༄༅། །བོད་ཀྱི་བསང་མཆོད་སྐོར་ལ་རགས་ཙམ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


                  བསང་གཏོང་ལུགས་ནི་ཆེས་གདོད་མའི་བོད་མི་རྣམས་ཀྱི་རང་བྱུང་ཁམས་དང་འཇིག་རྟེན་ལྟ་ཚུལ་ངོ་མཚར་བ་སྣ་ཚོགས་ཤིག་དང་། ལོ་རྒྱུས་དང་དུས་རབས་ཧ་ཅང་རིང་མོའི་ཁྲོད་ཉམས་དམས་སུ་མ་སོང་བའི་རིག་གནས་རིན་ཐང་བྲལ་བ་ཞིག་རེད།  ལྷག་པར་ཁམས་དང་མདོ་དབུས་བཅས་ཡུལ་གྲུ་དང་། བན་བོན་སོགས་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་ཐུན་མོང་དུ་ཆོ་ག་འདི་ཁས་ལེན་པ་ཡིན། འོན་ཀྱང་ལྷ་གསོལ་མཆོད་འབུལ་གྱི་སྲོལ་འདི་བོད་མི་རང་གི་རྒྱུན་འཛིན་དང་བརྩི་མཐོང་ཆེ་བར་བྱེད་པ་ཙམ་ལས་དང་ཐོག་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་གནས་བབ་ཇི་འདྲ་ཞིག་གི་རྐྱེན་ལ་བརྟེན་བྱུང་མིན་གྱི་ལོ་རྒྱུས་ལ་བརྟག་དཔྱད་མཁན་ཉུང་། རྒྱའི་ཐང་ཡིག་གསར་ཪྙིང་སོགས་སུ་རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་བསྡུ་སྟེ། ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད། ཐོག་མར་སྲོག་ཆགས་དེ་དག་གི་རྐང་ལག་བྲེགས་དོན་སྣོད་མདུན་དུ་སྤུངས་ནས། བཪྙེ་ཞིག་གིས་གནས་ས་རི་ལུང་ཉི་ཟླ་གཟའ་སྐར་ལ་སོགས་དཔང་དུ་གསོལ་ཏེ། གལ་ཏེ་འདུན་མ་དང་འགལ་ཏེ་བསམ་ངན་བྱེད་ན། ལྷ་ལ་མངོན་མཁྱེན་ཡོད་པས། ཁྱོད་ཚོ་ཡང་ལུག་ཁྱི་འདི་རྣམས་བཞིན་དུ་མི་བགྱིད་རི་ཞེས་མནའ་འདོར་རོ་ཞེས་པ་སོགས་ལ་དེང་དུས་འབྲོག་ཁུལ་གྱི་ས་ཆ་མང་པོར་དེའི་ཚབ་ཏུ་བསང་ཕུད་དེ་མནའ་སྐྱེལ་བ་སོགས་སྣང་ཚུལ་ཁྱད་པར་བ་མང་དུ་ཡོད་པ་དང་། ད་དུང་དམག་ལ་འགྲོ་བ། བླ་དཔོན་ཁྲི་འདོན། གསོལ་སྟོན་མཛད་སྒོ་སོགས་འཇིག་རྟེན་གྱི་བྱ་གཞག་ལེགས་ཉེས་གང་བགྱི་བའི་སྔོན་འགྲོ་དང་རིམ་གྲོ་ལ་བོད་མི་རྒན་གཞོན་ཡོངས་ཀྱིས་བསང་གཏོང་བ་འདི་ཧ་ཅང་རྒྱུགས་ཆེ།

དང་པོ། བསང་གི་ངོ་བོ་དང་དེའི་ཐོག་མའི་བྱུང་བ།

རྒྱལ་དབང་ལྔ་པས་ཕུན་ཚོགས་དྲི་ལྡན་བསངས་མཆོད་གངྒཱའི་རྒྱུན། །མི་གཙང་ཉེས་ཚོགས་འཁྲུད་པའི་ཆོ་ག་མཁན། ཞེས་གསུངས་པས་བསངས་ཞེས་པའི་ཐོག་མའི་རང་བཞིན་ནི་མི་གཙང་བའམ་བཙོག་གྲིབ་སེལ་བར་བྱེད་པ་གཅིག་པུ་ལ་གོ་བ་ཤུགས་ཆེ་མོད། འོན་ཀྱང་དེང་དུས་བསང་ཞེས་བརྗོད་ཚེ་ངེས་པར་ལྷ་གསོལ་ཀླུ་མཆོད་ཀྱི་ཆོ་ག་སྒྲུབ་ལུགས་འབའ་ཞིག་ཏུ་ངོས་འཛིན་པ་ལས་གདོད་མའི་བསངས་ཞེས་པའི་བརྡ་རང་སྟེང་གི་གོ་དོན་དང་ཁྱད་པར་ཆེ་བར་སོང་བ་འདི་ལ་སུས་ཀྱང་གསལ་ཁ་ཆེ་བ་ཞིག་མཛད་མེད་ཅིང། ལྷག་པར་བསང་ཡིག་འདོན་གསོལ་གྱི་ནང་དུ་སྣང་ཚུལ་འདི་གཉིས་དབྱེ་བ་སོ་སོར་མ་ཕྱེ་བར་འདྲེས་པ་དང་། ཡང་འགའ་ཞིག་གིས་དུ་བ་ལ་བརྟེན་ནས་གྲིབ་དག་པར་བཤད་པ་སོགས་བཞེད་ཚུལ་སྣ་ཚོགས་འདུག་པ་སོགས་འདིར་གཅིག་ཆོས་ཀྱིས་ཁ་ཚོན་གཅོད་དཀའ་ཡང་། དེང་སང་མཚོ་ལྷོའི་ས་ཆ་ཁ་ཤས་སུ་གཤིན་པོ་དུར་འཇུག་བྱེད་ཚེ་ཁང་ཁྱིམ་གྱི་སྒོའི་ཕྱི་རུ་མེ་འཇོག་པ་དང་། ཡང་སྦྲུམ་མར་བུ་བཙས་པའི་དུས་སྒོ་མདུན་མེ་བཞག་སྟེ་ཕྱི་ནས་ཁྱིམ་དུ་ཡོང་བའི་མི་སུ་ཡིན་རུང་མེའི་སྟེང་དུ་འགོམ་ནས་ནང་ལ་ཡོང་བ། དེ་བཞིན་ཁང་ཁྱིམ་གང་ཞིག་གི་སྒོའི་ཕྱི་ན་དུ་བ་ལྷོག་ལྷོག་འཕྱུར་བ་ཞིག་ཡོད་ཚེ་དུད་ཚང་དེའི་ཁྱིམ་དུ་ཉེན་ཚབས་ཆེ་བའི་ནད་པ་སོགས་ཡོད་པར་བསྟན་པས་གང་བྱུང་གིས་ཁྱིམ་ལ་མ་ཡོང་ཞེས་པའི་བརྡ་ཙམ་ལས་དོན་ཅི་ཡང་མེད་པ་འདིས་གདོད་མའི་དུས་ཀྱི་བསངས་བྱ་བ་མེ་ལ་མ་གཏོགས་དུ་བ་ལ་འགྲེལ་ཚུལ་མེད་པ་འདྲ། སྤྱིར་དེང་དུས་གོས་སོགས་རླུང་ལ་གཡེང་བ།ཆུ་ལ་བཀྲུ་བ་ཡོད་ཀྱང་། དེ་ལྟར་མ་བྱུང་ཚེ་མེ་ལ་བདུག་ནས་ཆོག་པར་བྱེད་པ་སོགས་ལ་བསམ་ན་གདོད་མའི་བོད་མི་རྣམས་ཀྱིས་ས་ཆུ་མེ་རླུང་འབྱུང་བ་བཞི་ལ་དད་མོས་བྱེད་པ་ལས་སྲོལ་འདི་མཆེད་པར་མངོན་ཏེ། གདོད་མའི་བོན་གྱི་ལུགས་སུ་འབྱུང་བ་བཞི་ལ་གནས་པའི་ལྷ་ཡོད་པར་སྨྲ་བ་དང་། སྣོད་བཅུད་ཀྱི་སྐྱེ་དངོས་ཡོད་དོ་ཅོག་འབྱུང་བ་བཞི་ལས་སྐྱེས་ཞིང་མཐར་འབྱུང་བ་བཞི་རང་སར་ཐིམ་པར་བྱ་དགོས་པར་འདོད་པ་འདིས་མཱར་གཞུང་ནས་བཤད་པའི་ཆེས་གདོད་མའི་དུས་ཀྱི་རང་བྱུང་ཁམས་དང་། མིའི་རིགས་ཀྱི་ཐུན་མོང་གི་གདོད་མའི་འདུ་ཤེས་གཉིས་བར་གྱི་འགལ་འདུའི་རང་བཞིན་གསལ་བར་མངོན་ཐུབ་པ་མ་ཟད། འདི་ནི་བོད་མི་རང་གི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ཤིག་ཀྱང་རེད། དེར་བརྟེན་སྨན་རྒྱུད་སོགས་ལས་རླུང་མཁྲིས་བད་ཀན་གསུམ་ག་ས་ཆུ་མེ་རླུང་འབྱུང་བ་བཞིའི་རང་བཞིན་དང་འབྲེལ་ཏེ་བརྟག་པ་ལ་འཕེལ་འགྲིབ་ནད་དང་སྦྱོར་བ་སྨན་གྱི་ལུགས་སོགས་མང་དུ་དབྱེ་བའི་སྲོལ་འདི་ཡང་དོན་དམ་པར་འབྱུང་བ་བཞི་དང་མིའི་སྐྱེ་ཕུང་གཉིས་རྟེན་འབྲེལ་ལུགས་འབྱུང་གི་རྒྱུ་མཚན་གྱིས་གཅིག་ཏུ་བསྡུས་པ་དང་། དེ་བཞིན་གཤིན་པོ་དུར་འཇུག་བྱ་ཚེ་མེ་ལ་སྲེག་པ། ཆུ་ལ་སྐུར་བ། ས་འོག་ཏུ་འཇུག་པ། རླུང་སྟེ་བྱ་རྒོད་ལ་གཏོར་བ་བཅས་བེམ་པོ་དེ་ཉིད་ངེས་པར་འབྱུང་བ་བཞི་གང་རུང་ལ་ཐིམ་པར་བྱེད་པའང་གནད་འདི་ལ་ཐུག་པར་སྙམ། དེ་ན་གོང་ནས་དྲངས་པ་བཞིན་འབྱུང་བ་བཞི་ལ་ཁྱད་མེད་དུ་དུར་འཇུག་བྱེད་ནའང་། འདི་དག་ལས་ཀྱང་ཆེས་སྔ་བ་ནི་མེ་ལ་སྲེག་པའི་ལུགས་འདི་ཅུང་མངོན་ཆེ་བ་དེབ་ཐེར་ལས་ཁྲི་བདུན་བང་སོ་གནམ་ལ་བཏབ། ལྷ་ལུས་རོ་མེད་འཇའ་ལྟར་ཡལཅེས་བོད་བཙན་པོའི་ཐོག་མ་རྣམས་ཀྱི་བེམ་པོ་མེ་ལ་སྲེག་པའི་སྲོལ་བྱུང་བ་སུ་ལའང་རྩོད་མེད་དང་། དེ་བཞིན་ཆེས་སྔ་བའི་གནའ་ཤུལ་བང་སོ་དག་ན་བེམ་པོ་མེ་ལ་སྲེག་པའི་སོལ་བ་སོགས་མཐོང་ཡུལ་དུ་ཡོད་པ་སོགས་ལ་བསམས་ན་མེ་ནི་ཆེས་གདོད་མ་ནས་ཧ་ཅང་གཙིགས་ ཆེན་ བྱེད་ པ་མཐོང་ཐུབ་ལ།  གནའ་བོའི་ཞི་ལའི་ལྷ་སྒྲུང་དུ་ཕོ་ལོ་མེ་ཞི་སི་(普罗米修斯)འབོད་པས་མེ་ཐོག་མར་ལྷ་ཡུལ་ནས་བརྐུས་འོང་བར་བཤད་པ་དང་། རང་རྒྱལ་མན་ཇུ་རིགས་ཀྱི་ལྷ་སྒྲུང་དུའང་ཨ་ཐོ་(阿托)ཞེས་པའི་དཔའ་རྒོད་ཞིག་གིས་ལྷ་ཡུལ་ནས་མེ་ཁྱེར་འོང་བའི་བཤད་རྒྱུན་ཡོད།  གཞན་ཡང་བོད་ཀྱི་དམངས་ཁྲོད་དུ་བྱ་དེ་ཕོ་ལྷ་ཡུལ་ལ་མེ་སློང་དུ་སོང་ཚུལ་སོགས་མང་། སྤྱིར་བེམ་པོ་མེ་ལ་སྲེག་པ་དེ་བསང་བྱ་བའི་གོ་དོན་དང་འབྲེལ་དཀའ་ཡང་། དེང་དུས་དུར་ས་གསར་དུ་འཚོལ་བ་ལ་ངག་རྒྱུན་དུ་རི་ཡག་ས། ས་གཙང་ས་སོགས་གཙང་བྱ་བའི་ཐ་སྙད་འདི་དང་མ་བྲལ་བ་ལ་བསམས་ན་མེ་སོགས་འབྱུང་བ་བཞིའི་རང་སྟེང་ན་བསངས་སམ་གཙང་བྱ་བའི་རང་བཞིན་འདི་ཤུགས་ནས་ཡོད་པར་འདོད་པ་གོ་ནུས་པ་དང་། དེ་བཞིན་དབྱིན་ཇིའི་མཁས་པ་ཧྥེ་ལེ་ཙིས་(费雷泽)“མེ་ཕུང་(篝火)གིས་ནད་དང་འཆི་བ། སྣོད་བཅུད་མཐའ་དག་ལ་འཚེ་བའི་གནོད་པ་སྲེག་ཅིང་ཞི་བར་བྱས་ཏེ། མི་དང་དུད་འགྲོ་ལོ་ཏོག་བཅས་གཙང་བར་བྱེད་པ་ཡིན鉋ཞེས་པས་འཐུས། དེ་ན་བེམ་པོ་དེ་མེ་ལ་སྲེག་པས་རོའི་སྟེང་གི་བཙོག་གྲིབ་དང་དྲི་མ་ཡོད་ཚད་བསངས་རྦེར་བྱས་པ་རིགས་པས་གྲུབ་ཅིང་། ལྷ་གསོལ་བསངས་མཆོད་བྱེད་པའི་སྲོལ་འདི་ཡང་མེའི་རང་བཞིན་གཙང་མ་ཡིན་པའི་རྒྱུ་མཚན་གྱི་རྨང་གཞིའི་སྟེང་རིམ་གྱིས་ཁྱབ་རྒྱ་ཆེ་བ་དང་འཕེལ་རྒྱས་ཆེས་ཆེར་བྱུང་བར་སྙམ།   མཆོད་པའི་རིགས་ལ་ཆོ་ག་སྣ་ཚོགས་པ་འདུག་ཀྱང་དོན་དངོས་སུ་མཆོད་རྫས་རྗེན་པར་བཤམ་ནས་མཆོད་པ་དང་། ཡང་ན་མེ་ལ་སྦྱིན་སྲེག་ཏུ་བྱས་ནས་མཆོད་པའི་ལུགས་གཉིས་ལས་མ་འདས། རྒྱ་ནག་གིས་རང་གི་ཡང་མེས་ཀྱི་བང་སོའི་མདུན་དུ་འབུལ་བའི་དངོས་པོ་རྣམས་རྗེན་པར་བཤམ་པ་དང་། བོད་ཀྱིས་འདི་ལ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་ལས། གཙོ་བོ་ཚན་དན་ག་བུར་གུར་གུམ་ཨ་ག་རུ་ཛཱཏི་སྟེ་དྲི་ལྔ། གཞན་གསེར་དངུལ་སོགས་རིན་པོ་ཆེའི་རིགས་དང་། གྲོ་ནས་སོགས་འབྲུའི་རིགས་དང་། གོས་དར་སོགས་ཟ་འོག་གི་རིགས་དང་། པདྨ་ཨུཏྤལ་ཀུ་མུད་སོགས་མེ་ཏོག་གི་རིགས་དང་། བདུག་སྤོས་རྒྱ་སྤོས་སོགས་སྤོས་ཀྱི་རིགས་དང་། ཤུག་པ་བ་ལུ་སོགས་བསང་རྫས་ཀྱི་རིགས་དང་། ཡང་དཀར་གསུམ་མཁོ་དགུའི་དཔལ་འབྱོར་ཞེས་མི་རང་གིས་འབྱོར་ཚད་ཀྱི་དངོས་པོ་གང་ཡོད་མེ་ལ་སྲེག་ནས་མཆོད་པ་ཡིན། སྲོལ་འདི་དུས་ནམ་ཞིག་བོད་དུ་དར་བ་ལ་ལྔ་པ་ཆེན་པོས་མེ་ལ་རྫས་བཏབ་པའི་བསུར་འདི་བསྟན་པ་ཕྱི་དར་གྱི་མདོ་རྒྱུད་མན་ངག་ཏུ་གསལ་བ་ཡོད་མེད་རང་གི་བརྟག་ཤིང་མང་དུ་ཐོས་པའི་རིགས་དུ་མར་དྲིས་ཀྱང་ཁུངས་ཪྙེད་པ་མེད་པ་འདྲ། གསང་སྔགས་ཪྙིང་མའི་ཕྱོགས་ལ་ཡོད་དོ་ཞེས་ཐམས་ཅད་མགྲིན་པ་བཏེགས་ནས་སྨྲ་ནའང་། ཪྙིང་རྒྱུད་འབུམ་དུ་ངོས་སྤྲོད་པ་མ་བྱུང་། བླ་མ་དགོངས་འདུས་སུ་ཡོད་ཟེར་ཡང་གླེགས་བམ་དང་ཐོ་ཡིག་བསྡུར་ནས་བཙལ་ཀྱང་མ་ཪྙེད། གཏེར་ཁ་གོང་འོག་གི་ཡིན་ཟེར་བའི་དཔེ་འཁྱར་འདྲ་མཐོང་ཡང་གཏེར་གཞུང་ཚད་མ་ཡིད་ཆེས་ཀྱི་ཡི་གེར་མི་འདུག་ཅེས་གསུངས་པ་ལ་བསམས་ན་སྐབས་འདིའི་བསང་བྱ་བའང་བསུར་དང་འདྲ་བར་ནང་བསྟན་གྱི་ཆོས་གཞུང་དུ་མགོ་ཁུངས་ཅུང་ཪྙེད་དཀའ་བས་མ་མཐར་ཡང་ལོ་ངོ་གཉིས་སྟོང་ལྔ་བརྒྱའི་གོང་གི་བོན་གཞུང་གི་ནང་དུ་འཚོལ་དགོས་པར་སེམས།

གཉིས་པ། བསང་བསུར་གྱི་ཁྱད་པར་དང་དབྱེ་བ།

བསང་གཏོང་བ་ནི་ཆེས་གནའ་དུས་ནས་བཟུང་བོད་མིའི་འཚོ་བའི་ཁྲོད་རྒྱུན་ཆགས་སུ་གནས་ཤིང་མི་རིགས་རང་གི་གོམས་སྲོལ་ཐུན་མོང་མ་ཡིན་པའི་རྣམ་པ་ཞིག་ཡིན་ནའང་། དེའི་ནང་གསེས་ཀྱི་འབོད་ཚུལ་ལ་ས་ཆ་སོ་སོར་འདྲ་མིན་གང་མང་ཡོད་དེ།    མཚོ་ལྷོའི་ས་ཆ་འགའ་ཞིག་ཏུ་ཤ་ཁྲག་མ་འདྲེས་པའི་རྫས་དཀར་རྐྱང་བ་མེ་ལ་ཕུད་ནས་དེར་ཆབ་བྲན་པ་ལ་བསང་དང་། ཤ་ཁྲག་དང་ཡང་ན་ར་ལུག་སྲོག་ཆགས་རྗེན་པར་མེ་ལ་མཆོད་པར་བསུར་དུ་འབོད། ཡང་རྔ་བ་ས་ཁུལ་གྱིས་ཤ་ཁྲག་དང་འབྲུ་སྣ་སོགས་འདྲེས་མས་མཆོད་པ་ལ་དམར་བསང་ངམ་དམར་མཆོད་དུ་འབོད་ཅིང་། རྩམ་པ་དང་མར། འབྲུ་སྣ་ཚོགས། དར་གོས། ཤིང་ཏོག་གི་རིགས། རྩི་ཐོག་སྨན་སྣ་བདུན་སྤོས་སོགས་དཀར་རྫས་རྐྱང་བ་བྱས་ནས་ཆབ་བྲན་པ་ལ་བསང་དང་། དེར་ཆབ་མི་བྲན་པ་ལ་བསུར། ཡང་ས་ཆ་རེ་འགས་ཤ་འཚིག་པའི་དྲི་ལ་བསུར་དྲི་ཞེས་བརྗོད་པས་དམར་བསང་ལ་ལན་རེར་བསུར་དུ་འབོད་ལུགས་ཀྱང་མངོན་ཞིང་། ད་དུང་རྩམ་པ་དང་མར་ཉུང་དུ་རྐྱང་བ་ཙམ་རེ་མེ་ལ་ཕུད་པ་དེར་ཚ་བསུར་བྱ་བ་སོགས་ཐ་སྙད་བྱེ་བྲག་པ་ཧ་ཅང་མང་པོ་འདུག  གོང་གི་སྣང་ཚུལ་དེ་དག་ལ་གཞིགས་ན་མེ་ལ་རྫས་ཕུད་པའི་མཆོད་པ་འདི་བོད་མི་སྤྱིའི་གཅིག་མཐུན་གྱིས་འདོད་པའི་ཆོ་ག་ཤིག་ཡིན་པ་ངེས་སླ་ཡང་། དེའི་རྣམ་པ་དང་མིང་གི་འདོགས་ཚུལ་གྱི་ཆ་ལ་ཕྱིས་འགྱུར་བ་སྣ་ཚོགས་བྱུང་བར་སྙམ།  རྒྱལ་དབང་ལྔ་པས་ སྣ་ཚོགས་ལྗོན་ཤིང་སྨན་སྣ་དང་། །དཀར་གསུམ་མངར་གསུམ་ཕྱེ་མར་སྤོས། །རིན་ཆེན་འབྲུ་སྣ་ཤ་མར་ཆང་། མཐུན་པའི་རྫས་ཀུན་ལེགས་བཤམས་ནས།། ཞེས་པ་ལས་བསང་རྫས་ལ་དཀར་དམར་གཉིས་ཀ་བེད་སྤྱད་ཆོག་པར་བསྟན་པ་དང་། ད་དུང་གཏོར་འབུལ་གྱི་ཆོ་ག་མང་པོ་ལས། དམར་ཆེན་གཏོར་མ་རི་ལྟར་སྤུངས་བ་དང་། ཅེས་སོགས་བསང་རྫས་ལ་འབྲུ་སྣ་དྲི་བཟང་མང་པོའི་སྟེང་དུ་གཏོར་མ་དམར་པོ་འབུལ་བ་སོགས་ཀྱི་ལུགས་ལ་བསམས་ན་ཆེས་ཐོག་མར་བསང་རྫས་ལ་དཀར་དམར་གྱི་ཁྱད་ཆེ་བ་མེད་པར་གང་འབྱོར་གྱིས་ཕུད་པ་དང་། དེ་དུས་རིམ་ངེས་ཅན་གྱི་རྗེས་སུ་ཤ་ཁྲག་གི་བྱས་པ་ལ་དམར་བསང་དང་། ཤ་ཁྲག་མ་འདྲེས་པའི་རྫས་ལ་དཀར་བསང་ཞེས་སོ་སོར་གྱེས་པར་སྙམ། དེ་བཞིན་ཆབ་བྲན་མིན་གྱིས་བསང་དང་བསུར་གྱི་ཁྱད་པར་ངེས་ཅན་ཞིག་མཚོན་ཐུབ་པར་མངོན་ཏེ། གླིང་སྒྲུང་ལས། སངས་རྒྱས་སྤྱན་མའི་བསང་ཁྲི་བརྩིགས། །ལྷ་ཆབ་སྔོན་མོའི་ཆབ་ཅིག་བྲན། ། དཀར་གསུམ་མངར་གསུམ་བསང་རྫས་འབུལ། ། ཞེས་བསང་ཕུད་ཚེ་ངེས་པར་ཆབ་བྲན་དགོས་པར་བསམས་ན་ཆབ་བྲན་པ་ནི་བསང་གི་ཁྱད་ཆོས་ངེས་ཅན་ཞིག་ཡིན་པ་མཚོན་ཐུབ་ལ། ད་དུང་ཡུལ་གྲུ་འགའ་རེ་ན་མེ་ལ་ཆབ་ཁོ་ན་བྲན་ཏེ་བསང་ལ་རྫས་ཅི་ཡང་མི་འཇོག་པའི་ལུགས་ཀྱང་སྣང་། དེ་ན་ཆབ་བྲན་མིན་གྱི་ཁྱད་པར་ལས་བསང་བསུར་གཉིས་ཀྱི་དབྱེ་བ་བྱུང་བ་འདྲ་ཆེ་སྟེ། དེང་ས་ཆ་མི་འདྲ་བ་མང་དུ་དཀར་བསང་གི་རྫས་དང་འདྲ་བ་དམར་པོ་ཅུང་ཙམ་ཡང་མ་འདྲེས་པ་མེ་ལ་ཕུད་དེ་ཆབ་མི་བྲན་པ་དང་། གཤིན་པོ་དང་ནད་ཡམས་མུ་གེ་སོགས་ཀྱི་རིམ་གྲོར་ཚ་བསུར་ཕུད་པ་ལ་ཆབ་ཡེ་ནས་མི་བྲན་པའི་ལུགས་སོགས་མང་། དེ་བཞིན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་ཚ་བསུར་བསྔོ་ཚུལ་གྱི་འགྲེལ་བ་ལས་བསུར་ལ་ཆབ་བྲན་དགོས་པ་ཚིག་ཟུར་ཙམ་ཡང་མ་བྱུང་བ་འདི་གོང་དང་འབྲེལ་ན་ཧ་ཅང་ཆ་མཐུན་པར་འགྲོ་བ་ཙམ་ལས་དོན་དམ་པར་ལོ་ངོ་སྟོང་ཕྲག་མང་པོ་སོང་བའི་ཆེས་གདོད་མའི་རིག་གནས་འདི་ལྟ་བུ་ལ་སུས་ཀྱང་གདེང་ཚོད་བྱེད་དཀའ།  གཞན་རྫས་དཀར་པོ་རྐྱང་བ་ཅན་གྱི་བསང་ལ་ནང་གསེས་སུ་ལྗོན་ཤིང་གི་བསང་། རྩི་ཤིང་གི་བསང་། འབྲུ་རིགས་ཀྱི་བསང་། དར་གོས་ཀྱི་བསང་སོགས་སྣ་མང་དུ་དབྱེ་ཆོག་པ་རྒྱལ་དབང་ལྔ་པས་གསེར་གྱི་མདངས་ལ་འཁུ་བའི་ལོ་འདབ་ཚོགས། གཡུར་དུ་ཟ་བའི་ལྗོན་ཤིང་སྟག་པས་བསངས། གཡུ་ཡི་མདོག་ཅན་གནམ་སྔོན་བཞུན་མ་དག   འཁྱིལ་འདྲའི་འདབ་མ་རབ་རྒྱས་ཤུག་པས་བསངས། རབ་དཀར་དུང་གི་མདངས་ལ་འགྲན་བཟོད་པའི། ཕང་ཕུང་འདབ་མ་བཞད་པའི་མཁན་པས་བསངས། མཆོང་གི་མདོག་ལྟར་རབ་དམར་ལོ་འདབ་ཀྱི། ཕང་ཕུང་མཛེས་པར་རྒོད་པའི་བ་ལུས་བསངས། བཟང་དྲུག་སྨན་དང་སྤོས་དཀར་མ་ནུ་དང་། ཚན་དན་དཀར་དམར་ཨ་ག་རུ་ཡིས་བསངས། བདུད་རྩི་སྨན་གྱི་ལྗོན་པའི་ཤིང་གི་ཚོགས། ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱི་བསངས།   དར་དང་ཟ་འོག་རིན་ཆེན་རྣམ་པ་ལྔ། དཀར་གསུམ་མངར་གསུམ་ལ་སོགས་མཐུན་པའི་རྫས། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་ནས། རང་རང་འདོད་པའི་དངོས་པོར་གྱུར་པའི་བསངས། ཞེས་གསུངས་པ་ལས་བསངས་ས་མཐའ་ཅན་ནི་ཆེས་གདོད་མའི་དུས་ཀྱི་བསང་གི་ཐོག་མའི་འབྱུང་ཁུངས་དང་འགྲེལ་ཞིང་། བསངས་ས་མཐའ་མེད་པ་ནི་དེང་སང་གི་གོ་དོན་དང་འགྲེལ་ན་ཧ་ཅང་མཐུན་པར་མངོན།  བསང་ཕུད་ཚུལ་གྱི་རྣམ་པའི་ཆ་ནས་དབྱེ་ན་སྒེར་བསང་དང་སྤྱི་བསང་གཉིས་སུ་དབྱེ་ཆོག་ཏེ། སྒེར་བསང་ནི་ཁྱིམ་ཚང་དང་མི་སྒེར་གཅིག་པོས་ཕུད་པའི་བསང་ཡིན་ལ་དེ་ཕལ་ཆེར་ནངས་དགོང་གི་དུས་སུ་ཕུད་ཅིང་ཉིན་གུང་ཕུད་པ་ཉུང་། སྤྱི་བསང་ནི་ཚོ་བ་ཤོག་ཁ། སྡེ་པ་རུ་སྐོར་སོགས་མི་ཚོགས་ཐུན་མོང་གིས་དུས་གཅིག་ཏུ་ཕུད་པ་ཡིན་ལ། གཙོ་བོ་ལོ་གསར་དང་དྲུག་པའི་ལ་བརྩེ་ལྟ་བུ་དུས་ཆེན་གྱི་སྐབས་སུ་བྱེད།   སྲོལ་འདི་ནི་བོད་ཀྱི་ས་ཁུལ་མང་ཆེ་བར་དར་ཡོད་ལ་མདོ་སྨད་རྒྱལ་རོང་ས་ཁུལ་དུ་སྟོན་དཔྱིད་ཀྱི་དུས་སུ་སྡེ་བ་སྤྱིས་བསང་ཕུད་པ་དང་། ཟི་ཁྲོན་བྲག་མགོ་རྫོང་དུ་བོད་ཟླ་བཞི་བའི་ཚེས་ལྔ་ཉིན་སྡེ་བ་སོ་སོ་ཕྱོགས་གཅིག་ཏུ་འདུས་ནས་བསང་ཕུད་དེ་ལོ་དེའི་ཆར་ཆུ་དང་ལོ་ཕྱུགས་ལེགས་ཤིང་མུ་གེ་སོགས་མི་འབྱུང་བའི་རིམ་གྲོ་བྱེད། དེ་བཞིན་མཚོ་སྔོན་གྱི་གཙན་ཚ་དང་དཔའ་ལུང་། མང་འབའ་བྱ་གསུམ་སོགས་ས་ཆ་འགར་སྡེ་བའི་སྤྱི་གཞུང་ནས་བསང་ཕུད་དེ་དགྲ་ལྷ་མཆོད་པ་སོགས་ཡོད། གཞན་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ལྷ་ས་གྲོང་གི་མི་ཚང་མས་ག་ས་གང་དུ་བསང་རྒྱ་ཆེན་པོ་ཕུད་པ་འདི་ཆབ་སྤེལ་གྱེ་གསུང་ལས་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་དར་བའི་འཛམ་གླིང་སྤྱི་བསང་དུ་གྲགས་པར་བཞེད་པ་དང་། དེ་མིན་བོད་མཐའ་དབུས་མི་འདྲ་བ་ཡུལ་གྱིས་བསྐལ་བ་མང་པོར་བསང་འབུལ་བྱེད་པའི་དུས་དང་སྲོལ་མི་འདྲ་བ་སོགས་མཐའ་མི་ལོང་བ་ཡོད་པ་དང་། གླིང་སྒྲུང་དུའང་འཛམ་གླིང་སྤྱི་བསང་བྱ་བ་སོགས་མང་དུ་འབྱུང་བ་བཞིན་གྱིས་ངེས་སླ།

གསུམ་པ། བསང་གིས་སྤྱི་ཚོགས་ལ་ཐོན་པའི་ནུས་པ།

མི་གཙང་ཉེས་པའི་ཚོགས་ཀུན་སེལ་བ་དང་། དངོས་གྲུབ་སྩོལ་ཕྱིར་བསངས་ཀྱི་མཆོད་པ་འབུལ་ཞེས་བསམ་སྦྱོར་མི་ལེགས་པས་གནོད་པའི་ལས་གང་བགྱིས་པའི་སྒྲིབ་པ་དང་། ན་བ་སོགས་མི་འདོད་པའི་རྐྱེན་ངན་མཐའ་དག་ཞི་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བར་བསང་གི་མཆོད་པ་འབུལ་བ་འདི་དོན་དམ་པར་བསང་བྱེད་པ་དེ་མཆོད་ཡུལ་གྱི་ཆེད་དུ་མ་ཡིན་པར་བསང་གཏོང་མཁན་རང་ཉིད་ཀྱི་དམིགས་འབེན་དང་འདོད་དོན་འགྲུབ་པའི་ཆེད་དུ་ཡིན་ཏེ། དམངས་སྲོལ་རིག་པ་མཁས་པ་ཆེན་པོ་སྟོ་པིང་ཨེན་ ( 乌丙安 ) གྱིས་མི་རྣམས་ཀྱིས་ལྷ་འདྲེར་མཆོད་པ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་བགེགས་བར་ཆད་དང་ནད་གདོན་སོགས་ཞི་ནས་བསོད་ནམས་འཕེལ་བར་འདོད་པ་ལས་མ་འདས་ཞེས་པ་ལྟར་ང་ཚོའི་འཚོ་བའི་ཁྲོད་མི་རྣམས་ཀྱིས་ཆར་སློང་བ། སེར་བ་འགོག་པ། དགྲར་འཐབ་པ། ཚོང་བྱེད་པ། ན་ཚ་ཞི་བ། བླ་མ་དང་དགེ་འདུན་པ་སོགས་སྤྱན་འདྲེན་པ། སྟོན་མོ་དང་རྩེད་ར་ཚོགས་པ། མཇལ་སྐོར་དུ་འགྲོ་བ་སོགས་ལས་གང་བྱ་ཚེ་སྔོན་འགྲོ་ལ་བསང་ཕུད་དེ་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མར་སྐྱབས་བཅོལ་ནས་རང་གི་བྱ་བ་ཐམས་ཅད་བར་ཆད་མེད་ཅིང་བདེ་བླག་ཏུ་འགྲུབ་པར་གསོལ་མཆོད་བྱེད་པ། ཐ་ན་སློབ་མ་རྒྱུགས་ལེན་ཡང་བསང་མཆོད་བྱེད་པའི་རྣམ་པ་ཡོད། དེར་བརྟེན་བསང་ཕུད་པ་ནི་གཙང་མ་བྱེད་པའམ་ལྷ་མཆོད་ཀླུ་གསོལ་གྱི་ཆོ་ག་རྐྱང་རྐྱང་ཙམ་མ་ཡིན་པར་དུས་རྒྱུན་གྱི་འཚོ་བའི་ནང་དུ་བྱ་བ་ཐམས་ཅད་ཀྱི་སྔོན་དཔག་དང་སྐྱབས་བཅོལ་བྱེད་ས་ཤིན་ཏུ་གྱུར་ཡོད། བོད་བྱང་ཐང་གི་ས་ཁུལ་ཁ་ཤས་སུ་སྦྲ་ནང་ནས་བསང་ཕུད་དེ་བསང་དུད་ཀྱི་རྒྱུ་ཕྱོགས་ལ་བལྟས་ཏེ་ལོ་དེའི་ནང་གི་བྱ་བ་ཐམས་ཅད་སྔོན་དཔག་བྱེད་པའི་སྲོལ་ཡོད་ལ། མདོ་སྨད་ཀྱི་ཞིང་གྲོང་ཁ་ཤས་སུ་རུ་སྡེ་ཕན་ཚུལ་མདའ་རྩེད་བྱེད་སྐབས་གྲོ་ནས་སོགས་འབྲུ་རིགས་དང་། ར་མ་བྱ་ཕོ་སོགས་ཁྱིམ་གྱི་རྒྱུ་ཟོག་མང་པོ་བསང་ལ་དམར་མཆོད་དུ་ཕུད་སྲོལ་ཡོད། གཞན་ཚོ་བ་དང་རུ་སྡེ་ཁག་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་སྐབས་བསང་ཕུད་དེ་མནའ་སྐྱེལ་པའི་སྣང་ཚུལ་འདི་རིགས་ང་ཚོས་དུས་རྒྱུན་དུ་མཐོང་ཐུབ་པ་ནི། ང་ཚོའི་མཆོད་སྦྱིན་ནི་སྟོན་མོ་བཤམས་པ་དང་རྔན་པ་སྟེར་དང་ཅུང་འདྲ་པོ་ཡོད་ཅེས་དང་། ཡང་དམངས་ཁྲོད་ཀྱི་དད་མོས་ཁྲོད་རྒྱུ་མཚན་ཅི་ཡང་མེད་པ། མཁོ་བ་ཅི་ཡང་མེད་པའི་མཆོད་སྦྱིན་བྱེད་པ་གཏན་ནས་མེད་དེ། ཁོ་ཚོས་མཆོད་སྦྱིན་བྱ་བ་དེ་དངོས་པོའི་འཚོ་བའམ་ཡང་ན་བསམ་བློའི་འཚོ་བའི་སྟེང་དགོས་མཁོ་སྣ་ཚོགས་ཤིག་ཡོད་ངེས་ཞེས་པས་ཧ་ཅང་གསལ།།  །། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1