2019ལོའི་ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོའི་དུས་ཚོད3སྟེང་། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་དང་མདོ་འཛིན་པ་ལྷ་རྒྱལ་བཀྲ་ཤིས་ཀྱི་དཔེ་ཚོགས《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》ཞེས་པའི་འགྲེམ་སྤེལ་ཚོགས་འདུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚོམས་ཆེན་དུ་ཚོགས།
འགྲེམ་སྤེལ་ཚོགས་འདུའི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཐའེ་ཀྲང་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་ལིས་ཧྥུ་ཁྲིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་པ་གཞོན་པ།ཕྱི་རྒྱལ་བོད་མི་སྤུན་ཟླའི་གཞུང་སྒྲུབ་ཁང་གི་ཁྲུའུ་ཀྲང་རྒྱལ་ལོ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཞིག་ལན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་སྒྲུབ་ཁང་གི་ཁྲུའུ་ཀྲང་པད་མ་ལྷུན་གྲུབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་བསོད་བློ་བཅས་མགོ་ཁྲིད་བློ་མཐུན་དང་། ཆེད་མཁས་པ། སྨྱན་བྱད་སོ་སོའི་གསར་འགོད་པ་དང་ཁོང་གི་ལས་གྲོགས་སོགས་མི་བརྒྱ་ལྷག་དཔེ་ཚོགས་འགྲེམ་སྤེལ་ཚོགས་འདུར་ཞུགས།
《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》ཞེས་པའི་དེབ་ཕྲེང་འདི་ལ་མཚོ་སྔོན་རླུང་བརྙན་འཕྲིན་ཁང་གི་ཐའེ་ཀྲང་ཀྲིག་ཞན་ཨེན་ལགས་ཀྱིས་གླེང་བརྗོད་བྲིས་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བའི་བོད་ཀྱི་གསར་འགྱུར་དཔེ་ཚོགས་ཐོག་མ་སྟེ། གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས་ནི་ཏང་གི་གསར་འགྱུར་བྱ་བ་སྒྲུབ་མཁན་གཞན་དག་དང་འདྲ་བར་དུས་རབས་ཀྱི་མདུན་དུ་འགྲེང་སྟེ། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ལ་ཁུར་ཏེ་ཏང་གི་སྲིད་ཇུས་དང་མི་དམངས་ཀྱི་རེ་འདུན་སྣ་ཚོགས་དུས་ཐོག་རང་བཞིན་དང་དོན་དངོས་རང་བཞིན་གྱི་ལམ་ནས་རྒྱ་ཆེའི་ཉན་མཁན་ཁྲི་སྟོང་གི་སྙན་ལམ་དུ་སྒྲོན་པ་དང་། ཐེངས་འདིར་པར་སྐྲུན་གནང་བའི《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》ཞེས་པའི་དཔེ་ཚོགས་འདི་བོད་སྐད་རླུང་འཕྲིན་གྱི་ལོ་རྒྱུས་སྟེང་མདོ་འཛིན་པ་མི་སྒེར་གྱི་བཅར་འདྲི་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་ཐོག་མ་སྟེ། ནང་དོན་ཡང་བོད་ཀྱི་ལོ་རྒྱུས་རིག་གནས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། སློབ་གསོ་དང་དམངས་ཀྱི་འཚོ་བ། ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་འགྲེལ་བརྗོད། བོད་ལུགས་གསོ་བ་རིག་པ། ས་གནས་དམངས་སྲོལ་རིག་གནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་བོད་ཀྱི་སྤྱི་ཚོགས་ལས་སྣེ་མང་པོར་འབྲེལ་ཡོད།
མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་པ་ཆོས་ཕྱུག་རྒྱལ་གྱིས་དཔེ་ཚོགས་གླེང་བརྗོད་ལས། 《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》ཞེས་པའི་དཔེ་ཚོགས་འདི་དུས་རབས་ཀྱི་མདུན་དུ་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པའམ་མདོ་འཛིན་པ་ཞིག་གིས་རང་འགན་དང་དུ་བླངས་པའི་མཚོན་རྟགས་ཤིག་དང་། བོད་པའི་གསར་འགྱུར་གྱི་ལས་དོན་གཉེར་མཁན་ཞིག་གིས་བོད་ཀྱི་སྤྱི་ཚོགས་ཡོངས་ལ་ཕུལ་བའི་ལེགས་སྐྱེས་བཟང་པོ་ཞིག་ཡིན་ཟེར།
རྨ་ལྷོ་ཁུལ་རིག་གནས་ཅུའི་ཤུལ་བཞག་རིག་གནས་རྒྱུད་འཛིན་ལས་སྒྲུབ་ཀྱི་འགན་འཛིན་པ་ཚེ་དབང་རྡོ་རྗེ་ཡིས་བཤད་རྒྱུར། སྐུ་ཞབས་ལྷ་རྒྱལ་བཀྲ་ཤིས་ཀྱིས་ལོ་ངོ་དུ་མའི་རིང་ལ་བོད་ས་གནས་སྤྱིའི་རིག་གནས་སློབ་གསོ་དང་སྤྱི་ཚོགས་ལ་ཁ་གཏད་དེ་རླུང་འཕྲིན་ལེ་ཚན་མང་པོ་སྒྲུབ་པ་དང་། སྒོས་སུ་ངེད་རྨ་ལྷོ་ཁུལ་གྱི་ལྷ་རིས་སྒྱུ་རྩལ་དང་རེབ་གོང་རིག་གནས་སྒྱུ་རྩལ་དྲིལ་བསྒྲགས་བླ་ལྷག་བགྱིས་པ་ལ་སྙིང་ནས་བཀའ་དྲིན་ཞུ་ཟེར།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཟུངས་འབུམ་ཐར་གྱིས་བཤད་རྒྱུར། དཔེ་ཚོགས་འདི་ནི་བོད་ཀྱི་གསར་འགྱུར་ལས་རིགས་ཁྲོད་ཀྱི་དཔེ་ཚོགས་ཐོག་མ་ཡིན་ལ། ཁོ་ལ་གསར་འགྱུར་གྱི་མིག་ཤེས་རྣོ་ལ་གླེང་གཞི་རྒྱ་ཆེ་བ། བརྗོད་དོན་གཏིང་ཟབ་པས་ལས་རིགས་སོ་སོར་ཕྱོགས་སྟོན་གྱི་ནུས་པ་ལྡན་ཟེར།
གཅན་བཀྲ་བྷོས་བཤད་རྒྱུར། ལྷ་རྒྱལ་བཀྲ་ཤིས་ནི་གསར་འགྱུར་ལས་དོན་ལ་སྤྲོ་སེམས་ཆེ་བའི་མི་བུ་འཇོན་ནུས་ལྡན་པ་ཞིག་ཡིན་པར་མ་ཟད། བློ་སྤོབས་ཆེ་ལ་གསར་གཏོད་ཀྱི་བློ་ཁ་མྱུར་བ་ཞིག་ཀྱང་ཡིན། ཁོས་ཇུས་འགོད་བྱས་པའི་ལེ་ཚན་རྣམས་སྒྲིག་གཞི་ཚགས་དམ་ཞིང་བརྗོད་གཞིའི་གླེང་ཕྱོགས་གསལ་བ། དམངས་སེམས་དང་མཐུན་པར་མ་ཟད། རྗོད་བྱེད་ཚིག་ལ་གཏན་ཚིགས་ལྡན་པ་ཞིག་ཡིན་པས། ཁོའི་ལེ་ཚན་ལ་རྒྱ་ཆེའི་ཉན་མཁན་མང་པོས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། བཅར་འདྲིའི་དེབ་ཕྲེང་འདིར་མཚོན་ན་དྲི་གཞི་རྣོ་དབལ་ལྡན་པ་དང་། དྲིས་ལན་གནད་དུ་ཁེལ་བ། སྐུ་མགྲོན་གྱི་ཚད་མཐོ་བ། ཕྱོགས་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པ། བསམ་གཞིག་དང་འབོད་སྐུལ་གྱི་རིན་ཐང་ཡོད་པ། ཤེས་བྱ་དང་སློབ་སྦྱོང་གི་དཔྱད་གཞིའི་བསླབ་དེབ་ཅིག་ཏུ་ངོས་བཟུང་བྱས་ཀྱང་ཆོག་ཟེར།
འབུམ་རམས་པ་ཡུལ་ལྷ་ཐར་གྱིས་བཤད་རྒྱུར། དཔེ་ཚོགས་འདི་ནི་རླུང་འཕྲིན་ལས་རིགས་ཁྲོད་དུ་བྱུང་བའི་སྒྲ་ལྡན་གསར་འགྱུར་ཡིག་ཐོག་གསར་འགྱུར་དུ་སྒྱུར་བའི་དཔེ་ཚོགས་ཐོག་མ་ཡིན་ལ། ཁོ་ནི་གསར་འགྱུར་ལས་རིགས་ལ་དུང་བ་ཟབ་ཅིང་དགའ་ཞེན་ཆེ་བ། བཅར་དྲིའི་བློ་མིག་རྣོ་ཞིང་ཐབས་ལ་མཁས་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལྡན་ཞིང་ཕུགས་འདུན་གྱི་མིག་རྒྱང་རིང་བ། གཞན་ཐུན་མོང་མ་ཡིན་པའི་གནད་ཁེལ་བློ་འགུགས་ཀྱི་དྲི་བ་རྣོན་པོ་ཞིག་ཡོད་པས་ངས་ཁོའི་བརྩམས་ཆོས་པོད་བརྒྱད་ཅན་འགྲེམ་སྤེལ་ཐུབ་པར་རྟེན་འབྲེལ་ཞུ་ཞེས་བཤད།
མཐར་དེ་རིང་གི་འགྲེམ་སྤེལ་མཛད་སྒོའི་སྟེང་ཕེབས་པའི་མགོ་ཁྲིད་བློ་མཐུན་དང་ཆེད་མཁས་པ། རྩོམ་སྒྲིག་པ། ལས་གྲོགས།གསར་འགོད་པ་བཅས་སྐུ་མགྲོན་ཡོངས་ཀྱིས་ཁོང་གི་མི་ལོ་དུ་མའི་དཀའ་སྤྱད་ཀྱི་རྔུལ་ཁྲག་ལས་ཐོན་པའི་གྲུབ་འབྲས་ལ་ཡིད་སྨོན་དང་གདེང་འཇོག་ཚད་མེད་གནང་།