ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་23ཉིན་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ཏེ། “རླབས་ཆེའི་ལོ་རྒྱུས་བྱུང་རིམ། འོད་སྟོང་འཕྲོ་བའི་གྲུབ་འབྲས——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེ་མོར”གཟིགས་སྐོར་གནང་བ་རེད། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་རང་རེའི་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་ཉེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། ལོ་རྒྱུས་དེབ་ཐེར་དུ་རྣམ་པར་བཀྲ་བའི་མི་ཡུལ་གྱི་ངོ་མཚར་བྱས་རྗེས་རབ་དང་རིམ་པ་བཞག་པས། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་ཕྱུག་འགྱུར་ནས་སྟོབས་ཆེན་བར་གྱི་མཆོང་སྐྱོད་རླབས་ཆེན་བསུ་ཐུབ་ཡོད། ལོ་ངོ་70ཡི་རིང་རང་རྒྱལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ལས། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་ཀྲུང་གོའི་འགོ་ཁྲིད་བྱེད་མི་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ། སྒྱུར་བཅོས་སྒོ་དབྱེ་བྱས་ན་མ་གཏོགས་ཀྲུང་གོ་དང་། སྤྱི་ཚོགས་རིང་ལུགས། མར་ཁེ་སི་རིང་ལུགས་བཅས་འཕེལ་རྒྱས་མི་ཡོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱིས་མ་གཏོགས་ཀྲུང་གོ་འདི་ཉིད་དར་རྒྱས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་མི་ཐུབ་པ་བཅས་ར་གང་ལེགས་འཕྲོད་ཡོད། ལོ་ངོ་70ཡི་རྗེས་སླར་ཡང་ཐོན་འགོ་ཚུགས་ཡོད་པས། ཀྲུང་གོ་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་བྱུང་རིམ་དང་། སེམས་འགུལ་ཆེན་པོ་ཐེབས་སྲིད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས། ཤིན་ཏུ་རྩ་ཆེ་བའི་ཉམས་མྱོང་བློ་འབྱེད་བཅས་འགྲེམས་སྟོན་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། རྡོག་རྩ་གཅིག་སྒྲིལ་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་འགྲུབ་པ་བཅས་ཀྱི་ཆེད་དུ་འབད་འབུངས་ལྷོད་མེད་བྱ་རྒྱུའི་སྐུལ་ལྕག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་10ཙམ་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་དེར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་འབྱེད་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བརྗོད་དོན་གཙོ་བོར་བྱས་པ་དང་། ལོ་རིམ་གྱི་ལོ་རྒྱུས་སྒྲིག་ལུགས་གཙོ་བོར་བྱས་པ། ཁག་5ལ་ཕྱེ་ནས་ཇུས་འགོད་བྱས་ཡོད་པ་དང་སྦྲགས། སྐབས་རིམ་བྱུང་གི་ཏང་གི་འཐུས་མི་ཚོགས་ཆེན་དང་། ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་གལ་ཆེན། ལོ་ལྔ་ཚན་གྱི་འཆར་འགོད(འཆར་གཞི)སོགས་ཀྱིས་བར་བརྒལ་དུས་མཚམས་གཙོ་བོར་བྱས་པ། “ཀྲུང་གོ་གསར་པའི་ཨང་དང་པོ”150བདམས་ནས་འགྲེམས་སྟོན་བྱས་པ། ལོ་བཅུ་རེའི་མཚམས་སུ་དཔའ་བོ་དཔེ་བཟང་མི་སྣའི་འགྲེམས་གྱང་བཀོད་སྒྲིག་བྱས་ནས། སྒྲ་འོད་གློག་སོགས་བརྒྱུད་ལམ་སྣེ་མང་གང་ལེགས་སྤྱད་དེ། ཕྱོགས་ཡོངས་དང་ཁྱོན་ཡོངས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་འབད་འབུངས་ཆེར་བསྐྱེད་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་མངོན་འགྱུར་བྱས་པའི་རླབས་ཆེན་གྱི་མཆོང་སྐྱོད་མངོན་པར་བྱས་པ་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བྱ་བ་ཆེན་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གསལ་པོར་མངོན་པར་བྱས་ཏེ། ལོ་ངོ་70ཡི་རིང་ཀྲུང་གོ་གསར་པར་འཕོ་འགྱུར་ཤིན་ཏུ་ཆེན་པོ་བྱུང་བའི་གནས་ལུགས་ཟབ་མོ་ལེགས་པར་བསྟན་ཡོད།