི་འཕྲོས་ལུས་རྣམ་པ་དང་དེའི་བཅོས་སྐྱོང་བྱེད་ཐབས་》)གིས་རང་རྒྱལ་གྱི་མ་འོངས་པར་འབྱུང་ངེས་པའི་དབུལ་ཕོངས་ཀྱི་གནས་སྟངས་དང་དེའི་ཁྱབ་ཚུལ་དང་ཆུ་ཚད། བཅོས་སྐྱོང་བྱེད་ཐབས་བཅས་ལ་སྔོན་དཔག་རང་བཞིན་གྱི་བསམ་གཞིགས་བཏང་ཡོད། ཁོང་གིས་བཞེད་ཚུལ་ལྟར་ན། དབུལ་ཕོངས་ཀྱི་སྣང་ཚུལ་ལ་ཚད་ངེས་ཅན་གྱི་ཡུན་རིང་བའི་ཁྱད་ཆོས་ལྡན་པས། རང་རྒྱལ་གྱི་དབུལ་ཕོངས་ཀྱང་དུས་ཡུན་རིང་བོར་གནས་ངེས་པ་དང་། རྒྱལ་ཁབ་ཀྱིས་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་བསྟར་བ་བརྒྱུད། རང་རྒྱལ་གྱི་དབུལ་ཕོངས་ལ་གྲངས་ཚད་དང་ངོ་བོ་ཅི་རིགས་སྒོས་ལེགས་སྒྱུར་ཡོང་ངེས་ཤིང་། དབུལ་ཕོངས་ཀྱི་ཁྱབ་སྟངས་ཀྱང་སྤྱིའི་ཆ་ནས་ཁ་འཐོར་དང་ས་ཁུལ་ཆུང་བར་ཁྱབ་པའི་རྣམ་པ་མངོན་ཡང་། དབུལ་ཕོངས་ཀྱི་ཚད་མཐོ་ཞིང་ཁུལ་འདྲེས་ཡོད་པའི་ས་ཁོངས་སུ་གཅིག་བསྡུས་ཀྱིས་ཁྱབ་པའི་རྣམ་པ་འབྱུང་ཞིང་གཙོ་བོ་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དམན་པའི་མི་རིགས་གྲངས་ཉུང་གི་ས་ཁུལ་དུ་ཁྱབ་ངེས། ཡང་ཅིག་བཤད་ན་ཕྱོགས་གཞན་པའི་འགྱུར་ལྡོག་ཀྱང་འབྱུང་ངེས་པ་དེ་ནི་ངེས་གཏན་མེད་པའི་ཁ་ཕྱོགས་ནས་འཛིན་དགོས་པའོ།། དབུལ་ཕོངས་ཀྱི་འཕྲོས་ལུས་ཀྱི་རྣམ་པ་འདི་དག་ཇི་ལྟར་བཅོས་སྐྱོང་བྱེད་པའི་ཐད་ལ། གཅིག་ནས་དབུལ་ཕོངས་ཀྱི་ངོས་འཛིན་སྟངས་ལ་འགྱུར་བ་གཏོང་དགོས་པ་དང་།གཉིས་ནས་དབུལ་ཐར་སྲ་བརྟན་དུ་གཏོང་བའི་རྒྱུན་གཏན་གྱི་བཅོས་ཐབས་ཆགས་དགོས་པ། གསུམ་ནས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ནུས་དེ་རིམ་གྱིས་དབུལ་སྐྱོར་སྡེ་ཁག་ནས་དམངས་སྲིད་དང་སྤྱི་ཚོགས་འགན་ལེན་གྱི་མ་ལག་ཏུ་ཚུད་པར་བྱས་ཏེ་དོ་དམ་བྱེད་པ། བཞི་ནས་དབུལ་ཕོངས་ཀྱི་འགྱུར་ལྡོག་ལ་དུས་ལྟར་དཔྱད་ཞིབ་བྱེད་པ། ལྔ་ནས་དབུལ་སྐྱོར་གྱི་ཆེད་དམིགས་ལས་གཞི་དང་གཅིག་གྱུར་འཆར་འགོད་གཞི་གཅིག་ཏུ་འདྲེས་པའི་བཅོས་སྐྱོང་ལམ་ལུགས་ཆགས་དགོས་པ། དྲུག་ནས་རྒྱལ་མཚམས་ས་ཁུལ་གྱི་དབུལ་ཕོངས་ལ་རྒྱལ་ཁབ་ཀྱིས་དེའི་རྒྱལ་སྲུང་དོན་སྙིང་ལ་གཞིགས་ཏེ་བཅོས་སྐྱོང་བྱེད་དགོས་པ་བཅས་བཏོན་གནང་བ་རེད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་མོ་འཚོས་(《དབུལ་ཕོངས་ཀྱི་གཉོམ་ཞན་རང་བཞིན་དང་རྒྱུན་བསྲིང་འཚོ་ཚིས་ལ་དམིགས་པའི་རང་རྒྱལ་བོད་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་གྱི་ཡུན་ཕན་རང་བཞིན་གྱི་བསམ་གཞིག་》)གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་གྱི་ཡང་སྙིང་དང་འབྲེལ་བར་དབྱེ་ཞིབ་བྱས་པ་དང་། དབུལ་ཕོངས་ཀྱི་ཉམས་ཞན་རང་བཞིན་གྱི་གཞུང་ལུགས་ (贫困脆弱性理论) དང་འཚོ་ཇུས་ཀྱི་རྒྱུན་མཐུད་རང་བཞིན་གྱི་ལྟ་བ་རྨང་གཞིར་བྱས་ཏེ། བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་ཁྲོད་གནས་པའི་གནད་དོན་དང་དེའི་རྒྱུན་གཏན་གྱི་འཕེལ་རྒྱས་ལ་བསམ་གཞིགས་བཏང་སྟེ། རྒྱ་ཆེ་བའི་བོད་ཁུལ་ལ་མཚོན་ན། དབུལ་ཕོངས་ཀྱི་ཚད་ཐིག་ (贫困线) རྐྱང་བ་གཞིར་བྱས་ཏེ་དབུལ་ཕོངས་ལ་ངོས་འཛིན་དང་ངེས་གཏན་བྱ་མི་རུང་པར། ངེས་པར་དུ་དབུལ་ཕོངས་ཀྱི་ཉམས་ཞན་རང་བཞིན་དང་དེའི་འགུལ་རྣམ་རང་བཞིན་ལ་དུས་གཅིག་ཏུ་བསམ་བློ་གཏོང་དགོས། ཞིབ་པར་བཤད་ན། དབུལ་ཕོངས་ཁྱིམ་ཚང་ལ་ལྡན་པའི་འཚོ་འཚིས་ཀྱི་རྒྱུ་ཆ་དང་དེའི་རྒྱུན་གནས་རང་བཞིན། དེས་ཕྱི་རོལ་ནས་སླེབས་པའི་འཚོ་བའི་ཉེན་ཁ་དང་གཡོ་སྐྱོམ་འགོག་པའི་ནུས་པ་སོགས་དང་སྦྱར་ཏེ་ཕྱོགས་སྣ་མང་ནས་དབུལ་ཕོངས་ལ་ཚད་འཇལ་དགོས་པ་མ་ཟད། གཞན་ད་ལྟའི་དབུལ་ཕོངས་མི་གྲངས་ལ་དོ་སྣང་བྱེད་པ་དང་། དེ་དང་མཚུངས་པར་རྗེས་མར་དབུལ་ཕོངས་སུ་འགྱུར་ངེས་པའི་མཐའ་ཁུལ་གྱི་མི་གྲངས་ལའང་དོ་སྣང་བྱེད་དགོས། འདི་ནི་བོད་ཁུལ་གྱི་དབུལ་ཕོངས་བཅོས་སྐྱོང་ལ་འཕྲད་པའི་དཀའ་གནད་ཡིན་པ་མ་ཟད། གནད་འཁེལ་དབུལ་སྐྱོར་དང་དབུལ་ཐར་གྱི་སྲིད་ཇུས་ལ་གཏན་འཇགས་ཡིན་ཞིང་རྒྱུན་རིང་བའི་གྲུབ་འབྲས་ཐོབ་པའི་འགག་རྩ་ཡང་ཡིན་པར་བརྗོད།
བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ལི་ཅི་ཀང་(《བོད་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཉམས་ཞན་རང་བཞིན་དང་དབུལ་སྐྱོར་སྲིད་ཇུས་》)གིས་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཉམས་ཞན་རང་བཞིན་ལ་དབྱེ་ཞིབ་བྱས་ཏེ། ཁོས་བསྟན་རྒྱུར། མིའི་འཚོ་འཚིས་ཀྱི་ཉམས་ཞན་རང་བཞིན་དང་དབུལ་ཕོངས་ནི་ཕན་ཚུན་རྒྱུ་འབྲས་དང་རེས་འགྲོགས་ཀྱི་ཚུལ་དུ་གནས་པ་ཞིག་རེད། བོད་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཉམས་ཞན་རང་བཞིན་ཕྱོགས་འདི་དག་ནས་མངོན་ཡོད་དེ། རང་བྱུང་གི་ཆ་རྐྱེན་ཞན་པ་དང་རང་བྱུང་གནོད་འཚེ་མང་དུ་བྱུང་བ་དེས་ཁོ་ཚོའི་འཚོ་བའི་ཉེན་ཁ་ཇེ་མང་དུ་བཏང་ཡོད་པ། ཞིང་ལས་ཀྱིས་རྒྱུ་ནོར་བསྐྲུན་ཚད་ཤིན་ཏུ་ཉུང་བ་དང་དེའི་ཉམས་ཞན་རང་བཞིན་ཧ་ཅང་ཆེ་བས་ཕྱི་རོལ་ཁྲོམ་ར་ནས་སླེབས་པའི་གཡོ་སྐྱོམ་འགོག་དཀའ་བ། རྩྭ་རར་བཅོས་བསྒྱུར་བཏང་བ་དེས་སྔར་གནས་ཀྱི་སྤྱི་ཚོགས་འབྲེལ་བར་འགྱུར་ལྡོག་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་སྤྱི་ཚོགས་ཀྱི་མ་རྩ་②ཉམས་ཞན་དུ་བསྒྱུར་བ། ཁོ་ཚོའི་འགུལ་སྐྱོད་རང་བཞིན་ལ་ཚད་བཀག་ཐེབས་ཡོད་པ་དེས་ཐོན་སྐྱེད་འཚོ་བའི་ཁྲོད་གནས་པའི་དཀའ་ཉེན་ལ་གདོང་གཏོད་དཀའ་བ་སོགས་བརྗོད་ལ། ད་དུང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཉེན་ཁ་འདི་དག་ལ་གཞིགས་ཏེ། གཅིག་ནས་ཞིང་འབྲོག་མང་ཚོགས་ཀྱིས་རང་བྱུང་ལས་ཐོན་པའི་ཉེན་ཁར་འགོག་པའི་ནུས་པ་གོང་མཐོར་གཏོང་པ་དང་། གཉིས་ནས་ཁོ་ཚོར་དཔལ་འབྱོར་ཁྲོམ་རར་ཞུགས་པའི་ནུས་པ་གོང་མཐོར་བཏང་སྟེ་ཁྲོམ་ར་ནས་ཐོན་པའི་དཀའ་ཉེན་ཐག་གཅོད་བྱེད་པ། གསུམ་ནས་སྡེ་བའི་ཨུ་ལྷན་གྱི་འགན་ནུས་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་སྤྱི་དབང་ཞབས་ཞུ་གང་ལེགས་མཁོ་སྤྲོད་བྱེད་པ། བཞི་ནས་ཁོ་ཚོར་མ་རྩ་གསོག་འཇོག་བྱེད་པའི་སྣེ་ཁྲིད་ལེགས་པོ་བྱས་ཏེ་འཚོ་བའི་ཉེན་འགོག་ནུས་པ་གོང་མཐོར་གཏོང་དགོས་པ་བཅས་ཀྱི་གྲོས་འཆར་བཏོན།
སི་ཁྲོན་ཞིང་ཆེན་བོད་ཁུལ་ལས་དོན་གཞུང་སྒྲུབ་ཁང་གི་ཆེད་གཉེར་ཀྲུའུ་རིན་གཞོན་པ་ཞུས་ཅིན་གྱིས་ཐོག་མར་ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སི་ཁྲོན་བོད་ཁུལ་གྱི་འཐབ་ཇུས་ཐོག་གི་གོ་གནས་ལ་གཙིགས་ཆེན་བྱས་ཏེ། སི་ཁྲོན་བོད་ཁུལ་དུ་རྨང་གཞི་སྒྲིག་ཆས་ལེགས་བཅོས་དང་དམངས་ཀྱི་འཚོ་བ་ཡར་རྒྱས་སུ་གཏོང་བའི་སྐོར་གྱི་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་དང་། དེ་ནས་སི་ཁྲོན་བོད་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་དབུལ་སྐྱོར་བྱ་བར་ཐོབ་པའི་འབྲས་བུ་སོགས་རེ་རེ་བཞིན་ངོ་སྤྲོད་བྱས་རྗེས། གཅིག་ནས་དབུལ་སྐྱོར་ནི་ས་ཁུལ་ལ་དམིགས་ནས་བཤད་པ་ལས། མི་རིགས་ག་གེ་མོར་དམིགས་ནས་བཤད་པ་མ་ཡིན་པ། གཉིས་ནས་བོད་ཁུལ་གྱི་དབུལ་ཕོངས་གྲུབ་པའི་དམིགས་བསལ་གྱི་རྒྱུ་རྐྱེན་དང་དེའི་དཀའ་གནད་འཚོལ་དགོས་པ། གསུམ་ནས་དབུལ་སྐྱོར་བྱེད་ཐབས་སྐོར་གྱི་ཞིབ་འཇུག་གི་མཐོང་སྣེ་ངེས་པར་དུ་བོད་ཁུལ་ལས་ཕྱིར་བུད་དེ་བོད་ཁུལ་ལ་བལྟ་དགོས་པ་བཅས་ཀྱི་ཆ་ནས་བསམ་འཆར་བཏོན།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞུས་བུའུ་ཏ་ཡིས་དབུལ་ཕོངས་གྲུབ་རྐྱེན་གྱི་གཅིག་མཐུན་རང་བཞིན་དང་དབུལ་སྐྱོར་དཀའ་ཁག་གི་འདྲ་མཚུངས་རང་བཞིན་གྱི་ངོས་ནས། བོད་ལྗོངས་ཆབ་མདོ་ས་ཁུལ་དང་། མཚོ་སྔོན་ཡུལ་ཤུལ་ས་ཁུལ། ཡུན་ནན་བདེ་ཆེན་ས་ཁུལ། སི་ཁྲོན་བོད་ཁུལ་བཅས་པ་རང་བྱུང་ས་ཁམས་ཀྱི་གཅིག་གྱུར་གྱི་མ་ལག་ཅིག་ཏུ་མཐོང་ནས། ཁོས་སྤེལ་བའི་རིག་གཞུང་སྙན་ཞུ་《འཕྲེད་བསྟར་རི་རྒྱུད་ཀྱི་གཅིག་འདུས་ཆེ་ཞིང་ཁྱབ་ཚུལ་འདྲེས་པའི་དབུལ་ཕོངས་ཁུལ་གྱི་དབུལ་ཐར་སྐོར་གྱི་དཔྱད་ཞིབ་》ཏུ། དབུལ་ཕོངས་ཀྱི་གྲུབ་རྐྱེན་ལ་དབྱེ་ཞིབ་བྱས་རྗེས་དབུལ་སྐྱོར་སྐོར་ནས། རྒྱལ་ཁབ་ཀྱིས་སྟེང་གི་ཇུས་འགོད་ཀྱི་ངོས་ནས་ཁུལ་འདི་གཅིག་གྱུར་གྱི་སྡེ་ཚན་དུ་བྱས་ཏེ་རྒྱབ་སྐྱོར་བྱེད་དགོས་པ་དང་། “བརྩེགས་གྲུབ་མེ་ཏོག་”བཟོ་བ་ལྟ་བུའི་ཞིབ་ཕྲ་སྒོས་ཁུལ་འདིའི་གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གང་མང་གི་ནུས་པ་བཏོན་ཏེ་ཁུལ་འདིའི་གྲོང་སྡེའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཟོ་བ་དང་། ཁུལ་འདིར་གཏད་པའི་ཞིང་ཆེན་གཞན་པའི་རོགས་སྐྱོར་ལ་ཤུགས་རྒྱག་པ། སྤྱི་དབང་ཞབས་ཞུའི་མཁོ་སྤྲོད་བྱེད་པའི་ཆུ་ཚད་གོང་མཐོར་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཡོང་སྒོ་འཕེལ་སྣོན་འགྲོ་བའི་རྒྱུན་གཏན་ལམ་བུ་ཆགས་དགོས་པ་བཅས་ཀྱི་གྲོས་འཆར་བཏོན་པ་རེད།
སི་ཁྲོན་ཞིང་ལས་སློབ་ཆེན་གྱི་འབུམ་རམས་པ་དབྱང་ཧྥན་གྱི་རིག་གཞུང་སྙན་ཞུ་《མི་རིགས་གྲངས་ཉུང་ས་ཁུལ་གྱི་དབུལ་སྐྱོར་རིགས་ལམ་གསར་བ——དབུལ་ཕོངས་ཀྱི་སྣེ་མང་བཅོས་སྐྱོང་》ཞེས་པར། མི་རིགས་གྲངས་ཉུང་ས་ཁུལ་གྱི་དབུལ་ཕོངས་ཀྱི་སྣེ་མང་གི་མངོན་ཚུལ་དང་གྲུབ་རྐྱེན་ལ་གཞིགས་ཏེ། སྣེ་མང་གིས་དབུལ་ཕོངས་བཅོས་སྐྱོང་བྱེད་པའི་རིགས་ལམ་སྟེ་སྣེ་མང་གིས་དབུལ་ཕོངས་མི་འབོར་ལ་ངོས་འཛིན་བྱེད་པ་དང་། སྣེ་མང་གིས་དབུལ་བོར་རོགས་སྐྱོར་བྱེད་པ། སྣེ་མང་གིས་དབུལ་སྐྱོར་གྱི་གྲུབ་འབྲས་ལ་ཚད་འཇོག་བྱེད་པ། གཞན་ཁག་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དབུལ་སྐྱོར་ལ་དོ་དམ་བྱས་པ་བཅས་བརྒྱུད་དེ། མཐར་ཆ་ཚང་ཞིང་གཏན་ཆགས་ཀྱིས་ངང་ནས་དབུལ་ཐར་ཡོང་དགོས་པའི་ལྟ་ཚུལ་བཏོན།
གཉིས། བོད་ཁུལ་གནད་ཁེལ་དབུལ་སྐྱོར་གྱི་བྱེད་ཐབས་དང་དེའི་ཡུན་གཏན་ནུས་ལྡན་ལམ་ལུགས།
བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་གྱི་བྱེད་ཐབས་དང་དེའི་ཡུན་གཏན་ནུས་ལྡན་ལམ་ལུགས་སྐོར་ནི་ཐེངས་འདིའི་གྲོས་ཚོགས་ཁྲོད་དོ་སྣང་དང་གྲོས་བསྡུར་བྱས་པ་ཆེས་མང་བའི་གླེང་གཞི་ཡིན་པ་དང་། ཆེད་མཁས་པ་དག་གིས་གཏམ་བརྗོད་མང་ཆེ་བའང་གླེང་བྱ་འདི་ཉིད་གཞིར་བཟུང་སྟེ་སྤེལ་པ་རེད། གཤམ་དུ་གཏམ་བརྗོད་དང་འབྲེལ་ཏེ་ས་ཁུལ་གྱི་ངོས་ནས་བོད་ལྗོངས་དང་། སི་ཁྲོན་བོད་ཁུལ། མཚོ་སྔོན་དང་ཀན་སུའུ་བོད་ཁུལ་བཅས་སུ་དབྱེ་སྟེ་རེ་རེ་བཞིན་ངོ་སྤྲོད་བྱ་བ་ལ།
1.བོད་ལྗོངས་ཀྱི་གནད་ཁེལ་དབུལ་སྐྱོར་གྱི་བྱེད་ཐབས་དང་དེའི་ཡུན་གཏན་ནུས་ལྡན་ལམ་ལུགས། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགྲ་འདུལ་གྱི་རིག་གཞུང་སྙན་ཞུ་《བོད་ལྗོངས་གནད་ཁེལ་དབུལ་སྐྱོར་གྱི་མིག་སྔའི་གནས་ཚུལ་དང་དཀའ་གནད་》ཅེས་པར། ནག་ཆུའི་དཔལ་མགོན་རྫོང་གི་བྱ་ཁྱུང་གྲོང་བརྡལ་ནི་རྟོག་ཞིབ་ཀྱི་ཡུལ་དངོས་སུ་བྱས་ཏེ། བྱ་ཁྱུང་གྲོང་བརྡལ་གྱི་མིག་སྔའི་དབུལ་ཕོངས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དབུལ་ཕོངས་ཀྱི་གྲུབ་རྐྱེན་དང་དབུལ་ཐར་ལ་ཚད་འགོག་བྱེད་པའི་རྐྱེན་སོ་སོར་ཞིབ་པར་དཔྱད་རྗེས། འབྲོག་ཁུལ་གྱི་དབུལ་སྐྱོར་ཇི་ལྟར་འཕེལ་རྒྱས་གཏོང་བའི་སྐོར་ལ་དམིགས་གཏད་རང་བཞིན་ལྡན་པའི་གྲོས་འཆར་བཏོན།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་བཞི་ཡིས་ཀྱང་གླེང་བྱ་འདིའི་སྐོར་ལ་རིག་གཞུང་སྙན་ཞུ་ཕུལ་ཡོད་དེ། ཞིབ་འཇུག་པ་ཆེ་མོ་གཞོན་པ་སྐལ་བཟང་སྒྲོལ་མའི་《ནག་ཆུ་ཁུལ་དཔལ་མགོན་རྫོང་གི་གནད་ཁེལ་དབུལ་སྐྱོར་སྐོར་གྱི་བརྟག་དཔྱད་》ཅེས་པར། དཔལ་མགོན་རྫོང་རྟོག་ཞིབ་བྱེད་ཡུལ་དུ་བྱས་ཏེ་རྫོང་འདིའི་དབུལ་ཕོངས་ཀྱི་གྲུབ་རྐྱེན་དང་དེ་དག་གི་འབྲེལ་བ། དབུལ་ཕོངས་ཀྱི་གནས་ཚུལ་དང་ཁྱད་ཆོས། དབུལ་སྐྱོར་གྱི་ཉམས་མྱོང་སྐོར་གྱི་མཚོན་དཔེ་དང་གྲུབ་འབྲས། གཞན་མིག་སྔའི་དབུལ་སྐྱོར་ཁྲོད་གནས་པའི་གནད་དོན་དང་དེ་དག་ཇི་ལྟར་ཐག་གཅོད་དང་གོང་འཕེལ་གཏོང་བའི་སྐོར་ལ་དབྱེ་ཞིབ་བྱས། ཞིབ་འཇུག་པ་གཞོན་པ་ཁྲིན་མའོ་ཡིས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ནི་རྟོག་ཞིབ་ཡུལ་དངོས་སུ་བྱས་ཏེ། རྣམ་གླིང་རྫོང་གི་དབུལ་ཕོངས་ཀྱི་གྲུབ་རྐྱེན་དང་དབུལ་ཕོངས་ཀྱི་ཁྱད་ཆོས།གནད་ཁེལ་དབུལ་སྐྱོར་བྱ་བའི་ཁྱབ་ཁོངས་ཏེ་སློབ་གསོ། ཐོན་ལས། ལས་ཞུགས། སྐྱེ་ཁམས། བདེ་ཐང། སྤྱི་ཚོགས་འགན་ལེན་སོགས་ཀྱི་སྲིད་ཇུས་དང་དེ་དག་ལག་བསྟར་བྱས་པའི་གནས་ཚུལ། དེ་ནས་མིག་སྔར་འཕྲད་པའི་གནད་དོན་དང་གནད་དོན་དེ་དག་སེལ་བའི་བྱེད་ཐབས་སོགས་ལ་དཔྱད་པ་བཏང་པ་མ་ཟད། ཁྱད་པར་དུ་རྣམ་གླིང་རྫོང་གི་སྤྲང་པོའི་དབུལ་ཕོངས་ལ་དོ་སྣང་ཆེན་པོ་བྱས་འདུག ཞིབ་འཇུག་ལས་རོགས་པ་དབྱང་ཐའོ་ཡི་《བོད་ཁུལ་གྱི་དབུལ་སྐྱོར——དམངས་ཀྱི་འཚོ་བ་ལེགས་སྒྱུར་དང་དཔལ་འབྱོར་འཕེལ་ཚད་བར་གྱི་སྙོམ་སྒྲིག་》ཅེས་པར། གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་དབུལ་ཕོངས་ཀྱི་གྲུབ་རྐྱེན་གཙོ་བོ་དང་ཁྱད་ཆོས། དབུལ་སྐྱོར་དང་དེའི་གྲུབ་འབྲས་སོགས་ལ་དབྱེ་ཞིབ་བྱས་པ་བརྒྱུད་རྙེད་རྟོགས་བྱུང་བ་ནི། རྫོང་འདིའི་དབུལ་སྐྱོར་བྱ་བའི་ཁྲོད་མི་དམངས་འཚོ་བ་ལེགས་བཅོས་སྐོར་གྱི་ཚད་འཇལ་ (指标) མང་ཞིང་རང་བདག་གི་ཡོང་སྒོ་སྐོར་གྱི་ཚད་འཇལ་ཉུང་བའི་གནད་དོན་ལྷག་ཡོད་པ་ན། དེ་བས་ཁོས་དབུལ་སྐྱོར་བྱ་གཞག་ཁྲོད་ངེས་པར་དུ་དམངས་ཀྱི་འཚོ་བ་ལེགས་བཅོས་དང་དཔལ་འབྱོར་གོང་སྤེལ་གཏོང་བར་སྙོམ་སྒྲིག་བྱེད་དགོས་པར་ནན་བཤད་དང་སྙོམ་སྒྲིག་གི་ཁ་ཕྱོགས་ཀྱང་གསལ་སྟོན་བྱས་པ་རེད། རྟ་མགྲིན་ཚེ་བརྟན་གྱི་《བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་དབུལ་ཕོངས་མི་ཚོགས་ (群体) ཀྱི་ཁྱད་ཆོས་དང་དབུལ་ཕོངས་ཀྱི་གྲུབ་རྐྱེན་དང་དབུལ་སྐྱོར་འབྲས་བུ་བཅས་ལ་རྟོག་ཞིབ་བྱས་པ——གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱིད་རོང་རྫོང་དཔེ་རུ་བྱས་པ་》ཞེས་པར། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱིད་རོང་རྫོང་མཚོན་དཔེར་བྱས་ཏེ། སྤྱི་ཚོགས་རིག་པའི་གྲངས་རིག་དབྱེ་ཞིབ་ཀྱི་གཞི་རྩའི་ཐབས་ལམ་བེད་སྤྱད་དེ། སྐྱིད་རོང་རྫོང་གི་དབུལ་ཕོངས་མི་གྲངས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་ཁྱད་ཆོས་དང་།ཁོ་ཚོའི་དབུལ་ཕོངས་ཀྱི་གྲུབ་རྐྱེན་དང་དེ་དག་ཕན་ཚུན་བར་གྱི་འབྲེལ་བ། དབུལ་སྐྱོར་གྱི་ཉམས་མྱོང་དང་ཕན་འབྲས།མིག་སྔར་ལྷག་པའི་གནད་དོན་སོགས་ལ་དབྱེ་ཞིབ་བྱས་པ་བརྒྱུད་འབྲེལ་ཡོད་ཀྱི་བྱེད་ཐབས་ལེགས་བཅོས་བྱེད་པའི་གྲོས་འཆར་ཡང་བཏོན་ཡོད།
2.སི་ཁྲོན་བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་གྱི་བྱེད་ཐབས་དང་དེའི་ཡུན་གཏན་ནུས་ལྡན་ལམ་ལུགས། སི་ཁྲོན་བོད་ཁུལ་གྱི་དབུལ་ཕོངས་སྐོར་གྱི་ཞིབ་འཇུག་བྱེ་བྲག་རིགས་གཉིས་སུ་བགོ་རུང་སྟེ། གཅིག་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གཙོར་བྱས་པའི་བོད་རིགས་འདུས་སྡོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་གྱི་ཞིབ་འཇུག་ཡིན་པ་དང་། གཞན་ཞིག་ནི་ས་ཁུལ་གཞན་དུ་ཁ་གྲམ་ཞིང་སིལ་འཐོར་དུ་ཁྱབ་པའི་བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་སྐོར་གྱི་ཞིབ་འཇུག་ཡིན།
བོད་རིགས་འདུས་སྡོད་ཁུལ་གྱི་སྐོར་ལ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་གཉིས་ཀྱིས་སྙན་ཞུ་སྤེལ། ཞིབ་འཇུག་པ་གཞོན་པ་ཁྲིན་ཏུང་གི་《སི་ཁྲོན་བོད་ཁུལ་གྱི་རོང་འབྲོག་པ་དབུལ་པོར་གྱུར་པའི་རྒྱུ་རྐྱེན་ལ་དོན་དངོས་ཁུངས་སྐྱེལ་གྱིས་བརྟག་དཔྱད་དང་དབྱེ་ཞིབ་བྱས་པ་》ཅེས་པར། བཙན་ལྷ་རྫོང་དང་། (小金县) གསེར་རྟ་རྫོང་སོགས་ཀྱི་ཡུལ་དངོས་རྟོག་ཞིབ་གཞིར་བྱས་ཏེ། ས་ཁུལ་འདི་དག་གི་དབུལ་ཕོངས་ཀྱི་གྲུབ་རྐྱེན་ལ་དབྱེ་ཞིབ་བྱས་པ་དང་། ལྷག་པར་དུ་སློབ་གསོའི་འགྲོ་སོང་དང་། ཆོས་ལུགས་དད་མོས་སྐོར་གྱི་མཛད་སྤྱོད། དབུལ་ཕྱུག་གི་ལྟ་བ་སོགས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་དབུལ་ཕོངས་དང་དབུལ་སྐྱོར་བྱ་གཞག་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་པའི་སྐོར་ལ་དམིགས་སུ་དཔྱད་པ་དང་། ད་དུང་དབུལ་ཕོངས་ཀྱི་གྲུབ་རྐྱེན་དག་ལ་ངེས་པར་དུ་རྩོད་སྒྲུབ་ཀྱིས་བལྟ་དགོས་པ་དང་། རྩོད་སྒྲུབ་ཀྱིས་ངོས་འཛིན་དང་བརྡར་ཤ་གཅོད་ཐུབ་ན་ད་གཟོད་གནད་དུ་འཁེལ་བའི་ལེགས་བཅོས་བྱེད་ཐུབ་པ། གཞན་དབུལ་སྐྱོར་སྲིད་ཇུས་ཁུལ་འདི་དག་གི་གནས་བབ་དང་མཐུན་པའི་སྒོ་ནས་གཏན་འཁེལ་ནས། རྨང་གཞིའི་སྒྲིག་ཆས་དང་སྤྱི་དབང་ཞབས་ཞུའི་མི་འདང་སར་ཁ་གསབ་རྒྱག་པ་དང་། ཞིང་འབྲོག་མང་ཚོགས་ཐོན་ལས་གསུམ་པར་ཞུགས་པའི་ནུས་པ་གོང་མཐོར་གཏོང་བ། ཐུན་མོང་ལ་དབང་བའི་དཔལ་འབྱོར་ཤུགས་ཆེར་གོང་འཕེལ་དུ་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་འབྲེལ་རྩ་འཛུགས་སྐྱེད་སྲིང་བྱེད་པ་དང་སྦྲགས། མིག་སྔར་ཁྱབ་བརྡལ་དུ་འགྲོ་བཞིན་པའི་འབྲེལ་མཐུད་དྲ་རྒྱར་བརྟེན་ནས་ལས་གནས་གསར་གཏོད་བྱེད་པའི་འཐབ་ཇུས་དང་སྦྲེལ་ཏེ་མང་ཚོགས་ཀྱི་ལས་ཞུགས་དང་དམངས་ཀྱི་འཚོ་བ་འཕེལ་རྒྱས་གཏོང་དགོས་པ་བཅས་ཀྱི་གྲོས་འཆར་བཏོན། ཞིབ་འཇུག་ལས་རོགས་པ་ལིའུ་ཅིན་པོ་ཡི་《ནོར་གཡག་དང་སྨན་རྩྭ། ཁ་གསབ——སི་ཁྲོན་བོད་ཁུལ་གྱི་འབྲོག་པའི་དབུལ་ཕོངས་དང་དབུལ་སྐྱོར་སྲིད་ཇུས་》ཅེས་པར། སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་ (壤塘县) རྟོག་ཞིབ་བྱེད་ཡུལ་དུ་བཟུང་སྟེ། རྫོང་དེ་གའི་ཞིང་འབྲོག་མི་དམངས་ཀྱི་དབུལ་ཕོངས་དང་དབུལ་སྐྱོར་སྲིད་ཇུས་སྐོར་ལ་ཞིབ་འཇུག་བྱས་འདུག ཁོ་མོའི་ཞིབ་འཇུག་བྱས་པར་ཞིང་འབྲོག་མི་དམངས་ཀྱི་འཚོ་བའི་ཡོང་སྒོར་རིགས་དབྱེ་བྱས་པ་ལས། རང་བདག་གི་ཡོང་སྒོ་ཤིན་ཏུ་ཞན་ཞིང་བརྟན་པོ་མེད་པ་མ་ཟད་འཚོ་བའི་ཡོང་སྒོ་གཙོ་བོ་སྲིད་གཞུང་གི་ཁ་གསབ་ལ་བརྟེན་པའི་གནས་བབ་སྐྱོ་བོ་གསལ་སྟོན་བྱས་ཡོད་ཅིང་། གནས་བབ་འདི་ཉིད་ལེགས་སྒྱུར་བྱེད་ཆེད་ཁོ་མོས་འབྲེལ་ཡོད་ཀྱི་བསམ་འཆར་ཡང་བཏོན་ཡོད།
ཁ་གྲམ་དུ་སྡོད་པའི་བོད་ཁུལ་སྐོར་ལ། འདི་ལ་ཞིབ་འཇུག་མི་སྣ་མང་པོ་ཞིག་གིས་དོ་སྣང་བྱས་ཡོད་དེ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ལི་དང་ཁྲིན་ཨན་ཆང་གཉིས་ཀྱི་དཔྱད་རྩོམ་《གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་དང་ཧན་ཡོན་རྫོང་ (石棉县、汉源县) བོད་རིགས་རང་སྐྱོང་ཞང་དག་གི་གནད་འཁེལ་དབུལ་སྐྱོར་གྱི་བརྟག་དཔྱད་》ཅེས་པར། རྫོང་འདི་གཉིས་ཀྱི་ཞང་ཁ་ཤས་ཞིབ་འཇུག་བྱེད་ཡུལ་དུ་བདམས་ཏེ། ཁུལ་འདིའི་དབུལ་སྐྱོར་བྱ་གཞག་གི་གོ་རིམ་དང་གྲུབ་འབྲས། དབུལ་སྐྱོར་ཁྲོད་མཆིས་པའི་གནད་དོན་སོགས་ལ་ཞིབ་འཇུག་བྱས་ཡོད། དེ་གཉིས་དང་ལས་ཁུངས་གཅིག་པའི་ཞིབ་འཇུག་ལས་རོགས་པ་ཧན་ཀྲིན་ཁང་གི་གས་སི་ཁྲོན་ཞིང་ཆེན་མན་ནེན་རྫོང་གི་ (冕宁县) གྲོང་ཚོ་ཞིག་དཔེ་གཞིར་བྱས་ནས། གྲོང་ཚོ་དེའི་དབུལ་ཕོངས་ཀྱི་རྒྱུ་རྐྱེན་དང་དབུལ་སྐྱོར་བྱེད་སྒོ་སྤེལ་བའི་གནས་ཚུལ་ལ་གྲོས་བསྡུར་བྱས་ཏེ། གཏིང་ཟབ་སྒོས་རྨང་གཞི་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཤུགས་ཆེན་པོས་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་གོང་འཕེལ་དུ་གཏོང་བ། དྲ་རྒྱར་བརྟེན་ནས་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ་མཐར་ཕྱོགས་ཡོངས་ནས་དབུལ་ཐར་མངོན་འགྱུར་བྱེད་པའི་ལམ་བུ་བཏོད་པ་བཅས་ཀྱི་གྲོས་འཆར་བཏོན་ཡོད། ལིའང་ཧྲན་ཁུལ་མི་རིགས་ཞིབ་འཇུག་ཁང་གི་དབུ་འཛིན་གཞོན་པ་ཆིག་བའུ་ཀི་ཡིས་ཀྲའོ་ཅོ་རྫོང་གི་ (昭觉县) གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་གྱི་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་། ཁོས་ཀྲའོ་ཅོ་རྫོང་གི་དབུལ་ཕོངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྗེས་ལུས་དང་དོ་མི་སྙོམ་པའི་སྟེང་དུ་བཞག་པ་མ་ཟད། དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་དགོས་ན་ངེས་པར་དུ་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ས་གནས་རང་གི་འཇོན་ཐང་མི་སྣ་ཆེད་དམིགས་ཀྱིས་སྐྱེད་སྲིང་བྱེད་དགོས་པར་བསྟན། ཀན་ལོ་རྫོང་ (甘洛县) མི་རིགས་ཆོས་ལུགས་ཅུས་ཅུས་ཀྲང་གཞོན་པ་ཀྲིག་ཏེ་ཧུང་གིས་ཐོག་མར་ཀན་ལོ་རྫོང་བོད་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་། དེའི་དབུལ་ཕོངས་ཀྱི་གནས་ཚུལ། དབུལ་སྐྱོར་བྱ་བར་འཕྲད་པའི་དཀའ་ངལ་དང་དེ་དག་བྱུང་བའི་རྒྱུ་མཚན་སོགས་ངོ་སྤྲོད་བྱས་པ་དང་། དེ་ནས་དབུལ་སྐྱོར་བྱེད་པར་དངོས་པོ་དང་བསམ་པའི་རོགས་སྐྱོར་ཟུང་འབྲེལ་བྱ་བ་དང་། དཔལ་འབྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་འབྲེལ་བྱ་དགོས་པའི་གལ་ཆེན་རང་བཞིན་གང་ནན་བཤད་བྱས།
དམིགས་བསལ་གྱིས་གླེང་དགོས་པ་ཞིག་ལ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཚན་ཁང་གི་ཞིབ་འཇུག་ལས་རོགས་པ་ཧོ་བིན་ཧེ་ཡི་《བོད་ཁུལ་དང་དབྱི་རིགས་ཁུལ་གནད་ཁེལ་དབུལ་སྐྱོར་སྐོར་གྱི་དཔེ་མཚོན་རིགས་གཉིས་ཀྱི་བརྟག་དཔྱད་ཞིབ་འཇུག་》ཅེས་པར། སི་ཁྲོན་ནུབ་བྱང་བོད་ཁུལ་དང་ལྷོ་ནུབ་དབྱི་རིགས་ཁུལ་གྱི་ཆར་གཏོགས་པའི་པད་མ་བོད་རིགས་ཞང་དང་ཅིན་ཆུས་ཞང་གཉིས་ཀྱི་ཡུལ་དངོས་རྟོག་ཞིབ་བྱས་པ་གཞིར་བཟུང་སྟེ། འཚོ་འཚིས་ཀྱི་འགྱུར་ལྡོག་དང་། མི་གྲངས་ཀྱི་འཕར་སྣོན། དམངས་སྲོལ་གྱི་འགྲོ་སོང་། དབུལ་ཐར་གྱི་ལམ་བུ་སོགས་ཕྱོགས་གང་མང་གི་སྒོ་ནས་མི་རིགས་ས་ཁུལ་མི་འདྲ་བ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཕོངས་གནས་སྟངས་ཀྱི་བར་ཁྱད་གྲུབ་པར་འགྲེལ་བཤད་བརྒྱབ་ལ། དེའི་རྨང་གཞིའི་སྟེང་རང་འགུལ་གྱིས་དུས་བབ་དང་བསྟུན་ནས་ཐོན་སྐྱེད་བྱེད་སྟངས་ལ་སྙོམ་སྒྲིག་བྱས་ཏེ། ཡོང་སྒོ་འཕར་སྣོན་ཀྱི་སྒོ་འབྱེད་དགོས་པ་དང་སྐབས་མཚུངས་ཧུར་ཐག་གིས་བུ་སྐྱེའི་ལམ་ལུགས་དང་དམངས་སྲོལ་སོགས་ཀྱི་ལྟ་བར་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་འགྲོ་སོང་གི་ཕར་བཞུར་ཚད་ཉུང་དུ་གཏོང་རྒྱུ་ནི་ཁུལ་འདིར་དབུལ་ཐར་ཕྱུག་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་མེད་དུ་མི་རུང་བའི་ཕྱོགས་གཉིས་ཡིན་པར་བསྟན།
3.ཀན་སུའུ་དང་མཚོ་སྔོན་བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་གྱི་བྱེད་ཐབས་དང་དེའི་ཡུན་གཏན་ནུས་ལྡན་ལམ་ལུགས། ཀན་སུའུ་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ཡོན་གྱི་སྙན་ཞུ་《ཀན་སུའུ་བོད་ཁུལ་གྱི་དབུལ་ཕོངས་གྲུབ་རྐྱེན་དང་གནད་ཁེལ་དབུལ་སྐྱོར་སྐོར་གྱི་ཞིབ་འཇུག་》ཞེས་པར། ཀན་སུའུ་བོད་ཁུལ་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་མ་ལག་དང་དབུལ་སྐྱོར་རྣམ་པར་དབྱེ་ཞིབ་བྱས་ཏེ། གཙོ་བོ་ཀན་སུའུ་བོད་ཁུལ་གྱི་དབུལ་སྐྱོར་གོ་རིམ་ཁྲོད་གནས་པའི་གནད་དོན་ཚབས་ཆེན་ཞིག་སྟེ། མ་གཞི་དབུལ་སྐྱོར་ལ་དམིགས་པའི་ཐོན་ལས་གསར་སྤེལ་དེ་ཉིད་ས་གནས་རང་གི་དབུལ་ཕོངས་མི་གྲངས་འདུས་པའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་པ་མ་ཟད། རང་བྱུང་ཁོར་ཡུག་ལའང་གཏོར་བརླག་ཚབས་ཆེན་བཟོས་འདུག་པའི་གནས་ཚུལ་གནད་དུ་བཟུང་ནས་བརྗོད་ཡོད་ལ། གནས་ཚུལ་དེ་འདྲའི་དབང་གིས་ཁོས་དབུལ་སྐྱོར་གྱི་བྱ་བ་ངེས་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་བླང་བྱར་མཐུན་སྦྱོར་བྱེད་རྒྱུ་ནི་དེའི་སྲོག་ཤིང་ཡིན་པར་ངོས་བཟུང་ཡོད། ཁོང་དང་ལས་ཁུངས་གཅིག་པའི་ཞིབ་འཇུག་ལས་རོགས་པ་ཡུས་ཅི་ལེན་གྱིས་ཁོ་མོའི་སྙན་ཞུ་《ཀན་སུའུ་བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་དང་ནང་བསྐྱེད་སྟོབས་ཤུགས་འཛུགས་སྐྲུན་བྱེད་པའི་དབུལ་སྐྱོར་རྣམ་པ་》ཞེས་པར། ཀན་སུའུ་བོད་ཁུལ་གྱི་དབུལ་ཕོངས་ཀྱི་གནས་སྟངས་དང་དེའི་གྲུབ་རྐྱེན་ལ་དབྱེ་ཞིབ་བྱས་མཐར། ཀན་སུའུ་བོད་ཁུལ་གྱི་ཐོན་ལས་དང་། དངུལ་རྩ། བརྡ་འཕྲིན་དང་མི་ཤུགས་ཀྱི་མ་རྩ། (人力资本) སྐྱེ་ཁམས། ཡུལ་སྐོར་སོགས་གཞི་གཅིག་ཏུ་འདུས་པའི་ནང་བསྐྱེད་སྟོབས་ཤུགས་ལྡན་པའི་དབུལ་སྐྱོར་རྣམ་པ་འཛུགས་སྐྲུན་བྱེད་པའི་གལ་ཆེན་རང་བཞིན་བཏོན་ཡོད་པ་རེད།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཀྲང་ཞིན་ནན་གྱི་《མཚོ་སྔོན་བོད་ཁུལ་གྱི་དབུལ་སྐྱོར་གནས་བབ་ཀྱི་བརྟག་དཔྱད་》ཞེས་པར། རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་དུ་ལག་བསྟར་བྱེད་བཞིན་པའི་“ཀྲུང་གོ་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལས་གཞི་”་ཡི་གནས་ཚུལ་གཞིར་བཟུང་ནས། གཙང་གསུམ་འགོ་ཁུངས་ཀྱི་འབྲོག་པ་མང་ཚོགས་ཀྱི་དབུལ་ཕོངས་གྲུབ་རྐྱེན་དང་ཁྱད་ཆོས། དབུལ་སྐྱོར་བྱ་བར་འཕྲད་པའི་དཀའ་ངལ་དང་གནད་དོན་བཅས་ལ་ཞིབ་འཇུག་བྱས་པར་བརྒྱུད། ངེས་པར་དུ་འབྲོག་པ་མང་ཚོགས་རྣམས་ལས་གཞི་ལག་བསྟར་གྱི་གོ་རིམ་ཡོངས་ལ་ཞུགས་སུ་འཇུག་དགོས་པ་དང་། ངེས་པར་དུ་ས་གནས་མང་ཚོགས་ཀྱི་ལུགས་མཐུན་བླང་བྱར་བརྩི་མཐོང་དང་དང་ལེན་གང་ལེགས་བྱས་ཏེ་ཁོ་ཚོར་རང་ཉིད་ལ་ཐོབ་བྱ་ཡོད་པ་ཉམས་སུ་མྱོང་དུ་འཇུག་པ། ད་དུང་འབྲོག་པ་མང་ཚོགས་ཀྱི་སྤུས་ཚད་གོང་མཐོར་གཏོང་བ་དང་སྤྱི་དབང་ཞབས་ཞུའི་མཁོ་སྤྲོད་བྱེད་ཚད་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་ཁག་སོ་སོ་ཞུགས་ནུས་པའི་དབུལ་སྐྱོར་ལམ་ལུགས་ཆགས་སུ་འཇུག་དགོས་པ་བཅས་ཀྱི་ཐག་གཅོད་བྱེད་ཐབས་ཀྱི་གྲོས་འཆར་བཏོན།
གསུམ། བོད་ཁུལ་ཀྱི་དབུལ་ཕོངས་དང་དབུལ་སྐྱོར་སྐོར་གྱི་ཆེད་དོན་ཞིབ་འཇུག
བོད་ཁུལ་གྱི་དབུལ་ཕོངས་དང་དབུལ་སྐྱོར་དང་འབྲེལ་བའི་ཆེད་དོན་ཞིབ་འཇུག་ཏུ་ཐན་ཉུང་དཔལ་འབྱོར་གྱི་དབུལ་སྐྱོར་ (碳汇经济) དང་ཡུལ་སྐོར་དབུལ་སྐྱོར། སྡོད་གནས་བརྗེ་སྤོའི་དབུལ་སྐྱོར། (易地搬迁扶贫) དབུལ་ཕོངས་མི་གྲངས་ཀྱི་ལྟ་བ་སོགས་ཀྱི་ནང་དོན་འདུས་ཡོད་དེ།
སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཧྲིན་མའོ་དབྱིན་གྱི་དཔྱད་རྩོམ་《སི་ཁྲོན་བོད་ཁུལ་གྱི་ཐན་ཉུང་དཔལ་འབྱོར་གྱི་དབུལ་སྐྱོར་དང་འབྲེལ་བའི་གནད་དོན་སྐོར་ལ་དཔྱད་པ་》ཞེས་པར། ཐན་ཉུང་དབུལ་སྐྱོར་སྐོར་གྱི་ཡིག་ཆ་དང་སྲིད་ཇུས་ངོ་སྤྲོད་བྱས་པའི་རྨང་གཞིའི་སྟེང་། སི་ཁྲོན་ནུབ་བྱང་ས་ཁུལ་གྱི་ཐན་ཉུང་དབུལ་སྐྱོར་གྱི་བག་ཉལ་ནུས་ཚད་དང་ཐན་ཉུང་དབུལ་སྐྱོར་གྱི་ཚོང་རའི་གཏན་ཚིགས་ (市场机理) སོགས་ལ་གདེངས་འཇོག་དང་དཔྱད་པ་བཏང་ཞིང་། ད་དུང་སི་ཁྲོན་ནུབ་བྱང་ས་ཁུལ་གྱི་ཐན་ཉུང་དབུལ་སྐྱོར་ལ་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་གཏོང་ཆེད། ཁོ་མོས་མཚོ་བོད་མཐོ་སྒང་གི་ཐན་ཉུང་བྱེད་ནུས་ཁུལ་བསྐྲུན་པ་དང་། དབུལ་ཕོངས་ས་ཁུལ་གྱི་ཐན་ཉུང་འཕེལ་རྒྱས་ཀྱི་ཐེབས་རྩ་འཛུགས་པ། རིམ་པ་སྣ་མང་གི་ཐན་ཉུང་བརྗེ་རེས་ཚོང་ར་འཛུགས་སྐྲུན་བྱ་་བ་བཅས་ཀྱི་སྐོར་ནས་བཅོས་སྒྱུར་གྲོས་འཆར་བཏོན་པ་རེད།
སི་ཁྲོན་སློབ་ཆེན་སྤྱི་ཚོགས་འཕེལ་རྒྱས་དང་ནུབ་ཁུལ་གསར་སྤེལ་ཞིབ་འཇུག་གླིང་གི་ཞིབ་འཇུག་ལས་རོགས་པ་ཝང་ལེན་ཧེ་ཡི་དཔྱད་རྩོམ་《སི་ཁྲོན་བོད་ཁུལ་གྱི་ཡུལ་སྐོར་གནད་འཁེལ་དབུལ་སྐྱོར་གྱི་ཕན་འབྲས་དང་དེའི་གྲུབ་ཚུལ་གྱི་གཏན་ཚིགས་ (形成机制) ལ་དཔྱད་པ་》ཞེས་པར། དཀན་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གི་མོ་ལོ་སྡེ་བར་ (莫洛村) རྟོག་ཞིབ་བྱས་ཏེ། སི་ཁྲོན་བོད་ཁུལ་གྱི་ཡུལ་སྐོར་གནད་འཁེལ་དབུལ་སྐྱོར་གྱི་ཕན་འབྲས་དང་དེའི་གྲུབ་ཚུལ་གྱི་གཏན་ཚིགས་ལ་དཔྱད་པ་བཏང་ཡོད། ཁོ་མོས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་དེའི་དཔལ་འབྱོར་གྱི་ཕན་འབྲས་སམ་ཡང་ན་དབུལ་ཐར་གྱི་ཕན་ནུས་ཧ་ཅང་ཞན་པའི་འགལ་ཟླར་གྱུར་འདུག་པའི་གནས་ཚུལ་ཇི་ལྟར་བྱུང་བ་དང་། ཡུལ་སྐོར་གསར་སྤེལ་གྱི་བྱ་འགུལ་ཁྲོད་ཞུགས་པའི་སྡེ་ཚན་ ( སྲིད་གཞུང་། ཁེ་ལས། སྤྱི་ཚོགས་རྩ་འཛུགས། སྡེ་ཁུལ། དབུལ་ཕོངས་ཁྱིམ་ཚང་།) དག་གི་བར་གྱི་འབྲེལ་བ་དང་ཕན་ཚུན་གྱི་གཞོགས་འདེགས་ལ་ནོར་འཛོལ་བྱུང་བའི་རྒྱུ་མཚན་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ཡུལ་སྐོར་གནད་ཁེལ་དབུལ་སྐྱོར་ཇི་ལྟར་གོང་འཕེལ་དུ་གཏོང་དགོས་པའི་སྐོར་ལའང་རང་ཉིད་ཀྱི་བསམ་གཞིགས་བཏང་ཡོད། བོད་ལྗོངས་སློབ་ཆེན་བོད་ལྗོངས་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ལས་རོགས་པ་ཞུས་ནན་གྱི་སྙན་ཞུ་《རྒྱུད་གཅིག་ལམ་གཅིག་གི་རྒྱབ་ལྗོངས་འོག་བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་གྱི་རྣམ་པ་དང་དེའི་གསར་སྤེལ་ལ་དཔྱད་པ་》ཞེས་པར། མཐའ་མཚམས་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་བྱེད་སྟངས་མི་འདྲ་བ་ཁ་ཤས་གཙོ་གནད་དུ་བཟུང་ནས་གྲོས་བསྡུར་སྤེལ་ཡོད། ཁྲིན་ཏུའུ་རྩིས་ཚན་བཟོ་ལས་སློབ་ཆེན་ (成都理工大学) གྱི་འབུམ་རམས་པ་དབྱིན་ཡོན་གྱི་དཔྱད་རྩོམ་《ཕྱོགས་ཡོངས་ཀྱི་ཡུལ་སྐོར་གྱི་ (全域旅游) མཐོང་སྣེ་འོག་སི་ཁྲོན་བོད་ཁུལ་ཡུལ་སྐོར་གནད་འཁེལ་དབུལ་སྐྱོར་གྱི་སྒུལ་ཤུགས་དང་དེའི་གཞོགས་འདེགས་མ་ལག་གི་ཞིབ་འཇུག་》ཞེས་པར། ཕྱོགས་ཡོངས་ཀྱི་ཡུལ་སྐོར་གསར་སྤེལ་ནི་སི་ཁྲོན་བོད་ཁུལ་ལ་ཤིན་ཏུ་མཚམས་པ་དང་། ཁུལ་འདིའི་གནད་ཁེལ་དབུལ་སྐྱོར་ལ་དོན་སྙིང་གལ་ཆེན་ལྡན་པར་བསྟན་ཡོད་ལ་དེ་བཞིན་དུ་སི་ཁྲོན་བོད་ཁུལ་གྱི་ཡུལ་སྐོར་གནད་ཁེལ་དབུལ་སྐྱོར་གྱི་སྒུལ་ཤུགས་དང་དེའི་གཞོགས་འདེགས་མ་ལག་ལའང་དབྱེ་ཞིབ་བྱས་འདུག
བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ་ཟླ་བ་གསལ་སྒྲོན་གྱི་དཔྱད་རྩོམ་《སྡོད་གནད་བརྗེ་སྤོའི་དབུལ་སྐྱོར་ས་གནས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་གནད་དོན་སྐོར་ལ་དཔྱད་པ་》ཞེས་པར། གཞུང་ལུགས་ཀྱི་ངོས་ནས་བོད་ལྗོངས་སྡོད་གནས་བརྗེ་སྤོའི་དབུལ་སྐྱོར་གྱི་གཞི་རྩའི་ཡང་སྙིང་དང་རྩ་དོན། སྲིད་ཇུས་དང་བྱེད་ཐབས་གཙོ་བོ། ད་དུང་དེ་དག་ལག་བསྟར་བྱས་པའི་གནས་ཚུལ་དང་ཉམས་མྱོང་། ཕན་འབྲས་སོགས་ངོ་སྤྲོད་བྱས།
སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་ལས་རོགས་པ་ཝང་ཧེ་ཡན་གྱི་དཔྱད་རྩོམ་《སི་ཁྲོན་བོད་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་ལག་ལེན་ཁྲོད་ཀྱི་ཞིང་འབྲོག་པའི་རང་སྟོབས་རང་བཞིན་ལ་དཔྱད་པ་》ཞེས་པར། སི་ཁྲོན་ནུབ་ཕྱོགས་བོད་ཁུལ་གྱི་དབུལ་སྐྱོར་ལ་ཕན་འབྲས་མངོན་གསལ་ཐོབ་མེད་པའི་རྒྱུ་མཚན་ནི་དབུལ་སྐྱོར་གྱི་ཁ་གཏད་ཡུལ་ཞིང་འབྲོག་མང་ཚོགས་ལ་རང་སྟོབས་རང་བཞིན་ཞན་པའི་སྟེང་ནས་འཚོལ་དགོས་པ་དང་། ཞིང་འབྲོག་མང་ཚོགས་ལ་རང་སྟོབས་རང་བཞིན་ཞན་པ་ཡང་སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་ལྟ་བ་དང་། གཉེན་སྒྲིག ཁྱིམ་ཚང་། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཤུགས་རྐྱེན་འོག་བྱུང་བ་ཡིན་འདུག་ལ། དེ་བས་ཁོ་ཚོའི་རང་སྟོབས་རང་འགུལ་རང་བཞིན་སྐྱེད་སྲིང་བྱེད་པར་ངེས་པར་དུ་མང་ཚོགས་ཀྱི་ལྟ་བར་སྣེ་ཁྲིད་ལེགས་པོ་བྱེད་དགོས་པ་དང་། སྐུལ་ལྕག་གི་ལམ་ལུགས་ནང་དུ་འདྲེན་ཞིང་བེད་སྤྱོད་པ། དེ་ནས་སྤྱི་ཚོགས་འགན་ལེན་གྱི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་སོགས་བསྟན། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་དངོས་སྦྱོང་བ་ལྡེ་ཡོན་གྱི་དཔྱད་རྩོམ་《གནད་འཁེལ་དབུལ་སྐྱོར་གྱི་འཐབ་ཇུས་དང་སི་ཁྲོན་བོད་ཁུལ་ཞིང་འབྲོག་པའི་དབུལ་ཕྱུག་གི་ལྟ་བར་དཔྱད་པ་》ཞེས་པར། དབུལ་བོ་རྣམས་ཀྱི་ལྟ་བའི་གནད་དོན་སྐོར་ལ་ཞིབ་འཇུག་བྱས་ཏེ། ཐོན་ཁུངས་ཀྱི་ཚད་བཀག་རང་བཞིན་དང་ཆོས་ལུགས་ཀྱི་ལྟ་བ་སོགས་ཀྱིས་ཁུལ་འདིའི་ཞིང་འབྲོག་མང་ཚོགས་ཀྱི་དབུལ་ཕྱུག་གི་ལྟ་བར་ཤན་ཤུགས་ཐེབས་བཞིན་པ་ར་སྤྲོད་བྱས་ཡོད། མུ་ལི་རང་སྐྱོང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨོ་རྒྱན་ཕུན་ཚོགས་ཀྱི་སྙན་ཞུ་《རྒྱལ་ཡོངས་སུ་སྤྱི་ཚོགས་གཏན་ལྷིང་མངོན་གསལ་ཆེ་བའི་རྫོང་ཁོངས་གཅིག——མུ་ལི་ཡི་ཉམས་མྱོང་དང་དེའི་བློ་བསྐྱེད་》ཅེས་པར། མུ་ལི་དགོན་ཆེན་གྱི་གྲྭ་པ་གཙོར་བྱས་པའི་ཆོས་ལུགས་མི་སྣས་སྤྱི་ཚོགས་ལ་སྐུལ་སློང་བྱས་ཏེ་དབུལ་ཕོངས་མང་ཚོགས་ལ་རྒྱབ་སྐྱོར་དང་རོགས་རམ་མཁོ་སྤྲོད་བྱས་ཏེ། རྫོང་འདིའི་སྤྱི་ཚོགས་གཏན་འཇགས་དང་། མི་རིགས་མཐུན་སྒྲིལ། དབུལ་ཐར་ཕྱུག་སྒྱུར་བཅས་ཀྱི་བྱ་གཞག་ལ་ནུས་པ་གང་མང་བཏོན་པའི་སྐོར་ཞིབ་ཏུ་བརྗོད་ཡོད། ཐེངས་འདིའི་བོད་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་དང་འབྲེལ་བའི་རིག་གཞུང་དཔྱད་གླེང་སྟེང་། ཆེད་མཁས་པ་དང་ཞིབ་འཇུག་པ་དག་གིས་རང་རང་སོ་སོའི་རིག་ཚན་དང་ཞིབ་འཇུག་གི་ཁྱབ་ཁོངས་ངོས་ནས་བོད་ཁུལ་གྱི་དབུལ་ཕོངས་དང་དབུལ་སྐྱོར་གྱི་སྐོར་ལ་བགྲོ་གླེང་སྤེལ་བ་ལ།འདིའི་ཁྲོད་དུ་ཕྲ་རགས་གང་རུང་གི་ཞིབ་འཇུག་ཡོད་ཅིང་། ཞིབ་འཇུག་གི་དོ་སྣང་བྱེད་ཡུལ་ཡང་ཡུན་ནན་འདས་པའི་ལྗོངས་དང་ཞིང་ཆེན་གཞན་དག་གི་བོད་ཁུལ་ཡོངས་ལ་ཁྱབ་ཡོད་པར་མ་ཟད། ཞིབ་འཇུག་གི་མཐོང་ལམ་ནས་ཤོར་སླ་བའི་མི་རིགས་གཞན་དང་འདྲེས་སྡོད་དམ་ཡང་ན་ཁ་གྲམ་ནས་སྡོད་པའི་བོད་རིགས་(དཔེར་ན་ལིའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་)ཀྱང་ཞིབ་འཇུག་གི་སྒྲོམ་གཞིར་ཚུད་པར་བྱས་ཡོད་ལ། ཐ་ན་ཁུལ་འདིའི་མི་རིགས་མི་འདྲ་བའི་ས་ཁུལ་གྱི་དབུལ་ཕོངས་ལའང་ཞིབ་བསྡུར་གྱིས་ཞིབ་འཇུག་བྱས་འདུག དེའི་ཕྱིར་ཞིབ་འཇུག་གི་ནང་དོན་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཆེ་བའི་ཁྱད་ཆོས་ལྡན། དབུལ་ཕོངས་རང་ངོས་ཀྱི་ཞིབ་འཇུག་གི་ཆ་ནས་བཤད་ན། དཔྱད་གླེང་ལས་བོད་ཁུལ་གྱི་དབུལ་ཕོངས་ཀྱི་གོ་རིམ་ལ་སྤྱི་ཡོངས་ནས་དབྱེ་ཞིབ་བྱས་ཡོད་པ་མ་ཟད། བྱེ་བྲག་གི་ཁྱབ་ཁོངས་དང་ཆེད་དོན། དབུལ་ཕོངས་དང་འབྲེལ་བའི་སྲིད་ཇུས་ཀྱི་བརྗོད་སྙིང་དང་དེ་གོང་སྤེལ་བྱེད་ཐབས་སོགས་ལའང་བགྲོ་གླེང་སྤེལ། ཆེད་མཁས་དག་གི་དཔྱད་གཏམ་ལས། ཁོང་ཚོས་བོད་ཁུལ་གྱི་དབུལ་ཕོངས་དང་དབུལ་སྐྱོར་ལ་ཡུན་རིང་གི་བསམ་གཞིགས་བཏང་ཡོད་པ་མཚོན་ཐུབ་པ་དང་། བོད་ཁུལ་གྱི་དབུལ་སྐྱོར་བྱ་གཞག་དུས་ཕྱིས་ཇི་ལྟར་སྐུལ་འདེད་གཏོང་བའི་ཕྱོགས་ལའང་ལག་ལེན་རང་བཞིན་ལྡན་པའི་གལ་འགངས་ཆེ་བའི་དགོངས་འཆར་གང་མང་བཏོན།མཉམ་འཛོམས་ཀྱིས་དཔྱད་གླེང་དང་གྲོས་བསྡུར་བྱས་པ་འདིས་ནི། ཀུན་གྱིས་བོད་ཁུལ་གྱི་དབུལ་ཕོངས་ཀྱི་གནད་དོན་དང་དབུལ་སྐྱོར་བྱ་བའི་ངོས་འཛིན་གཏིང་ཇེ་ཟབ་ཏུ་བཏང་བ་མ་ཟད། ད་དུང་མ་འོངས་པར་ཇི་ལྟར་ལེགས་སྒྱུར་བྱེད་པའི་སྐོར་གྱི་ཐུན་མོང་གི་ལྟ་ཚུལ་ཆགས་པར་ཡང་སྐུལ་འདེད་བྱས། ཁྱད་པར་དུ་མིག་སྔའི་དབུལ་ཕོངས་ཀྱི་སྣང་ཚུལ་དང་དབུལ་ཕོངས་གྲུབ་རྐྱེན་གྱི་འབྲེལ་བར་དབྱེ་ཞིབ་བཏང་བ་ཙམ་མིན་པར། གནད་ཁེལ་དབུལ་སྐྱོར་སྲིད་ཇུས་ལ་ཕན་འབྲས་གནད་སྨིན་ཐོན་རྗེས་དམིགས་བསལ་གྱི་ས་ཁུལ་ཁ་ཤས་དང་དམིགས་བསལ་མི་ཚོགས་ཀྱི་ལྟོས་བཅས་ཀྱི་དབུལ་ཕོངས་ཇི་ལྟར་ཐག་གཅོད་བྱེད་པའི་སྐོར་ལ་སྔོན་དཔགས་རང་བཞིན་གྱི་དཔྱད་པ་གཏོང་ཐུབ་པ་བྱུང་བར་རིན་ཐང་ཆེན་པོ་ལྡན་པར་སྙམ། ཡིན་ཡང་བོད་ཁུལ་དབུལ་ཕོངས་སྐོར་གྱི་ཞིབ་འཇུག་ཇི་ལྟར་འཛམ་གླིང་གི་རྒྱུགས་ཆེ་བའི་དབུལ་ཕོངས་ཞིབ་འཇུག་གི་གཞུང་ལུགས་དང་འབྲེལ་མཐུད་བྱ་བ་དང་། སྔོན་ཐོན་གྱི་ལག་ལེན་དང་བྱེད་ཐབས་དཔྱད་གཞིར་འཛིན་པ། འཛམ་གླིང་གི་མཐོང་ལམ་འོག་ནས་བོད་ཁུལ་གྱི་དབུལ་ཕོངས་དེ་ཉིད་འཕེལ་རྒྱས་ཆུ་ཚད་མི་འདྲ་བའི་ས་ཁུལ་གཞན་གྱི་དབུལ་ཕོངས་ཀྱི་གནད་དོན་དང་ཕན་ཚུན་གཤིབ་བསྡུར་བྱས་ཏེ་ཞིབ་འཇུག་བྱ་བ། དེ་མིན་དབུལ་ཕོངས་སྐོར་གྱི་གྲངས་རིག་དབྱེ་ཞིབ་ (量化分析)དང་དེའི་ཞིབ་འཇུག་གི་ཚན་རིག་རང་བཞིན་གོང་མཐོར་གཏོང་བ་བཅས་ཀྱི་དོན་བྱ་འདི་དག་ནི་མིག་སྔའི་བོད་ཁུལ་དབུལ་ཕོངས་ཞིབ་འཇུག་ལས་རིགས་སུ་གང་ནུས་སྒོས་ཁ་གསབ་རྒྱག་པ་བྱ་དགོས་པའི་ཆར་མཐོང་ངོ་།།
གཞན་ཡང་། ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ལེགས་འགྲུབ་བྱུང་བ་དེས་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་སྟོབས་ཤུགས་ལ་མཐུན་སྦྱོར་བྱེད་པའི་འགན་ནུས་ཁུར་དུ་བླངས་ཡོད་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་དམངས་ཁྲོད་ཀྱི་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཏེ་ལིའང་ཧྲན་བོད་རིག་པ་ཞིབ་འཇུག་མཐུན་ཚོགས་གཉིས་མཉམ་འབྲེལ་ལེགས་པོ་བྱས་པ་མཚོན་ཡོད་པས།བོད་རིག་པའི་ཞིབ་འཇུག་ལས་ཁུངས་བར་གྱི་མཉམ་འབྲེལ་དང་བསམ་བློ་བརྗེ་རེས་ཀྱི་ངོས་ནས་དོན་སྙིང་གལ་ཆེན་ལྡན་ཡོད། ལིའང་ཧྲན་ཁུལ་བོད་རིག་པ་མཐུན་ཚོགས་ཀྱིས་ཐེངས་འདིའི་རིག་གཞུང་ཚོགས་འདུར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས་པའི་མི་ཚད། དེའི་ཁོངས་གཏོགས་ཀྱི་མན་ནེན་རྫོང་། ཧྲི་མན་རྫོང་། ཡན་ཡོན་ རྫོང་ (冕宁县、石棉县、盐源县) སོགས་ཀྱི་བོད་རིག་པ་ཞིབ་འཇུག་མཐུན་ཚོགས་ཀྱི་ཁོངས་མི་དག་ཀྱང་ཚོགས་འདུར་ཞུགས་ཤིང་སྙན་ཞུ་ཕུལ།མདོར་ན། ཐེངས་འདིའི་རིག་གཞུང་ཚོགས་འདུ་ཡིས་ཞིབ་འཇུག་ཁྱབ་ཁོངས་དང་རིག་ཚན་སྣ་མང་ནས་སླེབས་པའི་ཆེད་མཁས་དང་ཞིབ་འཇུག་པ་དག་གིས་བོད་ཁུལ་གྱི་དབུལ་ཕོངས་དང་གནད་ཁེལ་དབུལ་སྐྱོར་སྐོར་གྱི་བསམ་བློ་བརྗེ་རེས་དང་། ཕྱོགས་ཡོངས་ནས་གནད་ཁེལ་དབུལ་སྐྱོར་མངོན་འགྱུར་བྱེད་པར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་འཆར་འདོན་པའི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ནོ།།
མཆན་འགྲེལ།
①ལིའང་ཧྲན་ཁུལ་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ནི་སྤྱི་ལོ་1998ལོར་བཙུགས་པ་དང་། སི་ཁྲོན་ལྷོ་ནུབ་དང་དེའི་ཉེ་འབྲེལ་བོད་ཁུལ་གྱི་རིག་གནས་ལ་ཞིབ་འཇུག་བྱེད་བཞིན་པའི་དམངས་ཁྲོད་ཀྱི་ཞིབ་འཇུག་ཚོགས་པ་ཞིག་ཡིན། ཚོགས་པ་འདིས་ལས་སྒོ་གཙོ་བོ་གསུམ་གཉེར་བཞིན་ཡོད་དེ། གཅིག་ནི་ལོ་རེའི་བོད་ལུགས་ལོ་སར་གྱི་སྐབས་སུ་ཚོགས་མི་ཡོངས་མཉམ་འཛོམས་བྱས་ཏེ་ཐུན་མོང་གི་དུས་ཆེན་ལ་རོལ་བ་དང་། ལོ་རེར་དུས་ལྟར་འབྲེལ་ཡོད་ལས་དོན་གྱི་ཚོགས་འདུ་འཚོགས་པ། ད་དུང་ཚོགས་པའི་ཆེད་དེབ་《ལིའང་ཧྲན་བོད་རིག་པ་ཞིབ་འཇུག་》སྤེལ་བ་བཅས་ཡིན། 《ལིའང་ཧྲན་བོད་རིག་པ་ཞིབ་འཇུག་》ནི་ལིའང་ཧྲན་ཁུལ་རིག་གནས་ཅུས་གསར་འགྱུར་སྡེ་ཁག་གིས་ཆོག་མཆན་ཐོབ་ཅིང་། ལིའང་ཧྲན་ཁུལ་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱིས་ཆེད་དུ་སྤེལ་ཅིང་བརྗོད་བྱ་ལིའང་ཧྲན་དང་དེའི་ཉེ་འབྲེལ་ས་ཁུལ་གྱི་བོད་ཀྱི་རིག་གནས་གཞིར་བྱས་པའི་ནང་ཁུལ་དུ་སྤེལ་བའི་དུས་དེབ་ཞིག་ཡིན། སྤྱི་ལོ་2001ལོ་ནས་འགྲེམས་སྤེལ་བྱས་པ་དང་ལོ་རེར་དེབ་གྲངས་གཅིག་རེ་འདོན་བཞིན་ཡོད། ལིའང་ཧྲན་ཁུལ་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་མིག་སྔའི་ཚོགས་གཙོ་ནི་ཀྲུའུ་བུན་ཨན་(周文安)ཡིན་པ་དང་ཚོགས་མི་དུས་མགོའི་30ལྷག་ནས་ད་ལྟའི་༥༠༠ལྷག་བར་འཕེལ་རྒྱས་བྱུང་ཡོད། ཚོགས་པ་འདིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། ལིའང་ཧྲན་བོད་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་དུས་ལྟར་ཁུལ་འདིའི་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་གསར་འདོན་དང་ལེགས་སྒྲིག མྱུར་སྐྱོབ་བྱེད་པའི་ཐད་ལ་བྱ་གཞག་གལ་ཆེན་བསྒྲུབས་དང་སྒྲུབ་མུས་སུ་ཡོད། འདིའི་སྐོར་གྱི་གནས་ཚུལ་ཞིབ་རྒྱས་རྒྱུས་ལོན་བྱེད་འདོད་ན་ཀུའུ་ཐའོ་དང་བང་ཞན། བང་དེ་ཧོ་བཅས་ཀྱིས་བརྩམས་པའི་《ལིའང་ཧྲན་བོད་རིག་པའི་ཞིབ་འཇུག་གི་གནས་སྟངས་》ཏེ་《ཞི་ཁྲང་སློབ་གླིང་གི་དུས་དེབ་》2014ལོའི་དེབ་གྲངས་དང་པོའི་ཤོག་ངོས་96ནས་99དང་107ལ་གཟིགས་པར་འཚལ།
②སྤྱི་ཚོགས་ཀྱི་མ་རྩ་ནི་སྤྱི་ཚོགས་རིག་པའི་མིང་བརྡ་གལ་ཆེན་ཞིག་ཡིན་ཏེ། གཙོ་བོ་མི་དང་མི་བར་གྱི་སྤྱི་ཚོགས་འབྲེལ་བ་དང་དེ་དག་གི་སྤྱི་ཚོགས་གོ་གནས་སོགས་ལས་ཐོབ་པའི་ཐོན་ཁུངས་སྣ་ཚོགས་ལ་གོ་དགོས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1