[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་བོད་ཀྱི་གནའ་རབས་དུས་བརྟག་གནམ་དཔྱད་བྱ་ཚུལ་དེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་དེའི་འཕེལ་རིམ་ལ་ཅུང་ཙམ་དཔྱད་པ་སྟེ། ཐོག་མར་བོད་གདོད་མའི་སྤྱི་ཚོགས་ཀྱི་ནང་དུ་དུས་བརྟག་གི་རིག་པའི་མྱུ་གུ་འབུས་ཚུལ་དང་། དེ་ནས་ཞང་བོད་གཅིག་མཐུན་མ་བྱུང་གོང་གི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་དུས་ནས་ལག་ལེན་ཁྲོད་དུས་བརྟག་གནམ་དཔྱད་བྱ་བའི་སྲོལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཚུལ། མཐར་བོད་བཙན་པོའི་རྒྱལ་རབས་སྐབས་རྒྱ་རྩིས་བོད་དུ་དར་ཚུན་ནས་བསྟན་པ་ཕྱི་དར་གྱི་དུས་འགོར་དཔལ་དུས་ཀྱི་འཁོར་ལོ་བོད་དུ་བསྒྱུར་ཚུལ་སོགས་དང་། ཕྱིས་སུ་ལོ་ཐོ་ཁག་ཇི་སྙེད་བྱུང་བ་ལས་དུས་བརྟག་གི་རིག་གཞུང་མ་ལག་ཆ་ཚང་བ་གྲུབ་པ་མ་ཟད་དུས་རྟགས་འགའ་ཞིག་གཏན་ལ་ཕབ་ཚུལ་བཅས་ཀྱི་སྒོ་ནས་དཔྱད་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་ཀྱི་གནམ་རིག་སྐར་རྩིས། དུས་བརྟག་གནམ་དཔྱད། མྱོང་རྩིས། དུས་གཟེར། བྱུང་འཕེལ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] P194.9
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0159-16
རང་རེ་བོད་གངས་ཅན་ལྗོངས་འདིར་མིའི་རྒྱུ་འགྲུལ་བྱུང་བ་ནས་ད་བར་རང་བྱུང་ཁམས་ཀྱི་གདུག་རྩུབ་ཆེ་བའི་ཁ་ཆར་རླུང་འཚུབ་དང་། སད་སེར་མུ་གེ། ཤྭ་འོད་ས་གཡོ་སོགས་ཀྱི་འཇིགས་པ་སྣ་ཚོགས་འཕྲད་ཡོད་ལ། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ས་མཐོའི་མི་རྣམས་ཀྱིས་རང་བྱུང་གི་འབྱུང་བ་འཕེལ་འགྲིབ་ལས་བྱུང་བའི་འཇིགས་པ་དེ་དག་ལ་དུས་ཡུན་རིང་པོའི་རྟོག་ཞིབ་དང་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་དུས་ཀྱི་ཁྱད་ཆོས་ལ་བརྟག་ཅིང་གནམ་ས་གོ་ལའི་འཕེལ་འགྱུར་ལ་དཔྱད་ནས་དུས་བརྟག་གི་རིག་པ་ཞིག་ངང་གིས་གྲུབ་པ་ཡིན་ལ། དེར་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད་སླད་ཕྱིན་མུ་མཐུད་རྒྱུད་འཛིན་དང་སྔོག་འདོན། འཕེལ་རྒྱས་ཀྱི་དགོས་པ་ཆེན་པོ་ལྡན་ཡོད་པས་སྐབས་འདིར་དེའི་བྱུང་འཕེལ་གྱི་བརྒྱུད་རིམ་ཐད་ཅུང་ཟད་གླེང་བར་འདོད། དེ་ཡང་ཐོག་མར་རིག་པའི་མྱུ་གུ་འབུས་པ་དང་། དེ་ནས་ལག་ལེན་ཁྲོད་འཕེལ་རྒྱས་བྱུང་བ། མཐར་རིག་གཞུང་གི་མ་ལག་ཆགས་ནས་གཏན་ལ་ཕབ་ཚུལ་བཅས་ཀྱི་སྒོ་ནས་གླེང་བར་བྱ་སྟེ།
དང་པོ། དུས་བརྟག་གནམ་དཔྱད་ཀྱི་ཐོག་མའི་བྱུང་ཚུལ།
དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར་མིའི་རྒྱུ་འགྲུལ་བྱུང་བ་ནས་ད་བར་ལོ་ངོ་ཁྲི་ལྔ་སྟོང་གི་ལོ་རྒྱུས་ཡོད་པ་ནི་བོད་ཀྱི་གནའ་རྫས་རྟོག་ཞིབ་བྱས་པའི་དཔྱད་འབྲས་ཁག་ ② ཏུ་མངོན་ཡོད་པ་མ་ཟད། བོད་མི་རང་གི་བྱུང་བ་བརྗོད་པའི་ལོ་རྒྱུས་དེབ་ཐེར་ཁག་དང་ས་ཡུལ་འགའ་ཞིག་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་ཕ་སྤྲེལ་རྒན་དང་མ་བྲག་སྲིན་མོའི་ཤོད་རྒྱུན་ལས་ཀྱང་འཛམ་གླིང་གི་སྔོན་ཐོན་མི་རིགས་གཞན་དང་འདྲ་བར་རྒྱུན་རིང་གི་ལོ་རྒྱུས་ལྡན་པར་རྟོགས་ནུས་ཤིང་། ཕ་སྤྲེལ་རྒན་དང་མ་བྲག་སྲིན་མོ་གཉིས་ལས་མཆེད་པ་ལ་བོད་མིའི་ཆེས་ཐོག་མའི་བསྐལ་པ་ཡ་ཐོག་གི་སྐབས་ཀྱི་རུས་ཆེན་བཞིའམ་མི་བུ་གདོང་དྲུག་ཅེས་པ་དེ་དག་བྱུང་བ་ཡིན་ཞིང་། དེ་རྗེས་འགྲོ་བ་མིའི་རིགས་ཧྲིལ་པོའི་རང་གཤིས་སུ་གྲུབ་པའི་དགའ་སྐྱོ་ཆགས་སྡང་གི་དབང་གིས་བོད་འདིའི་སྤྱི་ཚོགས་ཀྱི་རྣམ་པའང་རིམ་བཞིན་གྲལ་རིམ་སྤྱི་ཚོགས་སུ་གྱུར་ནས་མ་སངས་སྤུན་དགུ་དང་། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་བྱུང་ནས་ལུང་ཚོ་དང་རུས་ཚོ་མི་འདྲ་བ་ཇི་སྙེད་ཅིག་རུས་རིགས་ཆེ་གྲས་འགའ་ཞིག་གིས་སྔ་ཕྱིར་དབང་བསྒྱུར་བྱས་པར་གྲགས། དེ་ལྟར་བསྐལ་པ་ཡ་ཐོག་གི་དུས་སུ་མཚོ་བོད་ས་མཐོའི་སྟེང་འཚོ་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་ཀུན་ལ་ཆེས་གདོད་མའི་འཇིག་རྟེན་ལྟ་བ་ཞིག་གི་ཐོག་ནས་རགས་པ་ཙམ་ངོས་འཛིན་བྱས་པར་མངོན་ཞིང་། དེ་ཡང་ཐོག་མར་ཆེས་མངོན་གསལ་དུ་གྱུར་པའི་ཉི་ཟླ་སྐར་གསུམ་གྱི་རྒྱུ་བ་ལ་གཞིགས་ནས་ལོ་ཟླ་ཞག་དུས་ཀྱི་ཚད་སོགས་ཇི་ལྟར་བཟུང་བའི་ཐོག་མའི་རིག་པ་ཞིག་བྱུང་བ་ཡིན་ཏེ། ཉི་ཟླའི་འཁོར་བགྲོད་ལ་གཞིགས་ནས་ཉི་མ་ཤར་བའི་གནས་སྐབས་ལ་ཉིན་དང་ཉི་མ་མེད་པའི་གནས་སྐབས་སུ་མཚན་ཞེས་ཐོག་མར་ཉིན་མཚན་གྱི་ཆེས་ཐོག་མའི་འདོད་རྒྱལ་གྱི་མིང་བརྡ་ ③ བྱུང་བ་དང་། དེར་གཞིགས་པའི་དུས་ཀྱི་ཚད་འཛིན་ཚུལ་ལ་ཞོགས་པ་ཉི་མ་ཤར་རིའི་རྩེ་ནས་ཐོན་པ་ལ་ཉི་ཤར་དང་། ཉི་མ་ནམ་མཁའི་གུང་དུ་སླེབས་པ་ལ་ཉིན་གུང་། དགོང་མོ་ཉི་མ་ནུབ་རིའི་རྩེ་ནས་བཞུད་པའམ་ནུབ་པ་ལ་ཉི་ནུབ་སྟེ། ཉི་ཤར་དང་ཉི་དྲོས། ཉིན་གུང་དང་ཕྱེད་ཡོལ། ཉི་མྱུར་དང་ཉི་ནུབ་སོགས་ཀྱི་ཐ་སྙད་དང་ངོས་འཛིན་སྲོལ་རྣམས་བྱུང་ཡོད། དེ་ལྟར་སྐབས་དེ་དག་ཏུ་ཉི་ཤར་ཉི་ནུབ་ལ་སོགས་པའི་དུས་ཚོད་ཀྱི་ཚད་བརྩི་བའི་སྲོལ་བྱུང་བ་ཙམ་མ་ཟད། ཐོན་སྐྱེད་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་གྲངས་རྩིས་བྱེད་སྐབས་ཤིང་བུ་ལ་རྟགས་འདེབས་པ་དང་། སྐུད་པ་ལ་མདུད་པ་བོར་ཏེ་བྱེད་ ④ ལ། དུས་ཚིགས་བརྩི་ཚུལ་ནི་ཐད་ཀར་སྣང་ངོ་རུ་གྱུར་པའི་ཉི་མའི་བགྲོད་ཚུལ་དང་། ཟླ་བའི་འཕེལ་འགྲིབ། རྒྱུ་སྐར་གྱི་འོད་ཆེ་ཆུང་། རླུང་དང་སྨུག་པའི་རྒྱུ་ཕྱོགས། སྤྲིན་པའི་དབྱིབས། འཇའ་ཚོན་གྱི་འཕོ་འགྱུར། ཐོག་སེར་གྱི་འབྱུང་ཚུལ། འབྲུག་སྒྲ་དང་གློག་དམར་འབྱུང་སྟངས། རྩ་རྩི་ཤིང་གི་སྐྱེ་འཕེལ་ཆོས་ཉིད། སྲོག་ཆགས་ཀྱི་སྐྱས་སྤོ་བྱེད་ལུགས་སོགས་ཕྱི་རོལ་ནམ་མཁའི་དབྱིངས་དང་ས་གཞིའི་ཐོག་གི་རང་བྱུང་སྣང་ཚུལ་དེ་རིགས་ལ་དུས་ཚིགས་མི་འདྲ་བར་འབྱུང་ཁམས་ཀྱི་འཕེལ་འགྲིབ་ལ་བརྟེན་ནས་འགྱུར་ལྡོག་ཇི་ལྟར་ཡོང་མིན་གྱི་བརྟག་པ་བྱེད་སྲོལ་ཐོག་མ་བ་ཞིག་ཀྱང་བྱུང་བར་འདོད་པ་ཡིན་ནོ།། དེའི་ཕྱིར་དུས་དེ་ཙམ་ནས་བོད་ཀྱི་གདོད་མའི་རྩིས་རིག་གི་དབུ་བརྙེས་པ་ཙམ་མ་ཟད། དུས་བརྟག་གནམ་དཔྱད་ཀྱི་རྩིས་རིག་གི་ཐོག་མའི་མྱུ་གུ་ཞིག་ཀྱང་འབུས་པར་ངོས་འཛིན་ན་མི་ཆོག་པ་མེད་པར་འདོད།
དེ་བཞིན་སྐྱེ་བོ་གང་ཞིག་འཇིག་རྟེན་འདིའི་ཐོག་ཏུ་འཚོ་གནས་བྱེད་པར་ཐོག་མར་མེད་དུ་མི་རུང་ཞིང་ཆེས་རྩ་བར་གྱུར་པའི་ཆ་རྐྱེན་ཞིག་ནི་ཡུལ་དུས་ཀྱི་གནམ་གཤིས་དང་འཁོར་ཡུག་སོགས་ལ་བསྟུན་པའི་ཟས་གོས་གནས་མལ་གསུམ་ཚུལ་བཞིན་བསྟེན་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་། ཟས་གོས་གནས་མལ་གསུམ་དུས་ཀྱི་འཕེལ་རིམ་དང་བསྟུན་གང་ཐུབ་ཀྱི་འགན་ལེན་བྱ་ཐུབ་ན་གཞི་ནས་ཚེ་སྲོག་བདེ་ཐང་དུ་གནས་པའི་འགན་ལེན་ཐུབ་པ་ཡིན། དེར་བརྟེན་ཚེ་སྲོག་གི་རྒྱུན་བསྲིངས་བྱེད་ཀྱི་རྩ་བ་ལྟ་བུར་གྱུར་པ་ནི་ཕྱི་རོལ་ཡུལ་དུས་ཀྱི་གནམ་གཤིས་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ནས་རང་ཉིད་ཀྱི་ནང་ལུས་ཁམས་ལ་ལེགས་སྤྱོད་ཉེས་སྤང་གི་རྣམ་པ་ཞིག་གི་ཐོག་ནས་སྣང་ཚུལ་དེ་དག་རྒྱུས་ལོན་གཏིང་ཟབ་བྱེད་དགོས་བྱུང་བ་རེད། དེ་ལྟར་རྒྱུས་ལོན་བྱེད་པའི་བརྒྱུད་རིམ་ཁྲོད་ས་བབས་མཐོ་དམན་དང་། དུས་ཀྱི་འགྱུར་ལྡོག རང་བྱུང་གི་སྣང་ཚུལ་སོགས་ལ་གཞིགས་ནས་ལུས་ཁམས་ལ་འཕྲོད་པ་བསྟེན་པ་དང་མི་འཕྲོད་པ་སྤང་བའི་གོམས་གཤིས་ཤིག་ངང་གིས་ཆགས་ཏེ། བཀྲེས་སྐོམ་གྱི་གདུང་བ་སེལ་ཕྱིར་ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་བ་དང་། ལུས་ཚ་གྲང་གི་སྡུག་བསྔལ་སེལ་ཕྱིར་གོས་སུ་ཤིང་ལོ་གྱོན་ཞིང་བྲག་ཕུག་དང་རྩའི་སྤྱིལ་བུ་སོགས་སུ་གནས་བཅའ་བའི་སྲོལ་ཆགས་ ⑤ པ་ཡིན་ནོ།།
དེ་ནས་དུས་ཡུན་གང་ཙམ་ཕྱིན་པ་དང་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་རང་བཞིན་གྱི་སྣང་ཚུལ་འགའ་ཞིག་རྒྱུས་ལོན་བྱུང་བ་མ་ཟད། དེ་དག་གི་འཕེལ་རིམ་ལ་ཆེས་གདོད་མའི་ལྟ་བ་ཞིག་ནས་ངོས་འཛིན་ཁ་གསལ་བྱེད་ཐུབ་པ་སྟེ། དབྱར་གྱི་དུས་སུ་གནམ་གཤིས་དྲོ་བ་དང་། དགུན་དུས་གནམ་གཤིས་གྲང་ངར་ཆེ་བ་བཅས་ཀྱི་ཁྱད་ཆོས་རྣམས་རྟོགས་པ་མ་ཟད། སྣང་ཚུལ་དེ་དག་ལ་ཉམས་མྱོང་ཇི་སྙེད་ཅིག་གསོག་འཇོག་གནང་བ་ཡིན་ཏེ། ཤོ་བཤད་དུ། ཚེས་བརྒྱད་ཟླ་བས་ནམ་ཕྱེད་ཐུབ།། དེ་ནས་ཐོ་རངས་སྐར་ཆེན་ཤར།། ཞེས་དང་། གནའ་མིའི་ཤོད་རྒྱུན་དུ། ཁྲ་ནི་བྱེའུ་ཁ་ཐོར་འདྲ།། ཞེས་དང་། ལྷོ་འབྲུག་དེ་འཇམ་བཞིན་འབབ།། བྱང་འབྲུག་དེ་ངར་བཞིན་དྭངས།། ⑥ ཞེས་ཟེར་བ་བཅས་ཟླ་བའི་འཕེལ་རིམ་དང་རྒྱུ་སྐར་གྱི་དབྱིབས། འབྲུག་སྒྲ་གྲགས་ཕྱོགས་ལ་བལྟོས་པའི་ཆར་པ་གཏོང་མིན་སོགས་ཀྱི་ཉམས་མྱོང་སྣ་ཚོགས་གསོག་འཇོག་བྱས་པ་ལས་བྱུང་བའི་མྱོང་རྩིས་རྣམས་བྱུང་བར་འདོད་དོ།།
དེ་བས་སྐབས་དེ་ཤེད་དུ་ནམ་མཁའི་སྤྲིན་དང་། གློག་དམར། འབྲུག་སྒྲ་སོགས་ལ་ངོས་འཛིན་བྱ་ལུགས་དེ་དེང་གི་ཚན་རིག་མཁས་པའི་ངོས་འཛིན་བྱ་ལུགས་དང་མཐུན་པ་ཞིག་བྱུང་བ་སྟེ། 《རྒྱལ་པོ་བཀའི་ཐང་ཡིག་》ལས། “མཚོ་ཡི་རླངས་ལས་མཁའ་ལ་སྤྲིན་དུ་ཆགས།། འབྱུང་བ་ཚ་གྲང་ཕུད་པ་གློག་ཏུ་འཁྱུག། དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས།། དྲག་ཅིང་ངར་ན་བར་ནས་ཐོག་ཏུ་འབབ།། དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན།།” ⑦ ཞེས་གསུངས་ཤིང་།དེང་སྐབས་ཀྱང་དམངས་ཁྲོད་དུ། གནམ་ལ་སྤྲིན་པ་འཁོར་བ།། རྒྱ་མཚོའི་ཁ་རླངས་ཡིན་པ།། ཆར་པ་འབབ་དང་མི་འབབ།། ཀླུ་རྒྱལ་ཕྱག་ལ་ཡོག་རེད།། ⑧ཅེས་ཚིག་རྒྱག་གི་གཞས་ཀྱང་གཏོང་སྲོལ་ཡོད་པ་ལས་རྟོགས་ནུས་པས་སོ།།
གཉིས་པ། དུས་བརྟག་གནམ་དཔྱད་བྱ་ཚུལ་དེ་ལག་ལེན་ཁྲོད་འཕེལ་རྒྱས་བྱུང་ཚུལ།
མཚོ་བོད་ས་མཐོའི་ལྗོངས་འདིར་བསྐལ་པ་ཡ་ཐོག་གི་མིའི་རྒྱུ་འགྲུལ་བྱུང་བ་ནས་ཞང་བོད་ཤེས་རིག་གི་མྱུ་གུ་མ་འབུས་གོང་བར་ཕྱི་རོལ་འབྱུང་ཁམས་ཀྱི་འཕེལ་འགྲིབ་ལ་གཞིགས་ནས་ཐོན་སྐྱེད་ངལ་རྩོལ་གྱི་ལུགས་སྲོལ་རགས་པ་ཙམ་ཆགས་ཤིང་། ས་གཞིའི་སྟེང་གི་དུས་ཀྱི་འགྱུར་བ་ལ་བརྟག་པ་དང་། གནམ་གྱི་ཉི་ཟླ་གཟའ་སྐར་ལ་དཔྱད་པ་བྱས་པའི་ཉམས་མྱོང་ཇི་སྙེད་ཅིག་གསོག་འཇོག་བྱས་ཡོད།མཐར་ཞང་བོད་ཤེས་རིག་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དུས་བརྟག་གི་རིག་པ་ཞིག་ཀྱང་ཕ་ཚ་བུ་རྒྱུད་དུ་ལག་ལེན་དང་ངག་ཐོག་སོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
གཅིག བོན་ཆོས་དང་འབྲེལ་བའི་དུས་བརྟག་གི་བྱུང་འཕེལ་སྐོར།
དེ་ཡང་ཐོག་མར་མཚོ་བོད་ས་མཐོའི་སྟོད་ཕྱོགས་མངའ་རིས་ས་ཁུལ་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ཅིང་དེའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་གྱི་ཆོས་ལུགས་ཤིག་ཀྱང་དབུ་བརྙེས་ཡོད་ལ། ཆོས་དང་རིག་གནས་ཀུན་འཕེལ་རྒྱས་འགྲོ་བར་མེད་དུ་མི་རུང་བ་ནི་ཡི་གེ་ཡིན་ཞིང་། དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཐོན་མིས་བོད་ཡིག་གསར་གཏོད་མ་བྱས་པའི་སྔོན་རོལ་དུ་ཞང་ཞུང་སྤུང་ཡིག་སོགས་ཡི་གེ་ཡོད་པར་འདོད་ཚུལ་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》དུ་དངོས་དཔེ་ར་སྤྲོད་དང་བཅས་གསལ་བར་གསུངས་འདུག་པ་ལས་རྟོགས་ནུས་སོ།། དེར་བརྟེན་སྐབས་དེ་དུས་ནས་ཤེས་རིག་གང་ཡང་ངག་རྒྱུན་རྐྱང་པ་ལས་བརྒྱུད་པ་མ་ཡིན་པར་ཡིག་ཐོག་ནས་བརྒྱུད་པའི་རྣམ་པ་ཞིག་བྱུང་བ་དང་། རྩིས་རིག་གི་གཞུང་ལུགས་སྤྱི་ལ་མཚོན་ནའང་སྐབས་དེ་དུས་ནས་དར་འཕེལ་ཆེན་པོ་བྱུང་བར་མངོན་ཏེ། 《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》ལས། “ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་།། མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས།། འགྲོ་ལ་ཉེར་བར་ཕན་ཅིང་གསོ་བ་དང་།། ལྐོག་གྱུར་མངོན་གསལ་བོན་སྡེ་དུ་མ་གསུངས།།” ⑨ ཞེས་དང་། 《ལེགས་བཤད་རིན་པོའི་གཏེར་མཛོད་》ལས། “མདོ་སྡེར་གྱུར་པ་ཐམས་ཅན་ནི།། དབང་ལྡན་དུས་ཀྱི་འཁོར་ལོ་དང་།། ཅུ་ཡག་རྩིས་སྡེར་གྱུར་པ་རྣམས།། ཀོང་ཚ་འཕྲུལ་བུ་དག་གིས་བསྡུས།།” ⑩ ཞེས་སོགས་གསུངས་པ་ལས་སྟོན་པ་གཤེན་རབ་མི་བོ་ཆེས་རང་གི་ཐུགས་སྲས་ཀོང་ཙེ་འཕྲུལ་རྒྱལ་དང་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་སོགས་ཀྱི་ཞུས་ངོར་གཙུག་ལག་རྩིས་ཀྱི་བོན་སྒོ་དུ་མ་གསུངས་ཤིང་རྩིས་རིག་གི་བཀའ་བབས་ཀོང་ཙེ་འཕྲུལ་རྒྱལ་ལ་གཏད་པར་གསུངས་ཤིང་། སྐབས་དེའི་འཚོ་བ་དངོས་ནང་གཙུག་ལག་རྩིས་རིག་ཆེད་གཉེར་གྱི་མི་སྣ་རྩིས་པའང་བྱུང་བར་མངོན་ཏེ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ཅེས་པའི་ནང་“སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་གིས་བཙུན་མོ་ཁབ་ཏུ་བཞེས་པའི་གནས་ཚུལ་བཀོད་པར་ཧོས་བཟའ་དཔོ་བཟའ་ལྷ་བཟའ་སོགས་དགྱེས་སྡེའི་ཚུལ་དང་། རྒྱལ་རྗེའུ་བྲམ་ཟེ་དམངས་རིགས་ཀྱི་བུ་མོ་ལྔ་བཅུ་རྒྱལ་མོ་དང་བློན་མོ་དང་ཁྲུས་མཛད་དང་བྲན་མོའི་ཚུལ་དང་། ཤག་རིགས་ཧོས་རིགས་སོགས་ཀྱི་བུ་མོ་སུམ་ཅུ་སུམ་ཅུ་མཛའ་མོ་དང་སྲིད་འཛིན་དང་སྐུ་སྲུང་དང་རྩིས་མཁན་དང་མགྲོན་མོའི་ཚུལ་དུ་བཞེས་པར་མཛད་” ⑾ ཅེས་གསུངས་པ་ལས་ཆེད་གཉེར་རྩིས་པ་ཡོད་པ་ཙམ་མ་ཟད་རྩིས་རིག་ལ་མཐོང་ཆེན་པོ་བྱ་བཞིན་ཡོད་པ་གསལ་བཤད་བྱེད་ཐུབ་པར་སྙམ།
དེ་ལྟར་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་པར་གྲགས་པའི་གཞུང་ལུགས་དེ་དག་གི་ནང་དུ་རྒྱུ་སྐར་གྱི་ཐ་སྙད་དང་རྒྱུ་སྐར་ལ་གཞིགས་ནས་དུས་བརྟག་བྱ་ཚུལ་དངོས་ཤུགས་ཅི་རིགས་ནས་བསྟན་ཡོད་པ་ནི་ང་ཚོས་དཔག་པར་ནུས་ཏེ། ཕྱིས་སུ་རྒྱུ་སྐར་གྱི་མིང་ལ་སྒྲོག་དང་གཞུ་ལ་སོགས་པ་སྔར་ཞང་ཞུང་གི་ཡུལ་ནས་བྱུང་བར་སྨོས་པ་མ་ཟད། ཁ་རྒྱུན་དུ། ཉི་ཟླའི་བགྲོད་ལམ་བརྟག་པ་བོན་ཞང་གི་རྩིས།།ཞེས་དམིགས་བསལ་དུ་ཉི་ཟླའི་བགྲོད་ལམ་ལ་བརྟག་པ་བྱས་ཏེ་ཐོན་སྐྱེད་ངལ་རྩོལ་ལ་མཛུབ་སྟོན་བྱེད་ནུས་པའི་ཚུལ་འདི་བོན་ཞང་གི་རྩིས་ཡིན་པར་གསུངས་སོ།། དེ་བཞིན་《ཞང་ཞུང་རྒན་པོའི་མྱོང་རྩིས་》ཞེས་པའི་ནང་དུ། “སྔོན་ཚེ་ཞང་ཞུང་རྒྱལ་པོའི་མྱོས་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པའི་དུས་སུ། ཞང་རྩིས་རྒན་པོ་བེར་རྒ་ཐོགས་པ་བརྒྱ་ཡི་ནང་དུ་རྒྱུད་ཁུངས་རྟོགས་པའི་མི་བདུན་ཡོད་པར་གསུངས་ཤིང་། དེ་ལས་ཀྱང་ཤེས་རབ་ཆེ་བའི་མི་བཞི་ཡིས་རྒྱ་ཞང་བོད་སོགས་ཀྱི་རྩིས་རིག་རྒྱ་མཚོའི་མཐའ་བཅད་དེ་བཀོད་པའི་དཔེ་རྙིང་ཁུངས་བཙུན་ཞིག་ལས་བྱུང་བར་གསུངས་པའི་ཞང་ཞུང་རྒན་པོའི་ངག་རྩིས།” ⑿ ཞེས་གསུངས་པ་ལས་ཀྱང་རྟོགས་ནུས་པར་སྙམ།
ཞང་ཞུང་རྒན་པོའི་མྱོང་རྩིས་ལས་བྱུང་ཞིང་ད་བར་དར་འཕེལ་བྱུང་བའི་བྱ་ཞག་གནམ་དཔྱད་དང་ཕག་ཞགཝ་ཞག་སོགས་ཀྱི་ནང་དོན་རྣམས་དེང་གི་དུས་སུ་ལོ་ཐོའི་ནང་གི་དུས་གཟེར་དང་། ཞིང་འབྲོག་ལས་ཀའི་སྣེ་ཁྲིད་སྔོན་བརྡ་བཅས་ཀྱི་སྐབས་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་མཆིས་སོ།།
གཉིས། ཞིང་འབྲོག་ཐོན་སྐྱེད་སོགས་དང་འབྲེལ་བའི་དུས་བརྟག་གི་ལག་ལེན་དར་ཚུལ། དེ་ནས་མི་ལོ་སྟོང་ཕྲག་གཉིས་ལ་ཉེ་བ་འདས་པའི་རྗེས་སུ་མཚོ་བོད་ས་མཐོའི་ལྗོངས་འདིར་སྟོད་ཕྱོགས་ཀྱི་སྲིད་འབྱོར་རིག་གནས་རྣམས་རིམ་བཞིན་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཡུལ་དབུས་ཡར་ཀླུང་ཁུལ་དུ་ཞང་བོད་ཤེས་རིག་རྣམས་རིམ་བཞིན་དར་འཕེལ་བྱུང་བའི་སྒོ་ཚུགས་པ་དང་། དེ་ནས་བཟུང་ཡུལ་འདིར་དུས་བརྟག་བྱ་ཚུལ་དེའང་གནའ་རབས་ཞང་ཞུང་རྒན་པོའི་མྱོང་རྩིས་ཀྱི་ཐོག་ནས་འཕེལ་རྒྱས་བྱུང་བར་མངོན་ཏེ། 《བྱམས་མ་སྐྱོན་གྱི་འཇིགས་སྐྱོབ་》སོགས་བོད་མིའི་རྒྱལ་རབས་ཆོས་འབྱུང་དང་ལོ་རྒྱུས་ཕལ་མོ་ཆེའི་ནང་དུ་འཁོད་པར་གཞིགས་ན་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པ་བྱོན་ཡོད་ཅིང་། དེའི་ཁྲོད་སྐོར་ཤེས་རྩིས་མཁན་ཡོད་པ་ཙམ་མ་ཟད། “སྐོར་ཤེར་རྩིས་མཁན་གྱིས་རྩིས་འདེབས་པས་སྔ་ཕྱིའི་ལྟས་བཟུང་” ⒀ ཞེས་དང་། ས་ལ་ལེགས་དྲུག་གི་སྐབས་སུ་དེང་གི་འབྱུང་རྩིས་དང་ཆ་འདྲ་བའི་རྒས་རྒུད་འཆི་འཕོའི་བར་ཆད་བཟློག་པའི་རྩིས་རིག་འབྱུང་བ་སྟེ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་དང་ནོར་བྲང་ཨོ་རྒྱན་མཆོག་ནས་བརྩམས་གནང་མཛད་པའི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》ལས། “བོན་གྱི་ལོ་རྒྱུས་ལྟར་ན་ས་ལ་ལེགས་དྲུག་གི་རིང་ལ་བོན་གྱི་རྒྱུད་གཞུང་དུ་མ་དང་རིག་པའི་གནས་ལྔ་རྣམས་དར་ཞིང་རིག་པའི་གནས་ལྔ་ནི། ནད་ཀྱིས་གདུང་བ་སྨན་གྱིས་གསོ། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། ཕས་ཀྱིས་རྒོལ་བ་སྒྲས་ཚར་གཅོད་” ⒁ཅེས་གསུངས་པས་སོ།། དེ་ལྟར་འཕེལ་རྒྱས་བྱུང་མེད་ན་སྐབས་དེ་དག་ཏུ་རྒྱུའི་བོན་གྱི་ཁྲོད་དུ་“དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་གེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལྟ། སའི་འདྲེ་བཏུལ་བ་ཡིན་ནོ།།” ⒂ཞེས་གསུངས་པའི་གནམ་གྱི་རྒྱུ་སྐར་ལ་བརྟག་པ་བྱེད་མཁན་གྱི་ཆེད་གཏད་མི་སྣ་འབྱུང་མི་སྲིད་པར་འདོད་དགོས་པའོ།། དེར་བརྟེན་སྐབས་དེ་དག་ཏུ་གནའ་རབས་ཞང་ཞུང་བོན་གྱི་རྒན་པོའི་མྱོང་རྩིས་གཙོ་བོར་བྱས་པའི་དུས་བརྟག་གནམ་དཔྱད་ཀྱི་རྩིས་རིག་གི་དགོངས་པ་ཇི་སྙེད་ཅིག་ལག་བསྟར་བྱ་བཞིན་ཡོད་པ་རྟོགས་སླ་བའོ།།
དེའི་ཕྱིར་ཡིག་ལམ་ལ་གསལ་བ་ལྟར་ན་རྒྱུའི་བོན་དུར་གཤེན་མཚོན་ཆ་ཅན་གྱིས་གནམ་གྱི་རྒྱུ་སྐར་ལ་བལྟ་བའི་སྲོལ་ཐོག་མར་ཕྱེ་ཡོད་པར་མངོན་ཅིང་། སྐབས་དེ་ཤེད་དུ་བྱུང་བའི་རྒྱུ་སྐར་གྱི་མིང་འགའ་ཞིག་དང་རྒྱུ་སྐར་གྱི་ངོས་འཛིན་བྱ་ལུགས་འགའ་ཞིག་དེང་གི་དུས་སུའང་བེད་སྤྱོད་བྱས་དང་བྱ་མུས་སུ་མཆིས་ཏེ། རྒྱུ་སྐར་སྨིན་དྲུག་ལ་ཉ་དྲུག་དང་། སྣར་མ་ལ་བི་རྫི། མགོ་ལ་སྨལ་པོ་སོགས་ཟེར་ ⒃ བ་ལྟ་བུ། ཡང་རྒྱུ་སྐར་གྱི་ངོས་འཛིན་ལུགས་ཐད། བྲ་ཉེ་སྒྱེད་པུ་སྤུན་གསུམ་འདྲ།། ཞེས་དང་། སྐར་མའི་མིང་འདི་དག་གནའ་རབས་ཞང་ཞུང་བོན་གྱི་སྐད་ཡིན་ཚུལ་ནི་ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ་ནང་རྩིས་ཀྱི་སྐབས་སུ། “རྒྱུ་སྐར་ཉེར་བརྒྱད་ལ་བོད་དུ་ནང་པའི་ཆོས་མ་དར་བའི་དུས་བོན་པོ་རྣམས་ཀྱིས་མིང་བཏགས་པ་ད་ལྟ་ཡང་ཡུལ་སོ་སོས་འབོད་སྲོལ་ཡོད་” ⒄ཅེས་གསུངས་པ་སོགས་ལས་རྟོགས་ནུས་སོ།།
ཡང་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སྐབས་སུ་གནམ་གྱི་རྒྱུ་སྐར་ལ་བརྟག་པ་ཙམ་མ་ཟད་དེས་དམག་དོན་སོགས་ཞི་དྲག་གི་བྱ་བ་ཀུན་ལ་སྤང་བླང་གི་གནད་གདེངས་དང་ལྡན་པ་སྟོན་ནུས་པར་འདོད་དེ། གྲི་གུམ་བཙན་པོ་ཐུགས་གདོན་གྱིས་བསླུས་ཏེ་རང་གི་བློན་པོ་ལོ་ངམ་རྟ་རྫི་ལ་འཐབ་ཡ་བཅོལ་ནས་འཐབ་པར་ཆས་སྐབས་སྐར་མ་ས་ག་དང་ས་རིའི་ཉིན་འཁྲུགས་དུས་བྱས་ཏེ་ཉིན་དེར་རླུང་དམར་ཆེན་པོ་འཚུབ་ཅིང་། བ་གླང་རྣམས་འདྲོགས་ཏེ་ཐལ་སྒྲོ་རལ་བས་ཐལ་འཚུབས་ཀྱིས་རྒྱལ་པོ་མིག་སྒྲིབ་དུས་དང་བསྟུན་ནས་བཀྲོངས་ ⒅ ཚུལ་གསུངས་པས་རྒྱུ་སྐར་དེ་གཉིས་ལ། ཇི་སྐད་དུ། སྐར་མ་ས་རིའི་ཉི་མ་ལ།། བྱེ་མ་འདྲེས་པའི་རླུང་ཆེན་ལྡང་།། ས་ག་ལྷ་མཚམས་སྣྲོན་སྣྲུབས་ཉིན།། ཆར་རླུང་དག་གི་སྒྲ་ཐོས་འགྱུར།། ཞེས་གསུངས་པས་སྐབས་དེ་དུས་ནས་རྒྱུ་སྐར་གྱི་འབྱུང་ཁམས་བརྩི་སྲོལ་བྱུང་བ་མ་ཟད། གནམ་གཤིས་ཀྱི་འགྱུར་བ་རྣམས་རྒྱུ་སྐར་གྱི་འབྱུང་ཁམས་ལ་བརྟེན་ནས་བརྟག་དཔྱད་བྱེད་ནུས་ཤིང་། འཚོ་བ་དངོས་ནང་སྤྱོད་བཞིན་པའི་སྔོན་ཐོན་ཅན་གྱི་དུས་བརྟག་གནམ་དཔྱད་ཀྱི་ལག་ལེན་ཞིག་ཡོད་པ་གསལ་པོར་རྟོགས་ནུས་སོ།། དེའི་ཕྱིར་“ཕྱིས་སུ་བོད་བཙན་པོའི་རྒྱལ་རབས་ནང་ནག་རྩིས་ཀྱི་ཆ་ལག་བོད་དུ་མ་དར་གོང་དང་བསྟན་པ་ཕྱི་དར་གྱི་སྐབས་སུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་སོགས་བོད་དུ་མ་ཕེབས་པའི་གོང་རོལ་དུ་བོད་རང་ས་ནས་བྱུང་བའི་རྩིས་ལུགས་ཤིག་ཡོད་པ་ནི་ཤིན་ཏུ་གསལ་” ⒆ ཞེས་གསུངས་པའང་ཤིན་ཏུ་ནས་དོན་ལ་གནས་ཤིང་ཟོལ་ཟོག་བྲལ་བའི་མཁས་པའི་གཏམ་ཤིག་ཡིན་པར་ཡོངས་སུ་སེམས་སོ།།
དེ་རྗེས་པུ་དེ་གུང་རྒྱལ་གྱི་སྐུ་རིང་ལ་ཡུལ་དབུས་གཙོ་བོར་གྱུར་པའི་བོད་ཀྱི་ལྗོངས་འདིར་བོད་ཀྱི་གདོད་མའི་ཐོན་སྐྱེད་ངལ་རྩོལ་གྱི་རྣམ་པ་དེ་རྔོན་རྒྱག་པ་ཁོ་ན་ཙམ་མ་ཡིན་པར་ཞིང་འབྲོག་གཉིས་ཀྱི་ལས་ཀའི་རྣམ་པར་ཡོངས་སུ་གྱུར་ཟིན་ཅིང་རིམ་པས་ནམ་ཟླ་དུས་བཞིའི་ངོས་འཛིན་ཙམ་མ་ཟད། ཟླ་བའི་འཕེལ་འགྲིབ་དང་། ཉི་མའི་ལྡོག་གཉིས།དུས་བཞི་སོ་སོའི་ཁྱད་ཆོས་སོགས་ལ་བརྟག་པ་བྱ་བའི་“ལྷོ་ཁ་ཡར་ཀླུང་ཁུལ་དུ་《རྒན་མོ་བལ་མའི་ཟླ་རྩིས་》ཞེས་པ་ཞིག་བྱུང་བ་སྟེ། སྔ་རབས་ཀྱི་ལོ་རྒྱུས་གཡའ་བཟང་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་ཞེས་པའི་དཔེ་དེབ་ནང་། གཅིག་ནས་བདུན་གྱི་ཞག་ཕྱི་མར།། སྟོད་ཟླ་ཕྱེད་པས་ནམ་ཕྱེད་ཐུབ།།བདུན་ནས་བདུན་བགྲངས་ཞག་ཕྱི་མར།། ཟླ་བ་དར་བས་མཚན་གང་ཐུབ།། བདུན་གསུམ་བགྲངས་པའི་ཞག་ཕྱི་མར།། སྨད་ཟླ་ཕྱེད་པས་ནམ་ཕྱེད་ཤར།། བདུན་བཞི་བགྲངས་པའི་ཞག་ཕྱི་མར།། གུད་པ་ཟླ་མེད་མཚན་མོ་ཟེར།།” ⒇ ཞེས་སོགས་གསུངས་པ་ལས་ཟླ་བའི་འཕེལ་རིམ་གྱི་དུས་རྟགས་དང་།དུས་བཞི་སོ་སོའི་དུས་རྟགས་ཙམ་མ་ཟད། དུས་བརྟག་གི་རིག་གཞུང་དང་ལག་ལེན་ཀུན་ལ་ཤིན་ཏུ་ནས་གཅེས་པའི་དུས་ཀྱི་གཟེར་ལྟ་བུ་གཉིས་ཏེ། ཉི་མའི་ལྷོ་བགྲོད་དང་བྱང་བགྲོད་གཉིས་གསལ་བར་གསུངས་འདུག འདི་དག་ལས་སྔ་རབས་ཀྱི་རྒན་རྒོན་རྣམས་ཀྱིས་སོ་སོའི་བློ་རིག་ལ་བརྟེན་ནས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཀུན་གསོག་འཇོག་གནང་ཡོད་པ་ངང་ངམ་ཤུགས་ཀྱིས་རྟོགས་པར་ནུས།
དེར་བརྟེན་ཁོ་བོས་བསམས་ན། གོང་གསལ་དེ་དག་ལས་ད་ལྟའི་དུས་འཁོར་དང་ནག་རྩིས་སོགས་དང་འབྲེལ་བའི་རྩིས་རིག་འདི་མ་དར་བའི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ནས་ལས་ལ་བརྩོན་ཞིང་བློ་གྲོས་ཀྱི་རྩལ་དང་ལྡན་པའི་བོད་རིགས་མི་དམངས་ཀྱིས་གནམ་གྱི་སྐར་མར་བརྟག་པའི་རྩིས་དང་། བར་སྣང་གི་རླུང་དང་སྤྲིན་པར་བརྟག་པ། བྱ་དང་ཤིང་ལ་བརྟག་པ། མཚོ་དང་ཆབ་རོམ་ལ་བརྟག་པ་སོགས་དུས་བརྟག་གི་རྩིས་རིག་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་སྡུད་བྱས་པ་དང་། དེ་ནས་རིམ་གྱིས་འཕེལ་རྒྱས་བྱུང་སྟེ་རང་བྱུང་ཁམས་ཀྱི་སྣང་ཚུལ་ཆོས་ཉིད་རྣམས་མ་རྟོགས་པ་ནས་རྟོགས་པ་དང་རྟོགས་པ་ནས་གཏིང་ཟབ་ཀྱི་རྒྱུས་ལོན། གཏིང་ཟབ་ནས་མུ་མཐུད་འཚོ་བ་དངོས་ནང་འཕེལ་རྒྱས་བཅས་བཏང་སྟེ། གཟོད་ཉི་ཟླ་སྐར་གསུམ་གྱི་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ནང་ཉི་མའི་འགྲོ་ཕྱོགས། ཟླ་བའི་འཕེལ་འགྲིབ། ལོ་ཟླ་ཞག་གསུམ་བརྩི་སྲོལ་གྱི་སྒྲོམ་གཞི་ཞིག་ཆགས་པ་ཤེས་རྟོགས་བྱེད་ཐུབ་པར་སྙམ་མོ།།
གསུམ། སྨན་དཔྱད་དང་འབྲེལ་བའི་དུས་བརྟག་གི་ལག་ལེན་དར་ཚུལ། རང་རེའི་ལྗོངས་འདིར་སྨན་དཔྱད་ཀྱི་ལག་ལེན་དབུ་བརྙེས་ནས་ད་བར་ལོ་ངོ་བཞི་སྟོང་ལ་ཉེ་བ་ཕྱིན་ཡོད་ཚུལ་ཁོ་བོའི་བཤེས་གཉེན་དམ་པ་གོ་འཇོ་དབང་འདུས་མཆོག་ནས་ལུང་རིགས་ཚད་མ་གསུམ་གྱི་སྒོ་ནས་སྒྲུབ་ཡོད་ཅིང་། དགོངས་ཚུལ་དེ་ནི་ཡོངས་གྲགས་སུ་གྱུར་ཡོད། དེའི་རིང་སྨན་རྩིས་གཉིས་ཀྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་ལྟ་བུར་ཆགས་ཡོད། ལྷག་པར་དུ་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་བོད་སྨན་འདིར་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་རླབས་པོ་ཆེ་བྱུང་ཡོད་ (21) ལ་དུས་བརྟག་གནམ་དཔྱད་དང་འབྲེལ་བའི་ཐད་ལ་མཚོན་ནའང་། སྐབས་དེར་བཙན་པོས་རྗེ་གཉའ་ཁྲི་བཙན་པོ་ནས་བརྒྱུད་པའི་སྐུ་གཤེན་རེ་བསྟེན་སྲོལ་མཆིས་ (22) པའི་ཐོག་ཏུ་བླ་སྨན་རེའང་བསྟེན་པའི་སྲོལ་གཏོད་པ་ཡིན། བླ་སྨན་ནི་གསོ་དཔྱད་ཀྱི་ཐབས་འཕྲུལ་ལ་བརྟེན་ནས་དུས་ལྟར་དུ་གཉེན་པོ་བཞིའི་སྤང་བླང་ཚུལ་བཞིན་གདམས་ཏེ་བཙན་པོའི་ནད་གཞི་འགོག་བཅོས་དང་བདེ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཆེད་ལས་མི་སྣ་ཞིག་ཡིན་པས་བླ་སྨན་གང་དེར་དུས་བརྟག་གམ་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་བརྟག་པའི་མཁྱེན་རྒྱ་གང་ཙམ་ཞིག་དགོས་པ་ནི་སྨོས་མེད་དུ་འཁུམས། གང་ལགས་ཤེ་ན། གསོ་རིག་གི་གཞུང་རྣམས་ལས་དུས་བཞིའི་ཚ་གྲང་གི་འགྲོས་ལྟར་དུ་ཟས་སྤྱོད་སྤང་བླང་བྱ་ཐུབ་ན་ནད་མེད་བདེ་བར་གནས་ཚུལ་གསུངས་ (23) པས་སོ།།
དེ་བཞིན་སྤྱི་ལོའི་དུས་རབས་བདུན་པ་ནས་དགུ་པའི་བར་བོད་ཆོས་རྒྱལ་གྱི་སྐབས་སུ་བོད་འདིར་སྲིད་འབྱོར་རིག་གནས་སོགས་ཀྱི་ཤེས་རིག་ཕྱོགས་ཀུན་ནས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྐར་ནག་རྩིས་རིག་གི་གཞུང་དང་ལག་ལེན་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པར་མངོན་ཏེ། བོད་ཀྱི་ཆོས་འབྱུང་དེབ་ཐེར་ཕལ་མོ་ཆེའི་ནང་དུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་རྒྱ་ནག་ནས་སྨན་དང་རྩིས་བླངས་པར་གསུངས་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མིའི་བཀའ་དྲིན་ལ་བརྟེན་ནས་བོད་ཁམས་ཡོངས་ལ་རྒྱ་ཁྱབ་ཏུ་སྤྱོད་པའི་ཡིག་རིགས་བྱུང་བ་དང་བསྟུན་ནས་སྨན་རྩིས་གཉིས་ཀྱི་གཞུང་མང་པོ་རྒྱ་དཀར་ནག་གི་སྐད་ནས་བསྒྱུར་སྒོ་ཚུགས་པ་ཡིན། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་སོགས་ཀྱིས་རྒྱ་དཀར་ནག་གི་སྨན་རྩིས་ཀྱི་གཞུང་ལུགས་འགའ་ཞིག་བསྒྱུར་ཡོད་པར་གྲགས།
དེ་དག་གི་རིང་ལ་མཚོན་ན་དུས་བརྟག་གནམ་དཔྱད་ཀྱི་ལག་ལེན་མུ་མཐུད་འཕེལ་རྒྱས་བྱུང་ཡོད་པ་སྨོས་མེད་དེ།ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་སྐབས་ཤར་ལྷོ་ནུབ་བྱང་སོ་སོའི་སྐར་མ་ག་གེ་མོའི་འོག་ཏུ་ལྷ་ཁང་ཆེ་གེ་མོ་བཞེངས་དགོས་པའི་ཇུས་འགོད་གནང་ (24) བ་ལས་ངང་ངམ་ཤུགས་ཀྱིས་རྟོགས་ནུས་སོ།། དེ་བཞིན་རྒྱལ་རབས་སོ་བདུན་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་དུས་བརྟག་གི་རིག་པ་རྣམས་སྨན་དཔྱད་ལག་ལེན་གྱི་ནང་དུ་བེད་སྤྱོད་གནད་དུ་སྨིན་པ་བྱུང་ཡོད་པར་མངོན་ཏེ། སྨན་པའི་རྒྱལ་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་(708-833)དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་སྤྱི་ལོ་763ལོར་ཀོང་པོ་སྨན་ལུང་དུ་སྨན་གྱི་དགོན་པ་ལྟ་ན་སྡུག་ཅེས་པའི་བོད་ཀྱི་ལོ་རྒྱུས་ཐོག་གི་གསོ་བ་རིག་པའི་སློབ་གྲྭ་ཐོག་མ་དེ་འཛུགས་སྐབས་《སྐར་རྩིས་རི་བོ་རྡུལ་འབེབས་》ཞེས་ལེའུ་དྲུག་ཅུ་ཡོད་པ་སོགས་སྨན་རྩིས་ཀྱི་གཞུང་མང་པོ་མཛད་ (25) པ་མ་ཟད། ད་ཡོད་ང་ཚོའི་མིག་ལམ་དུ་མཇལ་དུ་ཡོད་པའི་གངས་ཅན་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་ཕྱི་མོར་གྱུར་པའི་དཔལ་ལྡན་རྒྱུད་བཞིའི་རྨང་གཞི་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་བཤད་རྒྱུད་དུ་དངོས་སུ་དུས་སོ་སོའི་དམིགས་བསལ་ཁྱད་ཆོས་དང་དུས་རྟགས་ལ་བརྟེན་ནས་སྤྱོད་ལམ་གང་ཞིག་བསྟེན་དགོས་མིན་ཐད་ཀྱི་དུས་སྤྱོད་ཞེས་པའི་ལེའུ་ཞིག་ལོགས་སུ་བཀོད་གནང་མཛད་ཡོད་པ་ལས་རྟོགས་ནུས་སོ།། དེའི་ཕྱིར་དུས་སྤྱོད་ཀྱི་སྐོར་འདི་ནི་དུས་སོ་སོའི་མངོན་རྟགས་དང་ནང་ལུས་ཁམས་ཀྱི་འགྱུར་བའི་ཁྱད་ཆོས་ལ་གཞིགས་ནས་ནད་མེད་ཐ་མལ་དུ་གནས་པ་དག་གིས་ཐབས་ཇི་ལྟ་བུའི་སྒོ་ནས་ནད་གཞི་མི་འབྱུང་བར་སྔོན་འགོག་བྱ་བའི་ཐབས་ལམ་གསུངས་པ་མ་ཟད། ནད་ཅན་རྣམས་ལའང་ནད་གཞིའི་གནས་སྐབས་སོ་སོར་དུས་དང་བསྟུན་པའི་སྤྱོད་ལམ་སྤང་བླང་ཇི་ལྟར་བྱ་དགོས་མིན་གསལ་བར་སྟོན་པའི་རིག་ཚན་མ་ལག་ཆ་ཚང་ལྡན་པའི་གཞུང་ལུགས་ཤིག་དང་རང་རྐྱ་འཕེར་བའི་ལེ་ཚན་ཞིག ཁྱད་ཆོས་འབུར་དུ་ཐོན་པའི་དགོངས་པ་ཞིག་བཅས་དངོས་སུ་ཆགས་ཟིན་པར་མངོན།
གཞན་ཡང་དཔལ་ལྡན་རྒྱུད་བཞིའི་ནང་དུས་བརྟག་ལ་གཞིགས་ནས་དུས་རྩ་ངོས་འཛིན་ཚུལ་ཏེ། 《ཕྱི་མ་རྒྱུད་》ལས།“དཔྱིད་དང་དབྱར་སྟོན་དགུན་བཞི་དུས་མཚམས་ལྔ།། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས།། རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། ། བྱེ་འུ་ཅོ་ག་རང་སྐད་འབྱིན་པའི་དུས།། བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ།། ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར།། ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ།།” (26)ཞེས་སོགས་གསུངས་པ་ལས་ཕྱི་ནམ་ཟླའི་དུས་བཞི་སོ་སོ་དང་ཟླ་བ་སོ་སོར་རྩྭ་རྩི་ཤིང་ཇི་ལྟར་རྒྱས་ཚུལ་དང་། གནམ་གྱི་རྒྱུ་སྐར་གང་ཞིག་འཆར་མིན། ས་གཞིའི་ཐོག་གི་བྱ་བྱེའུ་གང་གིས་རང་སྐད་འབྱིན་ཚུལ་བཅས་ཀྱི་དུས་རྟགས་ལ་གཞིགས་ནས་ནང་ལུས་ཁམས་ཀྱི་རྩའི་འཕར་ཚུལ་གསལ་བར་བསྟན་ཡོད། (27) དེ་བཞིན་སྨན་སྦྱོར་བརྒྱུད་རིམ་ཁྲོད་དུ་སྔོ་སྨན་རིགས་ལ་ཀུན་ནས་གཅེས་པའི་ཡན་ལག་བདུན་གསུངས་སྐབས་སྨན་གྱི་བཏུ་དུས་རྣམས་དུས་བརྟག་ལ་བརྟེན་ནས་བཏུ་ཚུལ་གསུངས་ཡོད་དེ། 《ཕྱི་མ་རྒྱུད་》ལས། “བཏུ་དུས་རྩ་བ་ཡལ་ག་སྡོང་པོ་གསུམ།། ་་་་་་སྟོན་ཀ་རྩི་སྐམ་དུས་སུ་བཏུ་བར་བསྔགས།། ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ།། ་་་་་་འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས།། མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ།། ་་་་་་སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས།། སྐོགས་པ་བར་ཤུན་ཚི་བ་རྣམ་པ་གསུམ།། ་་་་་་ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས།། བཤལ་སྨན་རྩི་སྐམ་ནུས་པ་གཏིང་འགྲོའི་དུས།། སྐྱུགས་སྨན་ཁ་འབུས་གྱེན་འདྲེན་དུས་སུ་བཏུ།།” (28) ཞེས་གསུངས་པས་སོ།།
མདོར་ན། གོང་གསལ་དུས་ལ་བསྟུན་པའི་སྤྱོད་ལམ་བསྟེན་ཚུལ་དང་། དུས་སོ་སོར་ཐ་མལ་གྱི་དུས་རྩ་ངོས་འཛིན་ཚུལ། དུས་ལ་གཞིགས་པའི་སྨན་གྱི་བཏུ་དུས་བཅས་ཀྱི་སྒོ་ནས་ཕྱི་ནང་སྣོད་བཅུད་ངོ་བོ་བདག་གཅིག་ཏུ་འདོད་པའི་རྒྱུད་བཞིའི་ལྟ་གྲུབ་མངོན་གསལ་དོད་པོ་ཞིག་གསུངས་ཡོད་པའང་ང་ཚོས་དངོས་ཤུགས་ཅི་རིགས་ནས་རྟོགས་ཐུབ་ཅིང་། དེ་ནི་ཇི་སྐད་དུ། ཇི་ལྟར་ཕྱི་རོལ་ཇི་བཞིན་ནང་།། ཞེས་ཕྱི་ནང་མཉམ་དུ་གཅེས་སྐྱོང་བདག་སྲུང་བྱ་དགོས་པའི་སྔོན་བྱོན་མཁས་པའི་འབོད་སྐུལ་ཞིག་ཀྱང་ཤུགས་ལས་གོ་དགོས་པར་འདོད།།
དེ་དག་ལས་དེང་གི་ཆར་དུས་སོ་སོར་ནད་རིགས་སྔོན་འགོག་བྱ་བ་དང་ནད་རིགས་རྣམས་ལ་དུས་ཀྱི་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་བཅས་ནི་བོད་སྨན་གྱི་ནད་ཐོག་དངོས་ནང་འཚོ་བྱེད་ཀུན་གྱིས་སྤྱད་དང་སྤྱོད་མུས་ཡིན་ལ། ལྷག་པར་དུ་དུས་རྩའི་རྒྱུ་དུས་ ལྟ་བུ་ནི་ ཞིབ་པར་དེང་གི་ལོ་ཐོ་རྒྱས་འབྲིང་ཀུན་གྱི་ནང་དུ་འགོད་སྲོལ་མཆིས་སོ།།
བཞི། རྒྱ་རྩིས་སོགས་དང་འབྲེལ་བའི་དུས་གཟེར་ལག་ལེན་དར་ཚུལ། རྒྱ་རྩིས་ཐོག་མར་བོད་དུ་དུས་ནམ་ཙམ་ལ་དར་མིན་སྐོར་ལ་བོད་ཀྱི་ཆོས་འབྱུང་དེབ་ཐེར་ཕལ་མོ་ཆེའི་ནང་དུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་རྒྱ་ནག་ནས་སྨན་དང་རྩིས་བླངས་ (29)ཞེས་གསུངས། འོན་ཀྱང་ཡང་སྙིང་སྨན་རྩིས་ཀྱི་གཞུང་གང་ཞིག་བླངས་ཡོད་མེད་སྨན་རྩིས་གཉིས་ཀའི་ལོ་རྒྱུས་རྣམས་ལ་གསལ་པོ་མེད་པར་མངོན་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཀྱང་《གསོ་བ་རིག་པའི་ཁོག་འབུབས་དྲང་སྲོང་དགྱེས་པའི་དགའ་སྟོན་》ནང་། “དེ་སྲས་གནམ་རི་སྲོང་བཙན་གྱི་དུས་རྒྱ་ནག་རྩིས་དང་སྨན་གྱི་ཆ་ལག་འགའ་ཞིག་བླངས་པར་བཤད་ཀྱང་འདི་ཡིན་གསལ་བར་མི་སྣང་” (30) ཞེས་གསུངས་པས་སོ།། འོན་ཀྱང་སྨན་དང་རྩིས་གཉིས་དམིགས་སུ་བཀར་ནས་དར་བར་གསུངས་པ་ནི་ཆོས་དང་སྲིད་ཀྱི་བྱ་བའི་ཁྲོད་རྗེ་འབངས་ཀུན་ལ་མེད་དུ་མི་རུང་བའི་སྤྱོད་མཁོ་ཤིན་ཏུ་ཆེ་བའི་རིག་གནས་ཤིག་ཡིན་ཕྱིར་དེ་ལྟར་གསུངས་པར་དགོས་པ་རྒྱུ་མཚན་འབུམ་གྱིས་ཕྱུག་པ་ཞིག་ཡིན་པར་འདོད་དོ།།
དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་གཙུག་བརྟན་མེས་ཨོག་ཚོམ་ཅན་རྣམ་གཉིས་ཀྱི་སྐུ་དུས་སུ་སྔ་ཕྱིར་རྒྱ་བཟའ་རྣམ་གཉིས་ནས་རྒྱའི་སྤོར་ཐང་བརྒྱད་ཅུའི་རྩིས་དང་རྒྱ་བཟའི་གོང་ཁུག་མ། རྒྱུད་བདུན། ལེ་ལག་བརྒྱད་སོགས་རྒྱ་རྩིས་ཀྱི་གཞུང་འགའ་ཞིག་བསྣམས་ཕེབས་ཡོང་བ་རྣམས་བོད་སྐད་དུ་བསྒྱུར་ནས་དར་བ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ་དང་ཁམས་ཁྲ་དང་པོ་སོགས་ཕེབས་ནས་སྔ་རབས་བོད་ཀྱི་དུས་རྟགས་སོགས་བརྩི་སྲོལ་གྱི་སྟེང་དུ་རྒྱ་ནག་གི་ལོ་ཁམས་སྦྱོར་ཚུལ་གྱི་བརྩི་སྲོལ་ཙམ་དར། དེ་དང་ཆབས་ཅིག་བོད་རང་གི་མཁས་པ་ལོ་ཆེན་བཻ་རོ་ཙ་ནས་སྨན་རྩིས་ཀྱི་གཞུང་འགའ་ཞིག་བསྒྱུར་བ་དང་། རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས་ནག་རྩིས་འཁོར་འདས་གཏན་འབེབས་སོགས་མཛད་པ་མ་ཟད། དཔལ་ལྡན་རྒྱུད་བཞིའི་ཕྱི་མ་རྒྱུད་ཀྱི་ཆུ་མདོར་ཆུའི་བྱ་ལམ་བརྟག་པ་སོགས་ནག་རྩིས་ཀྱི་གཞུང་དང་བསྟུན་པ་རྣམས་མཛད་ཡོད།
དེ་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་གཡུང་སྟོན་རྡོ་རྗེ་དཔལ་དང་ཀུན་དགའ་དཔལ་བ་སོགས་ཀྱིས་བོད་རང་གི་ས་བབ་དང་། གནམ་གཤིས། དུས་བཞིའི་འགྱུར་བ་སོགས་ལ་ཞིབ་ཏུ་དཔྱད་དེ། མ་ཧཱ་ཙི་ནའི་ཧྭང་ལེ་ལ་དཔེར་མཛད་ནས་《ས་སྐྱའི་ལོ་ཐོ་》ཞེས་པ་ཐོག་མར་འདོན་སྤེལ་བྱས་ (31) པར་གྲགས། འོན་ཀྱང་“ཙི་ནའི་ཡུལ་དུ་གནའ་རབས་ནས་གནམ་རིག་གི་རྩིས་ལུགས་དར་སོ་ཆེ་ཞིང་ལོ་ལྟར་ལེའུ་ཐོ་འགྲེམ་གྱི་ཡོད་ཀྱང་། དེ་བཟོ་ཚུལ་གྱི་གནད་འགག་དང་གཟའ་འཛིན་བརྟག་ཐབས་སོགས་རྒྱ་ཁྲིམས་ཀྱི་བཀག་རྒྱ་བཙན་པས། བོད་ལ་དར་ཡོད་ཚོད་མི་འདུག་སྙམ་”ཞེས་དང་། “ཏ་མིང་རྒྱལ་རབས་རྫོགས་ཁར་བཀག་རྒྱ་དེ་གློད་དེ། ལྷག་པར་ཆིན་གོང་མའི་སྐབས་རྩིས་རིག་སྦྱོང་མཁན་གཟེངས་བསྟོད་བྱ་ཡུལ་དུ་འགྱུར་བར་བརྟེན་བོད་དུ་ཡང་དར་” (32) ཞེས་གསུངས་པ་ནི་ཧོང་མིན་ཞིན་མཆོག་གིས་ཞིབ་དཔྱད་གནང་བའི་དཔྱད་འབྲས་ཤིག་ཡིན་ལ་རྒྱ་ནག་གོང་མའི་ལོ་རྒྱུས་རྣམས་སུའང་དངོས་ཤུགས་ཅི་རིགས་ནས་གསལ་བས་དོན་ལ་གནས་པར་འདོད།
ཆིང་རྒྱལ་རབས་ཀྱི་ཁང་ཞིས་ཁྲི་ལོ་ང་བཞི་པ་སྤྱི་ལོ་1715ལོར་འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་ཡིག་ཏུ་བསྒྱུར་བ་ད་ལྟ་ཡོངས་གྲགས་ལ་རྒྱ་རྩིས་ཆེན་མོ་ཞེས་བྱ་བ་དེ་བྱུང་། དེ་ལ་བརྟེན་ནས་རྒྱ་རྩིས་སྙིང་བསྡུས་སམ་མཱ་ཡང་རྩིས་གཞུང་ཞེས་པའི་ལག་ལེན་བཤད་པ་དར། ཕྱིས་སུ་རྩིས་རིག་སྨྲ་བའི་མཁས་པ་མང་པོས་རྒྱ་རྩིས་དང་འབྲེལ་བའི་གཞུང་འགའ་ཞིག་མཛད་ཡོད་ཀྱང་། ཕལ་ཆེ་བ་ནི་རྒྱ་རྩིས་སྙིང་བསྡུས་ཞེས་པའི་གཟའ་འཛིན་གྱི་རི་མོ་བྱ་ཐབས་དུས་འཁོར་ལུགས་ལ་བསྟུན་ནས་བཅོས་པའི་ལག་ལེན་བྱེད་ཐབས་དེའི་སྐོར་ཡིན་ཞིང་། དེ་ཡང་གྲགས་ཆེ་བ་ནི། 《ཙི་ནའི་ལུགས་ཀྱི་རྩིས་གཞུང་བསམ་འཕེལ་དབང་གི་རྒྱལ་པོ་》དང་། 《མ་ཧཱ་ཙི་ནའི་ལུགས་ཀྱི་བསྟན་བཅོས་འཇམ་དཔལ་དགྱེས་པའི་འཛུམ་དཀར་》སོགས་མཆིས་སོ།། དེ་དག་གི་ནང་དུ་སྐབས་དོན་དུས་བརྟག་གནམ་དཔྱད་ཀྱི་སྐོར་ལ་གོང་སོང་ཉི་ཟླ་གཟའ་འཛིན་གྱི་སྐོར་དང་། རྒྱ་ནག་གི་དམིགས་བསལ་བརྩི་སྲོལ་དུས་མཚམས་ཉེར་བཞི་འགོད་སྲོལ་ཙམ་མཆིས་པ་མ་ཟད། ཕྱིས་སུ་སུམ་པ་ཡེ་ཤེས་དཔལ་འབྱོར་དང་། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།ཚེ་བརྟན་ཞབས་དྲུང་རིན་པོ་ཆེ་སོགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་རྩིས་གཞུང་ཁག་གི་འབྲས་རྩིས་གསུང་སྐབས་དང་གླང་རྩིས་བརྟག་ཐབས་ཀྱི་སྐབས་བཅས་སུ་དུས་གཟེར་དེ་དག་བཀོད་པ་མང་དུ་མཐོང་ངོ་།།
དེ་ལྟར་གྱི་དུས་གཟེར་རྣམས་ད་ལྟའི་ཕུག་ལུགས་གཞི་བཟུང་གི་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་གཙོ་བོར་བྱས་པའི་ལོ་ཐོག་ཁག་གི་ནང་དུ་དུས་མཚམས་ཉེར་བཞི་སོགས་རེ་ཟུང་འགོད་སྲོལ་ཡང་ཡོད་དོ།།
ལྔ། དུས་འཁོར་དང་འབྲེལ་བའི་དུས་བརྟག་གི་ལག་ལེན་དར་ཚུལ། དེ་ཡང་དུས་འཁོར་ནི་རབ་བྱུང་དང་པོའི་མེ་ཡོས་ཏེ་སྤྱི་ལོ་1027ལོར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་ཞབས་གཉིས་པ་ཤྲཱི་བྷ་དྲ་བོ་དྷི་སྤྱན་དྲངས། པུ་ཧྲངས་ཀྱི་ཞང་སྟོན་གསལ་བ་ཤེས་རབ་ཀྱིས་ཡོན་བདག་བྱས་ཏེ་རྒྱུད་འགྲེལ་གྱི་ཇོའི་འགྱུར་དང་རྒྱུད་འགྲེལ་འགྱུར་མངས་སུ་གྲགས་པ་ (33) དེ་ཐོག་མར་བྱུང་། དེ་རྗེས་རྭ་འབྲོ་རྩྭ་མི་པཎ་ཆེན་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་བོད་སྐད་དུ་བསྒྱུར་གནང་མཛད་ནས་དར་འཕེལ་བྱུང་། དེ་དག་ལས་གཙོ་བོ་ཕྱི་དུས་ཀྱི་འཁོར་ལོའི་ནང་དུ་གནམ་སའི་གོ་ལ་གཏན་ལ་ཕབ་སྟེ་གནམ་ལ་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་ས་ལ་དུས་བཞིའི་མངོན་རྟགས་ཇི་ལྟར་ངོམས་པའི་ཚུལ་གྱི་རྣམ་གཞག་རྒྱ་ཆེར་བསྟན་ཡོད་ཅིང་། བོད་ཀྱི་མཁས་པ་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ལེར་གནམ་ས་གོ་ལའི་ངེས་པ་རྒྱ་ཆེར་བསྟན་པ་དེ་དག་རྩ་བར་བཟུང་ཐོག་སྔ་རབས་ཀྱི་དུས་བརྟག་གནམ་དཔྱད་ཀྱིས་ཟུར་བརྒྱན་ཏེ་ལོ་རེའི་གནམ་སའི་འགྱུར་ལྡོག་དང་། ས་གཡོ། ཆར་རྩིས། ཞིང་འདེབས་སྔ་ཕྱིའི་དུས་ཚོད། ཞིང་ཆུ་གཏོང་ཐབས། འབྲོག་པའི་ས་ཁུལ་གྱི་རུ་བ་སྐྱས་སྤོ་བྱ་དུས། ནད་ཡམས་དང་གངས་སྐྱོན་སོགས་སྔོན་འགོག་བྱ་ཚུལ། ཡུལ་ལ་དམག་དང་སད་སེར་སོགས་ཀྱི་སྔོན་བརྡ་བཅས་ལེགས་ཉེས་བླང་དོར་གང་ལ་དེ་འཚམ་གསལ་པོར་སྟོན་ཐུབ་པའི་ལོ་ཐོ་རྩོམ་སྒྲིག་བྱེད་པ་སོགས་ལ་བརྟེན་ནས་སྔར་ཡོད་ཀྱི་དུས་བརྟག་གནམ་དཔྱད་ཀྱི་རིག་པ་དེ་དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་ལུགས་མཐུན་གྱི་སྒོ་ནས་འཕེལ་རྒྱས་བཏང་བར་མངོན།
དེ་ཡང་ཅུང་ཞིབ་པར་གླེང་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་སོགས་བོད་འགྱུར་ཁག་ལ་བརྒྱུད་པའི་བཀའ་སྲོལ་གྱི་ཇོ་ལུགས་དང་། རྭ་ལུགས། འབྲོ་ལུགས། ཙ་མི་ལུགས། ཤཱཀྱ་ཤཱི་ལུགས། ཆག་ལུགས་སོགས་མང་དུ་མཆིས་ (34)ཀྱང་སྐབས་དོན་དུས་བརྟག་གནམ་དཔྱད་ཀྱི་སྐོར་ལ་བོད་རང་གི་མཁས་པས་དུས་འཁོར་གྱི་གཞུང་རྣམས་འགྲེལ་བའི་ཞོར་དུ་ཁ་སྣོན་བྱས་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པས་《ཉི་ཁྱིམ་འཕོ་བའི་ངེས་པ་》ཞེས་པ་དང་།《གདོད་མའི་དུས་གསལ་བར་བྱེད་པའི་རྩིས་》སོགས་མཛད་ཅིང་། རྭ་འབུམ་སེང་གི་སློབ་མ་“རྗེ་བཙུན་རྒ་ལོ་རྣམ་རྒྱལ་རྡོ་རྗེས་སྐར་རྩིས་ལ་བརྟེན་པའི་ཆར་རྩིས་ཀྱི་མྱོང་བྱང་སོགས་གཞུང་དུ་མ་མཛད།” (35) ཀརྨ་རང་བྱུང་རྡོ་རྗེས་བསྡུས་རྒྱུད་འཇིག་རྟེན་ཁམས་ལེའི་ཚིག་རྣམས་གོ་བདེ་བའི་ཆེད་དུ་བདུན་ཚིག་ཏུ་བཀྲལ་ཞིང་རྒྱུད་ལས་མ་བཀག་པའི་རྩིས་ལ་ཉེ་བར་མཁོ་བ་འགའ་ཞིག་ཀྱང་བསྣན། དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ་ནས་《རྩིས་གཞུང་ཀུན་ལས་བཏུས་པ་》མཛད། ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ཀྱིས་《རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད་》ཡན་ལག་དང་བཅས་པ་རྩོམ་གནང་མཛད། ཁྱད་པར་དུ་ཀུན་མཁྱེན་བུ་སྟོན་འདི་ཉིད་རྩིས་ལ་མཆོག་ཏུ་མཁས་ཏེ་རྩིས་ལ་སྦྱངས་པས་ས་ཐུར་བཅུ་གསུམ་ཟད་ཅེས་ཞལ་རྒྱུན་དུ་གྲགས་པ་མ་ཟད། དུས་བརྟག་གནམ་དཔྱད་ཀྱི་ཐད་ལ་ཞ་ལུ་བླ་བྲང་གི་ལྡེབས་རིས་ལ་དུས་བཞི་གཡོན་བསྐོར་གྱི་གོ་ལའི་རི་མོ་བྲིས་པར་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་བཟང་པོས་རྒྱུ་མཚན་དང་བཅས་པའི་རྩོད་ཡིག་གི་བཀའ་ཤོག་བསྲིངས་པས་གཡས་སྐོར་དུ་བསྒྱུར་བར་གྲགས་ (36) པ་ཡིན་ནོ།།
དེ་རྗེས་རབ་བྱུང་བདུན་པའི་ཤིང་སྦྲུལ་སྤྱི་ལོ་1425ལོར་མཚུར་ཕུ་ཀུན་མཁྱེན་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་《མཚུར་ཕུའི་ལོ་ཐོ་》ཞེས་པ་བཏོན་ནས་སྔ་རབས་ཀྱི་དུས་བརྟག་གནམ་དཔྱད་བྱ་ཞག་བརྩི་བ་ལ་སོགས་པ་ཚེས་ཁོངས་སུ་བཀོད། ཟླ་རེའི་གནམ་གཤིས་འགྱུར་ལྡོག་དང་།ཉི་ཟླ་གཟའ་འཛིན། ཚེས་གྲངས་ཆད་ལྷག བཙའ་ཐན་སད་སེར་སོགས་རང་བྱུང་གི་གནོད་འཚེའི་སྔོན་བརྡ་བཏོན་པས་དབུས་གཙང་ཁུལ་དུ་དུས་ཕྱིས་བར་ལོ་ཐོ་འདི་ཡང་དར་ཁྱབ་ཆེ་བ་བྱུང་། དཔའ་བོ་གཙུག་ལག་ཕྲེང་བས་《རྩིས་ཀུན་བཏུས་པར་རྒྱས་འགྲེལ་རིན་པོ་ཆེའི་གཏེར་མཛོད་》མཛད་ཅིང་རྗེ་རང་བྱུང་རྡོ་རྗེའི་དགོངས་པ་ལེགས་པར་བཀྲལ་ཏེ་དར་བས་མཚུར་ལུགས་ཞེས་གྲགས་ཤིང་ནམ་མཁའི་ལྟས་དང་ས་གཞིའི་ལྟས། ཟླ་བའི་རྭ་ལྟས་སོགས་ལྟས་བརྟག་པ་ལས་འཕྲོས་པའི་དུས་བརྟག་གི་རིག་པ་དམིགས་བསལ་ཅན་འགའ་ཞིག་བྱུང་བར་མངོན་ནོ།།
དེ་དང་དུས་མཉམ་ཙམ་དུ་བོད་ལྗོངས་ལྷོ་ཁ་ཁུལ་དུ་ཕུག་པ་ཕྱི་མ་རྒྱ་མཚོ་རྣམ་གསུམ་ཞེས་པ་བྱོན་ཏེ་《རྩིས་གཞུང་པདྨ་དཀར་པོའི་ཞལ་ལུང་》མ་བུ་རྣམས་མཛད་དེ་ཕུག་ལུགས་རྩིས་ཀྱི་སྲོལ་རྒྱ་ཆེར་སྤེལ། ལྷག་པར་དུ་མཁས་གྲུབ་ནོར་བཟང་རྒྱ་མཚོས་སྤྱི་ལོ་1468ལོར་རྩེད་ཐང་བསམ་གཏན་གླིང་དུ་བོད་རྩིས་ཀྱི་སྲོལ་རྒྱུན་ཁྱད་ཆོས་འབུར་ཐོན་དུ་གྱུར་པའི་ཐུར་གྲིབ་ལ་བརྟག་ནས་བོད་ཀྱི་ཡུལ་དུས་དང་འཚམ་པའི་དུས་བརྟག་གནམ་དཔྱད་གསར་དུ་གཏན་ལ་ཕབ་སྟེ་ལོ་ཐོ་སྦྱོར་སྲོལ་དར་བ་རྩིས་སྟོན་བསམ་རྒྱལ་བ་སོགས་ཀྱིས་དར་སྤེལ་བཏང་བ་ལ་གྲ་མདའ་ཕུག་པའི་རིང་ལུགས་ཞེས་ཡོངས་སུ་གྲགས་པའི་བཀའ་སྲོལ་ཆེན་པོ་འདི་བྱུང་། ཁོང་གིས་སྔ་ཕྱིར་《དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་》དང་། 《དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་ཉི་ཟླ་གཟའ་འཛིན་གྱི་རྩིས》 《ས་དུམ་བུ་བཅུ་གཉིས་སུ་དབྱར་དགུན་ཉི་ལྡོག་གསལ་ཚུལ་》སོགས་བསྟན་བཅོས་ཇི་སྙེད་ཅིག་མཛད་ནས་བོད་ཀྱི་དུས་བརྟག་རྩིས་རིག་ལ་གཞན་དྲིང་མི་ཐུབ་པའི་ཕྱག་རྗེས་ཆེན་པོ་འཇོག་གནང་མཛད་ཡོད།
དེ་རྗེས་ཟུར་མཁར་བློ་གྲོས་རྒྱལ་པོ་དང་། ཕུག་པ་དཔལ་གྱི་སེངྒེ། དཔལ་འབྱོར་འཕྲིན་ལས་རབ་རྒྱས། ལྡུམ་བུ་དོན་གྲུབ་དབང་རྒྱལ། ལུ་འགོ་བླ་མཁྱེན་ངག་དབང་མཁྱེན་བརྩེ་སོགས་ཕུག་ལུགས་རྒྱུད་འཛིན་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་ཉི་ཟླ་གཟའ་འཛིན་རྩི་བ་ལ་ཡབ་པ་སྐུ་སྐྱེ་དབང་གྲགས་རྡོ་རྗེ་དང་། ཕུ་ཀླུང་དགེ་སློང་བློ་བཟང་ཡོན་ཏན་ཞེས་པ་གཉིས་བྱུང་། དེའི་ནང་ནས་ཕུ་ཀླུང་དགེ་སློང་བློ་བཟང་ཡོན་ཏན་ལ། ཕུ་ཀླུང་པ་གཡུ་ལོ་ནས་རབ་བྱུང་བདུན་པ་ནས་རབ་བྱུང་བཅུ་གཅིག་པའི་བར་ཏེ་སྤྱི་ལོ་1387-1686ལོ་བར་གྱི་ཉི་ཟླ་གཟའ་འཛིན་གྱི་རི་མོ་དང་མྱོང་བྱང་གི་དཔེ་ཉར་རྒྱུ་ཡོད་པས་ཉི་ཟླ་གཟའ་འཛིན་བརྟག་པ་ལ་མངའ་བརྙེས་པ་ལྟ་བུ་བྱུང་བར་གྲགས། (37)
དེ་བས་མི་དབང་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་དགུང་ལོ་སོ་གཅིག་བཞེས་པ་ཆུ་ཕག་སྤྱི་ལོ་1683ལོར་སྔོན་མེད་ཀྱི་བསྟན་བཅོས་《བཻཌུ ར་དཀར་པོ་》དང་། ལུ་འགོ་བླ་མཁྱེན་ངག་དབང་གི་《དྲིས་ལན་གཡའ་སེལ་》དུ་གྲགས་པ་མཛད་ཅིང་། གཞུང་དེ་གཉིས་ཀྱི་ནང་དུ་དུས་བརྟག་གི་སྐོར་ལ་སྐབས་དེ་དག་ཏུ་བོད་ཁམས་ཡོངས་ཀྱི་དུས་བརྟག་གནམ་དཔྱད་བྱ་ཚུལ་རྣམས་ཞིབ་པར་བསྡུ་རུབ་བགྱིས་ཏེ། 《བརྟག་པ་སྣ་ཚོགས་ཀྱི་ལེའུ་》ཞེས་པ་བསྒྲིགས་ཤིང་། དེའི་ནང་ནམ་མཁའི་སྤྲིན་ལ་བརྟག་པ་དང་། བར་སྣང་གི་རླུང་ལ་བརྟག་པ། ས་གཞིའི་ཤིང་དང་མཚོ་སོགས་ལ་བརྟག་པ་དང་། བྱ་སོགས་སྲོག་ཆགས་རིགས་ལ་བརྟག་པ་བཅས་བྱས་ཏེ་གནམ་གཤིས་སྔོན་དཔག་བྱེད་སྟངས་རྣམས་དང་། ཁྱད་པར་དེང་སྐབས་དམངས་ཁྲོད་དུ་མ་འོངས་པའི་ལོ་གཅིག་ནང་བཞོན་ཆུ་ལེགས་མིན་དང་ཆར་ཞོད་ཆེ་ཆུང་། དམག་འཁྲུགས་མུ་གེ་སོགས་བརྟག་པར་དར་ཁྱབ་ཆེ་བའི་ཉ་དྲུག་འཛོམ་མིན་བརྟག་ཐབས་དང་། སྐྱོར་ཁ་བརྟག་ཐབས། བྱ་ཞག་བརྩི་ཚུལ་བཅས་གསལ་བར་བསྟན་ཡོད། དེ་དག་ནི་སྐབས་དེ་དུས་བོད་འདིར་ཞིང་འབྲོག་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་ནུས་པའི་དུས་བརྟག་གི་སྐོར་འབའ་ཞིག་ཡིན། དེ་བས་ཁོང་གིས་དུས་བརྟག་གི་སྐོར་ཇི་སྙེད་ཅིག་བསྡུ་རུབ་གནང་ནས་དཔེ་ཐོག་ཏུ་ལུས་པ་མ་ཡིན་པར་རྒྱ་ཁྱབ་ངང་དར་སྤེལ་གཏོང་ཕྱིར་ལོ་ཐོ་རྒྱས་འབྲིང་བསྡུས་གསུམ་རྒྱག་པའི་སྲོལ་བཙུགས་ཏེ། དུས་བརྟག་གནམ་དཔྱད་ཀྱི་སྐོར་མི་ཉུང་བ་ཞིག་ཞིང་འབྲོག་ཐོན་སྐྱེད་དངོས་ནང་མཛུབ་སྟོན་བྱེད་ནུས་པ་བྱུང་ཡོད་པས་འདི་ནི་བོད་དུ་དུས་བརྟག་གི་སྐོར་ལ་དཔྱད་གཞི་འཚོལ་ཞིབ་དང་བསྡུ་རུབ་གནད་སྨིན་བྱས་པ་ཞིག་དང་། དུས་བརྟག་དེ་དག་རྒྱུད་འཛིན་འཕེལ་རྒྱས་ཀྱི་གནད་དོན་ལ་བྱ་གཞག་རླབས་ཆེན་ཞིག་སྒྲུབ་པར་ངོས་འཛིན་བྱས་ནའང་མི་འོས་པ་མེད་པར་འདོད། གཞན་ཡང་ཁོང་གིས་སྤྱི་ལོ་1696ལོར་ལྕགས་རི་བཻཌཱྱརྱ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཞེས་པ་ཕྱག་བཏབ་པ་སོགས་སྨན་རྩིས་རིག་གནས་ཐད་ལ་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཛད་ཡོད།
སྤྱི་ལོ་1714ལོར་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་མཆོག་གིས་རྩིས་ཀྱི་བསྟན་བཅོས་རྩ་བ་《ཉིན་བྱེད་སྣང་བ་》དང་དེ་ནས་རིམ་བཞིན་དེའི་འགྲེལ་པ་《རྣམ་འགྲེལ་གསེར་གྱི་ཤིང་རྟ་》ཞེས་པ་མཛད་ནས་དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ་ཅིང་དུས་ཕྱིས་བར་ཕུག་ལུགས་རྩིས་ཀྱི་ལོ་ཐོའི་ནང་དུ་ཚད་མར་འཛིན་པ་ཡིན། དེ་བཞིན་མདོ་སྨད་ཕྱོགས་སུ་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་སྤྱི་ལོ་1732ལོར་དཀར་ནག་ཟུང་འབྲེལ་གྱི་《རྩིས་གཞུང་ཉེར་མཁོ་བུམ་བཟང་》བརྩམས་པ་དང་མཚུར་ལུགས་གཞིར་བཟུང་བའི་《དཔལ་སྤུངས་ལོ་ཐོ་》ཤིན་ཏུ་རྒྱས་པ་བཏོན། མདོ་སྨད་རྭ་རྒྱ་དགོན་གྱི་ཤིང་བཟའ་པཎྜི་ཏའི་ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས་སྤྱི་ལོ་1827ལོར་《རྩིས་གཞུང་རིགས་ལྡན་སྙིང་ཐིག་》མཛད། དེ་ནི་དུས་ཕྱིས་ལྷ་ལྡན་སྨན་རྩིས་ཁང་གིས་གཙོས་པའི་མདོ་དབུས་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཆེ་ཞིང་སྐར་རྩིས་ཀྱི་སློབ་དེབ་ཚད་མ་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། ལྷག་པར་དུ་སྐབས་དེར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་སྤྱི་ལོ་1830ལོར་《དུས་གཟེར་རྩིས་ཀྱི་ལག་ལེན་》མཛད་ནས་དུས་བརྟག་གནམ་དཔྱད་ཀྱི་ནང་གསེས་སུ་གྱུར་པ་དུས་གཟེར་གྱི་ལག་ལེན་རྨང་གཞི་ལེགས་པོ་ཞིག་འཛུགས་གནང་མཛད་ཡོད། དེ་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་སྤྱི་ལོ་1853ལོར་རྩིས་གཞུང་ཉེར་མཁོ་བུམ་བཟང་གཞིར་བཞག་གིས་《རྩིས་གཞུང་ལེགས་བཤད་ཀུན་འདུས་》མཛད་ནས་དུས་ཀྱི་འཁོར་ལོའི་གཞུང་དང་ཡོངས་སུ་འབྲེལ་བའི་དུས་བརྟག་གནམ་དཔྱད་ཀྱི་སྐོར་མང་དུ་འཚོལ་བསྡུ་དང་ཞིབ་འཇུག་གནང་ཡོད་པ་ནི་ཁོང་གི་གསུང་འབུམ་རྒྱ་ཆེན་བཀའ་ཡི་མཛོད་པོད་བཅུ་བཞི་པ་རིག་གནས་ཀྱི་སྐོར་ཤས་ཆེར་བཀོད་པ་ (38)ལས་རྟོགས་ནུས་སོ།།
ཕྱིས་སུ་སྤྱི་ལོ་1880ལོར་འོ་རྫོང་པཎྜི་ཏ་བློ་བཟང་སྦྱིན་པས་《རྩིས་གཞུང་གནམ་གསལ་འོད་ཐིག་》མཛད་པ་མདོ་ཁམས་སྟོད་སྨད་དུ་དར་ཁྱབ་ཆེ་བར་བྱུང་ཞིང་། སྤྱི་ལོ་1908ལོར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་《དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་》དང་།《བོད་ཀྱི་རྩིས་སྔ་རབས་རྒན་པོའི་བརྟག་པ་བློ་གྲོས་ཀྱི་མུན་པ་སེལ་བའི་སྒྲོན་མེ་》སོགས་མན་ངག་མང་དུ་མཛད། ཁམས་ཀཿཐོག་ཏུ་རིག་གནས་སློབ་གྲྭ་བཙུགས་ནས་ལོ་རེ་བཞིན་ཕུག་ལུགས་གཙོར་སྟོན་གྱི་ལོ་ཐོ་དར་ཁྱབ་ཆེན་པོ་བྱུང་། འཇམ་དབྱངས་བཞད་པས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དུས་འཁོར་གྲྭ་ཚང་བཙུགས་པས་རྩིས་རམས་པ་མང་པོ་ཐོན་ནས་བོད་ཀྱི་སྐར་རྩིས་དང་ལོ་ཐོ་རྒྱས་བསྡུས་སྣ་ཚོགས་འདོན་སྲོལ་མདོ་ཁམས་སྟོད་སྨད་ཀུན་ཏུ་ཆེས་ཆེར་དར། དེ་དང་ཆབས་གཅིག་དུས་བརྟག་གི་སྐོར་ལ་ཞིབ་དཔྱད་དང་གསུང་རྩོམ་མཛད་པ་དུ་མ་བྱུང་ཡོད་དོ།།
གསུམ་པ། དུས་བརྟག་གི་རིག་གཞུང་མ་ལག་ཆགས་ནས་གཏན་ལ་ཕབ་ཚུལ།
སྤྱི་ལོ་1916ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་བླ་མེད་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཡུལ་དབུས་ལྷ་སར་ལྷ་ལྡན་སྨན་རྩིས་ཁང་གསར་དུ་བཙུགས་གནང་བ་དང་། མཁས་པའི་དབང་པོ་མཁྱེན་རབ་ནོར་བུ་མཆོག་གིས་ཐུགས་འགན་བཞེས་ཏེ་སྨན་རྩིས་གཉིས་ཀྱིས་འགྲོ་དོན་སྐྱོང་གནང་མཛད་ཡོད། སྐབས་དེར་སྨན་རྩིས་ཁང་གི་ལོ་ཐོ་ཞེས་ཕུག་ལུགས་བོད་ཀྱི་ལོ་ཐོ་འདོན་སྤེལ་གནང་ཞིང་། ལོ་ཐོའི་ནང་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་དམ་མྱོང་རྩིས་དང་། དུས་འཁོར་སྐར་རྩིས།དབྱངས་འཆར་གྱི་རྩིས། རྒྱ་རྩིས་ཧྭང་ལེ། འབྱུང་རྩིས་སམ་ནག་རྩིས་བཅས་ནང་དོན་སྣ་ཚོགས་ཀྱི་སྒོ་ནས་ལོ་རེ་རེའི་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་འགོ་འཛུགས་དུས་དང་། རང་བྱུང་གནོད་འཚེ། སད་སེར་མུ་གེ་སོགས་ཀྱི་སྔོན་དཔག་བྱ་ཚུལ་བཅས་ལ་བླང་དོར་གྱི་གནད་ལེགས་པར་སྟོན་པ་ཡིན། ཁྱད་པར་དུ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་ཁོང་རང་ཉིད་ཀྱིས་བསགས་པའི་ཉམས་མྱོང་དུས་གཟེར་འགའ་ཞིག་གཏན་ལ་ཕབ་པ་མ་ཟད། ཨ་མདོ་དགུ་རོང་ཆོས་རྗེ་ལས་རྒྱ་རྩིས་ཉི་ཟླ་གཟའ་འཛིན་གྱི་ས་རིས་རིག་པའི་ལག་ལེན་དང་། ཧྭང་ལེ་རྒྱག་ཚུལ་བཅས་གསན་སྦྱོང་མཛད་དེ་རྒྱ་རྩིས་ཉི་ཟླ་གཟའ་འཛིན་གཙོ་བོར་སྟོན་པའི་རྩིས་གཞི་《བསམ་འཕེལ་དབང་གི་རྒྱལ་པོ་》ཞེས་བརྗོད་པ་གཙང་ཞིང་། དོན་གྱི་གནད་གསང་ཚད་མས་གཏན་ལ་ཕབ། རྩིས་འབྲས་རྣོ་ཐིག་དང་ལྡན་པའི་རྩིས་གཞུང་རྩོམ་འབྲི་གནང་ཡོད།
དེ་བས་ཁོང་གིས་དུས་བརྟག་གནམ་དཔྱད་ཀྱི་སྐོར་ལ་རང་ལུགས་གྲུབ་པའི་ཉི་སྐར་དང་། དོན་ཁྱིམ་ལ་བལྟོས་ཏེ་《དུས་གཟེར་ལག་ལེན་གསེར་གྱི་པ་ཏྲ་》ཞེས་པ་རྩོམ་འབྲི་གནང་ནས་དུས་ཀྱི་གཟེར་རྣམས་གཏན་ལ་ལེགས་པར་ཕབ་པས་དུས་ད་ལྟའི་བར་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བསྐྱོངས་དང་བསྐྱོང་མུས་སུ་མཆིས་པ་ནི་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་སོགས་ལས་རྟོགས་ནུས་སོ།། དེ་ཡང་གཞུང་དེའི་ནང་དམིགས་སུ་བཀར་ནས་དབུས་གྱུར་ལྷ་སའི་ས་ཚིགས་གཙོ་བོར་བྱས་ཏེ་དུས་གཟེར་མང་པོ་ཞིག་གཏན་ལ་ཕབ་པར་གནང་སྟེ། བོད་གནའ་རབས་པའི་བྱ་ཞག་གནམ་དཔྱད་ཀྱི་དུས་ཚིགས་འཛིན་ཐབས་དང་། ཉི་མའི་ལྡོག་གཉིས་མཉམ་གཉིས། རྩི་ཤིང་མེ་ཏོག་སོགས་ཀྱི་སྨིན་དུས། གནམ་གཤིས་དང་རང་བྱུང་གནོད་འཚེའི་སྔོན་བརྡ། ཆར་དུས་ཟིན་མ་ཟིན། བྱ་རྒྱལ་ཁུ་བྱུག་སོགས་བྱ་རིགས་སླེབས་མ་སླེབས། ཕག་རྒོད་ཕྲུ་གུ་བཙའ་མིན་སོགས་རི་དྭགས་སེམས་ཅན་གྱི་འཚོ་གནས། སོ་ནམ་པར་ས་ཞིང་འདེབས་པའི་དུས་སྔ་ཕྱི། འབྲོག་པར་རྩྭ་ཁ་སྐྱས་འཕོ་དང་ཕ་འབྱོར་བྱེད་དུས། ཟླ་རེའི་དབུགས་སྒང་ཁྱིམ་སླེབས་ཀྱི་དུས་ཚིགས་རྣམས་ལ་རྒྱའི་ལུགས་ཀྱི་དུས་ཚིགས་ཉེར་བཞིའི་ཐོག་དབུས་གཙང་ཁུལ་གྱི་དུས་རྟགས་རྣམས་ཁ་གནོན་འོས་འཚམ་བྱས་པ། སྨན་པ་རྣམས་ཀྱིས་དུས་རྩའི་འགྱུར་བ་འབྱུང་དུས་དང་སྨན་རྫས་འཐུ་སྒྲུབ་ཀྱི་དུས་ཚིགས་རྣམས་ཀྱང་གསལ་བར་བསྟན་ཡོད། དེ་དག་ད་བར་ཕུག་ལུགས་གཙོར་བཟུང་གི་ལོ་ཐོ་ཁག་ཕལ་ཆེ་བའི་ཚེས་ཁོངས་སུ་བཀོད་ནས་ཞིང་འབྲོག་མི་དམངས་ལ་ཐད་ཀར་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད། དེར་བརྟེན་གཞུང་འདི་ནི་དེང་སྐབས་དུས་བརྟག་གནམ་དཔྱད་ལ་ཞིབ་འཇུག་པ་ཀུན་གྱིས་ཚད་མར་འཛིན་པའི་གཞུང་ཞིག་ཏུ་གྱུར་ཡོད་ལ་བོད་ཀྱི་རྩིས་རིག་ལོ་རྒྱུས་ཐོག་ཏུ་གནའ་རབས་དུས་བརྟག་ལ་ཞིབ་འཇུག་གནང་བའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཏུ་ངོས་འཛིན་བྱས་ཆོག
དེ་བཞིན་གང་དེའི་དངོས་སློབ་བྱམས་པ་འཕྲིན་ལས་མཆོག་གིས་དབུ་ཁྲིད་འོག་བོད་ཀྱི་རྩིས་རིག་ཀུན་བཏུས་ཆེན་མོ་ཞེས་པ་པོད་ཆེན་ལྔ་རྩོམ་སྒྲིག་གནང་བ་དང་། དེའི་ནང་དུས་བརྟག་གནམ་དཔྱད་ཀྱི་ཐད་ཀའི་ནང་དོན་སྐོར་ལ་པོད་གཉིས་པ་སྐར་རྩིས་ཀྱི་ནང་དོན་ཁྲོད་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་མཛད་པའི་《དུས་གཟེར་ལག་ལེན་གསེར་གྱི་པ་ཏྲ་》དང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་མཛད་པའི་《བོད་ཀྱི་རྩིས་སྔ་རབས་རྒན་པོའི་བརྟག་པ་བློ་གྲོས་ཀྱི་མུན་པ་སེལ་བའི་སྒྲོན་མེ》 མཁས་དབང་ངག་དབང་བསྟན་འཕེལ་མཆོག་གིས་བགྲང་བྱ་མང་པོའི་རིང་ཚགས་པར་དང་བརྙན་འཕྲིན། གློག་འཕྲིན་བཅས་བརྒྱུད་ནས་ལྷ་ལྡན་སྨན་རྩིས་ཁང་གི་གནམ་གཤིས་སྔོན་བརྡ་གཏོང་གནང་མཛད་ཅིང་། ལོ་དུ་མའི་ཉམས་མྱོང་གི་ཟིན་ཐོ་སོགས་ལ་གཞི་བཅོལ་ཏེ་མཛད་པའི་《གནམ་གཤིས་སྔོན་བརྡ་འདོན་སྟངས་སྐོར་》ཞེས་པ། ངག་དབང་བཟང་པོ་མཆོག་ནས་མ་དཔེ་མཁོ་འདོན་དང་སེར་ཁང་ལགས་ཀྱིས་དག་སྒྲིག་མཛད་པའི་《སྐར་བརྟག་རྒན་པོའི་མྱོང་རྩིས་དྲང་སྲོང་གཟའ་དགུའི་གནམ་དཔྱད་》ཞེས་པ། མཁས་དབང་བསྟན་འཛིན་བཀྲ་ཤིས་མཆོག་ནས་སྔ་རབས་ཀྱི་རྩིས་གཞུང་རྣམས་སུ་འཁོད་པའི་དུས་བརྟག་གི་སྐོར་ཉེ་བར་མཁོ་བ་རྣམས་ཇི་ལྟ་བ་བཞིན་ས་བཅད་རྣམ་པ་ལྔ་བཅུའི་སྒོ་ནས་བསྟན་གནང་མཛད་པའི་《སྐར་རྩིས་ཀྱི་བརྟག་པ་སྣ་ཚོགས་ཀྱི་འབྲས་བཤད་སྙིང་བཏུས་》སོགས་དུ་མ་མཆིས་སོ།། དེ་དག་ནི་བོད་ཀྱི་གནམ་རིག་སྐར་རྩིས་ལས་དུས་བརྟག་གནམ་དཔྱད་ཞིབ་འཇུག་དང་སློབ་སྦྱོང་བྱ་བའི་དཔྱད་གཞིའི་ཡིག་ཆ་ལེགས་ཤོས་ཤིག་ཏུ་མཐོང་ལ་དུས་བརྟག་གནམ་དཔྱད་ཀྱི་རིག་གཞུང་དགོངས་བཅུད་རྣམས་དཔྱད་པ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པ་ཞིག་ཡིན་པར་འདོད་དོ།། དེ་བཞིན་ལོ་ཐོའི་ནང་ལོ་ཟླ་དུས་ཚིགས་སོ་སོའི་བརྗོད་དོན་ཐད་ཡུལ་ལུང་སོ་སོའི་དུས་རྟགས་སྟོན་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ནས་དུས་བརྟག་གནམ་དཔྱད་ཀྱི་ནང་དོན་རྣམས་འགོད་སྲོལ་ཡོད་ལ།དུས་ཚིགས་གཞིར་བཟུང་གི་ཞིང་འབྲོག་ས་ཁུལ་གྱི་དུས་ཆེན་དང་ཞིང་འབྲོག་ལས་འགུལ་གང་ཞིག་སྤེལ་མིན་བཅས་གཙོ་བོར་འདོན་སྲོལ་ཡོད།
དེ་ལྟར་བོད་ལྗོངས་སྨན་རྩིས་ཁང་གི་མཁས་དབང་མཁྱེན་རབ་ནོར་བུ་མཆོག་དང་དེའི་དངོས་སློབ་བྱམས་པ་འཕྲིན་ལས་རྣམ་གཉིས་སོགས་བོད་ཀྱི་སྐར་རྩིས་རིག་པར་མཛད་རྗེས་ཆེ་བའི་དམ་པ་དེ་དག་གིས་ལོ་ཐོ་རྙིང་པ་བརྒྱ་ཕྲག་སྐོར་ལ་ཕྱི་རྗེས་བཅད་དེ་ཞིབ་འཇུག་དང་། དུས་མཚུངས་སྔར་གྱི་རྩིས་པ་རྒན་རབས་དང་། ཞིང་འབྲོག་རྒན་རབས་མྱོང་བ་ཅན་གྱི་ཉམས་མྱོང་དང་། ངག་རྒྱུན་བཅས་པར་སློབ་སྦྱོང་ནན་ཏན་བྱས་པར་བརྟེན་ད་ལམ་ལོ་གཅིག་གི་གནམ་གཤིས་ཀྱི་འགྱུར་བ་ཤེས་རྟོགས་བྱུང་བ་མ་ཟད། ཟླ་བ་གཅིག་གི་གནམ་གཤིས་ཤེས་ཤིང་ཁྱད་པར་དེང་གི་ཆར། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་ཐོག་ཉིན་རེའི་གནམ་གཤིས་ཞེས་པའི་ལེ་ཚན་ཆེད་བཀོད་ཀྱིས་བརྒྱུད་བསྒྲགས་བྱས་རྗེས་སྔོན་བརྡ་བཏང་བ་རྣམས་ཧ་ཅང་ཐིག་པོ་བྱུང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ལོ་ཐོ་དང་ཉིན་རེའི་གནམ་གཤིས་སྔོན་བརྡར་ཡིད་ཆེས་ཐོབ་སྟེ། སོ་ནམ་འདེབས་ཚོད་དང་། ཞིང་འབྲོག་ཐོན་སྐྱེད་སོགས་ལ་སྨན་རྩིས་ཁང་གི་ལོ་ཐོ་ནི་མེད་དུ་མི་རུང་བའི་ལག་ཆ་ཞིག་ཏུ་གྱུར་ཡོད་ལ། དེང་སྐབས་ལོ་ཐོ་དེ་མཁས་བླུན་ཀུན་གྱི་རེ་བ་སྐོང་ཐུབ་ཅིང་བོད་ཀྱི་གནམ་རིག་ཤེས་བྱ་བརྒྱུད་སྤེལ་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་དོ།།
མདོར་ན། བོད་གངས་ཅན་ལྗོངས་འདིར་ཞིང་འབྲོག་ཐོན་སྐྱེད་ཀྱི་འཚོ་བ་དངོས་ནང་ལྟ་རྟོག་ཡུན་རིང་བྱས་པ་ལས་ཐོབ་ཅིང་དུས་བཞིའི་ཞིང་འབྲོག་གི་ལས་ཀ་དངོས་ལ་ཞབས་འདེགས་ཞུ་ནུས་པའི་དུས་བརྟག་གནམ་དཔྱད་ཀྱི་འཕེལ་རིམ་སྐོར་ལ་དུས་རིམ་གསུམ་དུ་ཕྱེ་ནས་གནའ་རབས་གདོད་མའི་དུས་སུ་མྱུ་གུ་འབུས་པ་ནས་ཞང་ཞུང་བོན་གྱི་དུས་སུ་འཕེལ་རྒྱས་བྱུང་ཞིང་། མཐར་རྒྱ་རྩིས་དང་དུས་འཁོར་སྐར་རྩིས་སོགས་དང་འབྲེལ་བའི་རིག་གཞུང་གི་མ་ལག་གྲུབ་ནས་ཕུག་ལུགས་དང་མཚུར་ལུགས་ལུགས་ཆེན་གཉིས་ཀྱི་གཙོས་གནམ་དཔྱད་རིག་པ་སྨྲ་བ་མང་པོས་སྐར་ནག་རྩིས་རིག་གི་གཞུང་རི་བོའི་གཏོས་དང་མཉམ་པ་མཛད་པ་མ་ཟད། ལོ་ཐོ་རབས་དང་རིམ་པ་འདོན་གནང་མཛད་ནས་བོད་འདིའི་ས་བབ་ཁྱད་ཆོས་སོགས་ལ་གཞིགས་པའི་དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ་པ་དང་། མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་གཞིགས་པའི་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་ཀ་ཀུན་ལ་ཞབས་འདེགས་ཞུས་ཡོད།དེ་ལྟ་བུའི་གནའ་རབས་ཀྱི་དུས་བརྟག་མྱོང་བ་འདི་དག་ནི་རིན་ཐང་གཞལ་དུ་མེད་པའི་ཤེས་རིག་ཅིག་ཏུ་འཁུམས་པས་དེ་དག་ལ་སློབ་སྦྱོང་དང་། ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ་དོན་དངོས་ཀྱི་ཞིང་འབྲོག་ཐོན་ལས་དངོས་ནང་བེད་སྤྱོད་གནད་སྨིན་བྱ་རྒྱུའི་བརྩོན་ལེན་བྱེད་རྒྱུ་མ་ཟད་མུ་མཐུད་ཉམས་མྱོང་འཚོལ་ཞིབ་དང་། ཚན་རྩལ་རིག་གནས་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོ་ལ་བབས་པའི་གཡོལ་མེད་ཀྱི་ལས་འགན་ཞིག་ཡིན་པས་སྐབས་དོན་བྱུང་འཕེལ་གྱི་བརྒྱུད་རིམ་སྐོར་ལ་རྩོམ་ཐུང་འདི་བྲིས་པར་འགལ་ཆད་ཟློས་སོགས་ནོངས་པའི་ཚོགས་ཅི་མཆིས་ཀྱང་གཟུར་གནས་མཁས་པའི་སྤྱན་སྔར་གཟོད་གསོལ་ཞུ་རྒྱུ་དང་། ཕན་པ་ཅུང་ཙམ་མཆིས་ན་ཡུལ་གངས་ཅན་ལྗོངས་ཀྱི་དཀར་ནག་རྩིས་རིག་གི་འཕྲིན་ལས་ཕྱོགས་མཐར་རྒྱས་པ་དང་ལྷག་དོན་མཚོ་བོད་ས་མཐོའི་ཁྱད་ཆོས་མངོན་པར་གསལ་བའི་དུས་བརྟག་གི་མྱོང་བ་འདི་དག་ཇི་སྲིད་བར་མི་རྣམས་ཀྱི་འཚོ་བ་དངོས་དང་མི་བྲལ་བར་ཞབས་འདེགས་ཞུ་ཐུབ་པའི་བསྔོ་སྨོན་སྙིང་དབུས་ནས་ཞུ་བ་ལགས་སོ།།
མཆན་འགྲེལ།
①དཔྱད་རྩོམ་འདི་ནི་2014ལོའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་“བོད་ཀྱི་གནམ་རིག་སྐར་རྩིས་ལས་དུས་བརྟག་གནམ་དཔྱད་ཀྱི་རིག་གཞུང་དང་ལག་ལེན་ཞིབ་འཇུག”(ཆོག་མཆན་ཨང་རྟགས་ནི། 14BMZ003)ཅེས་པའི་བར་སྐབས་ཀྱི་དཔྱད་འབྲས་ཤིག་ཡིན།
②张森水:西藏定日新发现的旧石器,载《珠穆朗玛峰地区科学考察报告•第四纪地质》1976年版,第105—109页。
③འགའ་ཞིག་ཏུ་ཉིན་མཚན་གཉིས་ནི་རྒྱ་གར་རིག་བྱེད་སྨྲ་བའི་གཏམ་རྒྱུད་ནང་ཉི་མ་དང་ཟླ་བའི་བྱུང་ཚུལ་གླེང་བའི་སྒྲ་དོན་ལ་བལྟོས་ནས་བཏགས་མིང་ཞིག་ཏུ་འདོད་ཀྱང་ཁོ་བོས་ནི་བོད་ཀྱི་དམངས་ཁྲོད་ཀྱི་སྲིད་པ་ཆགས་གླུ་དང་ལབ་ཙེ་སོགས་ཀྱི་ནང་དུ་སྲིད་པ་ཆགས་པའི་ཐོག་མ་ཉི་ཟླ་གཉིས་ཆགས་པར་གསུངས་པ་སོགས་ལ་གཞི་བཅོལ་ནས་བོད་གདོད་མའི་དུས་ནས་བྱུང་བའི་དངོས་མིང་འདོད་རྒྱལ་གྱི་བརྡ་ཞིག་ཡིན་པར་འདོད་པའོ།།
④ དགེ་འདུན་ཆོས་འཕེལ། 《དེབ་ཐེར་དཀར་པོ》[M] མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ་བ་7པར་པར་ཐེངས་དང་པོ། p.12
⑤དཔའ་བོ་གཙུག་ལག་ཕྲེང་བ། 《མཁས་པའི་དགའ་སྟོན》[M] མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་3པར་པར་གཞི་གཉིས་པ། p.102
⑥བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་གིས་སྒྲིག 《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ》 དེབ་དང་པོ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་བ་8པར་པར་ཐེངས་དང་པོ། p.529
⑦གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པ། 《བཀའ་ཐང་སྡེ་ལྔ》[M] མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ་བ་12པར་པར་ཐེངས་བཞི་པ། p.98
⑧ཟིན་བྲིས་ཕབ་མཁན་རྣམ་རྒྱལ། 2015ལོའི་ཟླ་བ་5པའི་ཚེས་6ཉིན་གྱི་རྟོག་ཞིབ་ཟིན་ཐོ། གསུངས་པ་པོ་བསྟན་འཛིན་སྒྲོལ་མ། དགུང་ལོ་72 ཕ་ཡུལ་བོད་ལྗོངས་དིང་རི།
⑨ནམ་མཁའི་ནོར་བུ། 《ཞང་བོད་ལོ་རྒྱུས་ཏི་སིའི་འོད》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1996ལོའི་ཟླ་བ་5པར་པར་ཐེངས་དང་པོ། p.120
⑩ནམ་མཁའི་ནོར་བུ། 《ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ་བ་2པར་པར་ཐེངས་དང་པོ། p.101
⑾བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོའི་ཟླ་བ་6པར་པར་ཐེངས་དང་པོ། p.53
⑿བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ། 《དུས་འཁོར་སྐར་རྩིས་སྐོར་གྱི་གནའ་རྩོམ་ཕྱོགས་བསྒྲིགས》[M] མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་9པར་པར་ཐེངས་དང་པོ། p.206
⒀ནམ་མཁའི་ནོར་བུ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1996ལོའི་ཟླ་བ་5པར་པར་ཐེངས་དང་པོ། p.120
⒁ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》[M] དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོའི་ཟླ་9པར་པར་ཐེངས་དང་པོ། p.52
⒂ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང》[M] མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་བ་5པར་པར་ཐེངས་དང་པོ། p.57
⒃ལོ་ཆེན་དྷརྨ་ཤཱི། 《རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོའི་ཟླ་བ་11པར་པར་ཐེངས་དང་པོ། p.57
⒄སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། 《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ》 སྟོད་ཆ།[M] ནང་ཁུལ་པར་མ། p.580
⒅ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང》[M] མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་བ་5པར་པར་ཐེངས་དང་པོ། p.55
⒆བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་། 《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ》[M] དེབ་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་བ་8པར་པར་ཐེངས་དང་པོ། p.527
⒇གཙོ་སྒྲིག་པ་བསམ་གྲུབ་རྒྱ་མཚོ། 《གནམ་རིག་སྐར་རྩིས》 སློབ་དེབ།[M] མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་བ་7པར་པར་ཐེངས་དང་པོ། p.6
(21)དེའི་མཚོན་བྱེད་དཔེར་ན། གཅིག་ནས་བཙན་པོས་རྗེ་འབངས་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་ཆེད་དུ་ཕྱི་རོལ་ཡུལ་གྲུ་གཞན་ནས་སྨན་པ་མཁས་པ་གདན་དྲངས་ཏེ་ཡུལ་གྲུ་གཞན་གྱི་གསོ་རིག་གི་ལེགས་ཆ་ལེན་པའི་དབུ་བརྩམས་པ་དང་། གཉིས་ནས་གཤམ་ལྟར་བཙན་པོས་སྐུ་གཤེན་གྱི་སྟེང་དུ་བླ་སྨན་བསྟེན་པའི་སྲོལ་གཏོད་པ་དང་མངའ་འབངས་ཀྱིས་ཕ་མ་ནད་པ་བུ་ཚས་སྒོ་ཕྱིར་བཏོན་(ཕ་མ་ནད་པ་བུ་ཚས་སྒོ་ཕྱིར་འདོན་པའི་སྲོལ་ཆགས་པའི་གཏམ་རྒྱུད་འདིར་ལོག་ལྟའི་སྒོ་ནས་དཔྱད་པ་བྱེད་མཁན་མང་དག་ཅིག་བྱུང་འདུག་ཀྱང་ཁོ་བོས་བསམ་ན་ཡང་དག་པ་ནི་དགེ་བའི་བཤེས་གཉེན་ཆེན་པོ་རོང་པ་མིག་དམར་མཆོག་ནས་མཛད་པའི་《བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་སྲོང་པོར་བརྗོད་པ་དྭངས་གཙང་ཆུ་བོའི་རྒྱུན་བཟང་》ཞེས་པའི་ཤོག་གྲངས་59-67ནང་གསལ་བར་བཀོད་འདུག་པས་དེར་གཟིགས་ན་ལོ་རྒྱུས་ཀྱི་དྲང་བདེན་དེ་རྟོགས་ཐུབ་པར་སྙམ་མོ།།)ནས་ནད་རིགས་སྔོན་འགོག་བྱེད་པ་སོགས་རྗེ་འབངས་ཀུན་གྱིས་བདེ་སྲུང་འདུ་ཤེས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
(22)བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོའི་ཟླ་བ་6པར་པར་ཐེངས་དང་པོ། p.92 ནང་《རྣམ་འབྱེད་འཕྲུལ་སྡེ་》ལས། “རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས།། གནམ་རི་སྲོང་བཙན་ཡན་ཆད་དུ།། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ།། ཐར་ལམ་འདྲེན་པའི་སྐུ་གཤེན་རེ།། སྐད་རིགས་བསྒྱུར་བའི་ལོ་པཎ་རེ།། བྱས་ཐབས་གསུང་རབ་རེ་རེ་བཞག།” ཞེས་གསུངས་པ་ལྟར་རོ།། སྐབས་དེའི་སྐུ་གཤེན་ནི་རྒྱལ་པོའི་སྐུ་མདུན་དུ་རྩིས་བཤར་བ་དང་གཏོ་བཅོས་བྱེད་པ། བོན་ཆོས་ཀྱི་གནས་ལུགས་བརྗོད་ནས་ཐར་ལམ་ལ་འདྲེན་པ་སོགས་བྱས་ནས་རྒྱལ་པོའི་སྐུ་གཟུགས་ཀྱི་གེགས་བར་སེལ་མཁན་ཞིག་ཡིན།
(23)སློབ་དཔོན་དཔའ་བོ་སོགས། 《བསྟན་འགྱུར་ནང་གི་གསོ་བ་རིག་པའི་སྐོར་གྱི་དཔེ་ཚོགས་ལས་གསོ་བ་རིག་པའི་རྩ་འགྲེལ་བདམ་བསྒྲིགས》 [M] དེབ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་བ་10པར་པར་ཐེངས་དང་པོ། p.69
(24)ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།--ནེའུ་ཆོས་འབྱུང་མེ་ཏོག་ཕྲེང་བ》 [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོའི་ཟླ་12པར་པར་ཐེངས་གཉིས་པ། p.17-18
(25)ཇོ་བོ་ལྷུན་གྲུབ་བཀྲ་ཤིས། 《གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད》[M] མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་བ་9པར་པར་ཐེངས་དང་པོ། ཤོག་གྲངས་114 འདིར་སྐར་རྩིས་རི་བོ་རྡུལ་འབེབས་ཅེས་པ་ནི་ད་ལྟ་ཡོངས་གྲགས་ངོས་འཛིན་བྱེད་པའི་དུས་འཁོར་སྐར་རྩིས་ལྟ་བུར་གོ་མི་རུང་སྟེ། དུས་འཁོར་སྐར་རྩིས་ཆ་ཚང་བ་དེ་བསྟན་པ་ཕྱི་དར་དུ་གཞི་ནས་བོད་ལ་དར་བས་སོ།། འོ་ན་དེ་གང་ལ་གོ་དགོས་སམ་ཞེ་ན། དེ་ནི་སྐབས་དེ་དག་ཏུ་རྒྱ་དཀར་ནག་ནས་བསྒྱུར་བའི་སྐར་དཔྱད་ཀྱི་རྩིས་རིག་དང་བོད་ཀྱི་སྲོལ་རྒྱུན་སྐར་ཚོད་འཛིན་སྟངས་སོགས་ཀྱི་རྩིས་རིག་ལ་གོ་ན་ལེགས་པར་སེམས་སོ།།
(26)(27)གཡུ་ཐོག་ཡོན་ཏན་མགོན་པོ། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོའི་ཟླ་བ་3པར་པར་ཐེངས་དང་པོ། p.560 p.605-606
(28)འགའ་ཞིག་གིས་དུས་བརྟག་དང་འབྲེལ་བའི་དགོངས་པ་འདི་དག་མི་རིང་བའི་གོང་མདོ་ཁམས་ཉག་རོང་ནས་ཐོན་པའི་བོན་གྱི་བཀའ་འགྱུར་ཁྲོད་བཞུགས་པའི་འབུམ་བཞི་ཞེས་པའི་དགོངས་པ་ཡིན་པར་གླེང་། འོན་ཀྱང་དེ་ནི་ཕྱོགས་ག་ནས་དཔྱད་ཀྱང་འདོད་མི་ནུས་པ་རྟོགས་སླ་བར་སེམས་པས་འདིར་འགག་བཞག་སོགས་ཀྱི་སྤྲོས་པ་སྐྱུར་པའོ།།
(29)དེ་ཡང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ཤོག་གྲངས་93ལས། “རྒྱ་ནག་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ་”ཞེས་དང་།《དེབ་ཐེར་ཀུན་གསལ་མེ་ལོང་》ཤོག་གྲངས་61 ལས། “སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་ཡིན་ལ་རྒྱལ་པོ་འདིའི་དུས་སུ་རྒྱ་ནག་ནས་སྨན་དང་རྩིས་བྱུང་། རྒྱ་དང་གྲུ་གུ་བཏུལ། བྱང་ནས་ཚྭ་རྙེད་”ཞེས་དང་། ཚལ་པ་ཀུན་དགའ་རྡོ་རྗེ་མཆོག་གིས་མཛད་པའི་《དེབ་ཐེར་དམར་པོའི་》ཤོག་གྲངས་55ནང་དུའང་དེ་གཉིས་དང་འདྲ་བར་གསུངས་འདུག དེ་ལ་བཞེད་དགོངས་མི་མཐུན་པ་མཆིས་པ་སྟེ། པཎ་ཆེན་བསོད་ནམས་གྲགས་པ་མཆོག་ནས་"སྲོང་བཙན་གྱི་མེས་པོ་སྟག་རི་གཉན་གཟིགས་ཀྱི་དུས་སུ་ཚྭ་རྙེད། རྒྱ་ནས་སྨན་རྩིས་བྱུང་”ཞེས་གསུངས་ནས་སྲོང་བཙན་སྒམ་པོའི་མེས་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་དུས་སུ་སྨན་རྩིས་གཉིས་བྱུང་བར་བཞེད་དོ།།
(30)སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《གསོ་རིག་སྨན་གྱི་ཁོག་འབུགས》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་བ་11པར་པར་ཐེངས་དང་པོ། p.79
(31)གཙོ་སྒྲིག་པ་བསམ་གྲུབ་རྒྱ་མཚོ། 《གནམ་རིག་སྐར་རྩིས》[M] མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་བ་7པར་པར་ཐེངས་དང་པོ། p.7 ནང་འདི་ལྟར་གསུངས་ཀྱང་། འདི་ལ་དོགས་གནད་གཅིག་མཆིས་པ་ནི། འདིར་གསུངས་པའི་མ་ཧཱ་ཙི་ནའི་ཧྭང་ལེ་ཞེས་པ་འདི་ཧོར་ཇིན་གིར་རྒྱལ་པོས་དབང་སྒྱུར་བྱེད་སྐབས་ཧོར་ལུགས་ལོ་འགོ་སྤོས་ཤིང་ཧོར་ཟླ་ཞེས་པའི་འབོད་སྲོལ་བྱུང་བ་ལྟར་གྱི་ལོ་ཐོ་ཙམ་ལས་རྒྱ་ནག་ཡོངས་གྲགས་སུ་གྱུར་པའི་ལོ་ཐོ་ཞིག་འབྱུང་ཐབས་བྲལ་བར་མངོན་ཏེ། རྒྱའི་གནམ་དཔྱད་དང་ལོ་ཐོའི་ལོ་རྒྱུས་དང་། བོད་ཀྱི་ལོ་རྒྱུས་སྨྲ་བ་མང་ཆེ་བས་སྔ་མོའི་དུས་སུ་རྒྱ་ནག་ཏུ་ཡུལ་གྲུ་ཀུན་ལ་སྤར་སྨེ་སོགས་ཀྱི་རྩིས་སྐོར་མཁན་ཤིན་ཏུ་མང་ལ་དམངས་ཁྲོད་དུའང་དར་ཁྱབ་ཆེན་པོ་ཡོད་ཀྱང་ལོ་ཐོའི་གཞུང་རྩོམ་པ་དང་ལོ་ཐོ་འདོན་པ་སོགས་སྐར་རྩིས་ཀྱི་ལས་བྱེད་པ་ལ་རྒྱ་ནག་གོང་མའི་བཀའ་རྒྱ་ཤིན་ཏུ་བཙན་པ་ཡིན་ཚུལ་མང་དུ་གསུངས་པས་སོ།།
(32)བསོད་ནམས་རྒྱ་མཚོ། 《རྒྱ་རྩིས་བོད་དུ་དར་ཚུལ་མདོ་ཙམ་བརྗོད་པ》 《བོད་ལྗོངས་ཞིབ་འཇུག》 1984ལོའི་དུས་དེབ་གཉིས་པ། p.48
(33)ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ། 《དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་ཆེན་རྟོགས་བརྗོད་དཔག་བསམ་སྙེ་མ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2014ལོའི་ཟླ་བ་12པར་པར་ཐེངས་དང་པོ། p.75
(34)བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་གིས་སྒྲིག 《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ》 དེབ་དང་པོ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་བ་8པར་པར་ཐེངས་དང་པོ། p.279
(35)མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། 《མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་གསུང་འབུམ》 པོད་ཐ་པ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ་བ་12པར་པར་ཐེངས་དང་པོ། p.93
(36)གཙོ་སྒྲིག་པ་བསམ་གྲུབ་རྒྱ་མཚོ། 《གནམ་རིག་སྐར་རྩིས》[M] མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་བ་7པར་པར་ཐེངས་དང་པོ། p.7
(37)གཙོ་སྒྲིག་པ་བསམ་གྲུབ་རྒྱ་མཚོ། 《གནམ་རིག་སྐར་རྩིས》[M] མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་བ་7པར་པར་ཐེངས་དང་པོ། p.15
(38)ཀོང་སྤྲུལ་བློ་གྲོས་མཐའ་ཡས། 《འཇམ་མགོན་ཀོང་སྤྲུལ་གྱི་གསུང་འབུམ་རྒྱ་ཆེན་བཀའ་ཡི་མཛོད》 པོད་བཅུ་བཞི་པ།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོའི་ཟླ་བ་6པར་པར་ཐེངས་དང་པོ། p.302