རྒྱལ་དབང་ལྔ་པ་ཆེན་མོའི་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དང་དེས་ཁོང་གི་སྲིད་སྐྱོང་ལ་ཐོན་པའི་ནུས་པའི་སྐོར་རོབ་ཙམ་གླེང་བ།

དབང་ཆེན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


[གནད་བཏུས] འདིར་རྒྱལ་དབང་ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། ཉིད་ཀྱི་དགོངས་པ་འདྲེས་པའི་ལུང་ཁུངས་གཙོར་བྱས། སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་ཆོས་སྲིད་ཀྱི་ཁ་ཕྱོགས་ལ་དཔྱད་པ་སྒོས་ཁོང་གི་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དང་། དེས་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ལ་ཐོན་པའི་ནུས་པའི་སྐོར་ལ་དཔྱད་པ་རགས་ཙམ་བཏང་ཡོད།

[གནད་ཚིག] རྒྱལ་དབང་ལྔ་པ། གྲུབ་མཐའ་རིས་མེད། སྲིད་སྐྱོང་།

   རྒྱལ་དབང་ལྔ་པ་མཆོག་གིས་དུས་རབས་བཅུ་བདུན་པའི་གྲུབ་མཐའི་ཆགས་སྡང་དང་། མངའ་སྡེ་འཕྲོག་རེས་ཀྱི་རྙོག་འཛིང་གི་གནས་བབ་ཁྲོད་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་དང་། རིག་གནས་དང་དཔལ་འབྱོར་གྱི་སྒྲིག་གཞི་སོགས་ཕྱོགས་གང་ཐད་ལ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། དེར་བརྟེན་ཁོང་གི་བླ་མེད་ཀྱི་མཛད་པ་ལ་ཞིབ་འཇུག་བྱེད་མཁན་ཡང་མི་ཉུང་བ་བྱུང་དང་འབྱུང་མུས་སུ་མཆིས། འདིར་ཁོ་བོས་མདའ་དང་འཕང་ལས།“བོད་དུ་རྫོགས་ཆེན་གྱི་གཞུང་ལ་མངའ་བརྙེས་ཤིང་རིས་མེད་གྲུབ་མཐའ་འཛིན་པའི་སྐྱེ་བོ་དམ་པ་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་ནི། དཔེར་ན། ཀློང་ཆེན་རབ་འབྱམས་པ་དང་རྡོ་རྗེ་གླིང་བ་བཅས་དང་། དུས་རབས་བཅུ་བདུན་པའི་ནང་བྱོན་པའི་དགེ་ལུགས་པའི་མཁས་བཙུན་དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས”①ཞེས་དང་། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས“གྲུབ་མཐའ་རིས་མེད་གནང་སྟེ་རིག་གནས་སྤེལ་ཚུལ་ནི”②ཞེས་སོགས་མཁས་པའི་གཏམ་ལ་རྨང་གཞི་དང་། རང་རྣམ་དུ་ཀཱུ་ལའི་གོས་བཟང་གི་ལུང་གཙོར་མཛད། སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལ་དཔྱད་པ་སྒོས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དང་། དེས་ཁོང་གི་སྲིད་སྐྱོང་ལ་ཐོན་པའི་ནུས་པའི་སྐོར་ལ་དཔྱད་པ་རགས་ཙམ་གཏང་རྒྱུ་ཡིན།

དང་པོ། རྒྱལ་དབང་ལྔ་པ་ཆེན་མོའི་གྲུབ་མཐའ་རིས་མེད་ཀྱི་ལྟ་བའི་སྐོར།

  དེ་ཡང་ཁོར་ཡུག་གིས་མི་བསྐྲུན་པའི་ཤོད་སྲོལ་ལྟར། མི་ཞིག་གི་འཚར་ལོངས་དང་འདུ་ཤེས་ལ་སྤྱི་ཚོགས་ཀྱི་གནས་བབ་དང་ཁོར་ཡུག་གིས་ཤུགས་རྐྱེན་ངེས་ཅན་ཐེབས་པ་ནི་སྨོས་མེད་རེད། དེ་བས་རྒྱལ་དབང་ཁོང་ལ་ཡང་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དེ་འདྲ་ཞིག་ཆགས་དགོས་ན། སྐབས་དེའི་རྙོག་འཛིང་གི་གནས་བབ་དང་ནར་སོན་པའི་བརྒྱུད་རིམ་ལ་རྒྱུས་ལོན་བྱ་རྒྱུ་ནི་ཀུན་གྱི་གཞི་མ་རུ་ངེས་པས། དེའི་སྐོར་རགས་ཙམ་བཤད་ན། དུས་རབས་བཅུ་བདུན་པ་ནི་ཆོས་ལུགས་གྲུབ་མཐའ་ཁག་གི་དབང་སྒྱུར་གྲལ་རིམ་བར་སྲིད་དབང་དང་མངའ་སྡེ་འཕྲོག་རེས་ཀྱིས་བོད་དབུས་གཙང་ཡོངས་སུ་ཟིང་འཁྲུག་དང་སྡེ་གཟར་རབ་དང་རིམ་པ་ལངས་པའི་དུས་སྐབས་ཤིག་ཡིན་ལ། དུས་འདིའི་སྟོད་ཙམ་ལ་ཀརྨ་ཕུན་ཚོགས་རྣམ་རྒྱལ། ཀརྨ་བསྟན་སྲུང་དབང་པོ། ཀརྨ་བསྟན་སྐྱོང་དབང་པོ་ཕ་བུ་བཅས་ཀྱིས་རིན་སྤུངས་པའི་སྲིད་དབང་དེ་མགོ་རྟིང་སློག་པར་བྱས་ནས། དབུས་གཙང་ཡོངས་སུ་མངའ་བསྒྱུར་བའི་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་དེ་གསར་དུ་བཙུགས། གོ་རིམ་དེའི་ཁྲོད་ཆོས་ལུགས་གྲུབ་མཐའ་ཁག་ཀྱང་རང་གི་ཁེ་དབང་དང་ལྷ་སྡེ་རྩོད་རེས་ཀྱིས་མ་འཆམ་པར་མཐར་རང་རང་ལ་སྲིད་སྐྱོང་གི་རྒྱབ་རྟེན་རེ་བཙལ་ནས་འགལ་འདུའི་གནས་བབ་ཛ་དྲག་ཏུ་གྱུར། གོ་སྐབས་དེ་དང་བསྟུན་ནས་ཕྱིའི་བཙན་འཛུལ་གྱི་འདྲེ་ལག་ཀྱང་བོད་དུ་བརྐྱང་བཞིན་ཡོད། མདོར་ན། སྐབས་དེ་ནི་གྲུབ་མཐའི་ཆགས་སྡང་དང་ཕྱོགས་ཞེན་གྱིས་བོད་ཀྱི་སྲིད་དབང་འཕྲོག་རྩོད་ཀྱི་འགལ་འདུའི་ཀློང་ན་གནས་འདུག་ལ། རྒྱལ་དབང་ལྔ་པ་ཁོང་ཡང་འདི་ལྟ་བུའི་ཛ་དྲག་གི་དུས་སྐབས་ཤིག་ཏུ་སྐུ་འཁྲུངས་སོ། ། འདིའི་རྗེས་ནས་ཀྱང་ཡ་ང་བའི་དོན་རྐྱེན་རབ་དང་རིམ་པ་བྱུང་འདུག་སྟེ། དཔེར་ན། རིན་སྤུངས་དམེ་ཁྲག་དང་། བྱི་གླང་སྡེ་གཟར། ཀརྨ་བཀའ་བརྒྱུད་པས་དགེ་ལུགས་པར་འཚེ་བ་བྱས་ཏེ། ཐ་ན་ཡང་སྲིད་བཙལ་མི་ཆོག་པའི་སྦྱོར་བ་ངན་པ་སོགས་རྩོམ་བཞིན་མཆིས། འདིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ལ། མི་དམངས་ཀྱི་ཞི་བདེའི་འཚོ་བའི་ལྷིང་འཇགས་ཀྱང་རྩ་བ་ནས་དཀྲོགས་ཡོད། རྒྱལ་དབང་ལྔ་པ་ཁོང་ཡང་འདི་ལྟ་བུའི་རྙོག་འཛིང་གི་སྤྱི་ཚོགས་ཤིག་ཏུ་ནར་སོན་པ་ཡིན་པས། འདི་ལྟ་བུའི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལའང་འགལ་བའི་དོན་རྐྱེན་དག་ལ་ཧ་ཅང་ཡིད་སུན་པའི་སྣང་བ་ཡོད་དེ། རྒྱལ་དབང་ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ“སྤྱིར་འཕྱོངས་རྒྱས་པར་མེ་ཏོག་ཕོག་པའི་ལྷ་སྐལ་ནི་གསང་སྔགས་རྙིང་མ། གནས་སྐབས་སུ་བཀའ་དྲིན་ཆེ་བ་ནི་གདན་རབས་བཀའ་བརྒྱུད། སྤྱན་སྔ་ཞྭ་དམར་བ། རི་བོ་དགའ་ལྡན་པ་གསུམ་ཡིན་པས་ཀར་འབྲུག་གི་དགོས་དོན་ཆེར་མེད་ཀྱང”③ཞེས་གསུངས་པ་དེའི་ཤུགས་ལས་ཀྱང་རྒྱལ་དབང་ལྔ་པ་ཁོང་ཡང་སྐབས་དེའི་རྙོག་དྲ་ཡི་སྤྱི་ཚོགས་ལ་ཡིད་མ་འཐད་པའི་རྣམ་པ་མཚོན་ཐུབ། དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་ཡ་ང་བའི་གྲུབ་མཐའི་རྩོད་ཉོག་གིས་བསྐྲུན་པ་ཡིན་པས། འདི་ནི་ཁོང་ལ་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ཆགས་པའི་རྒྱུ་རྐྱེན་འགངས་ཆེན་ཡིན་དགོས་པ་ནི་སྨོས་མེད་རེད། གཞན་ཡང་ཁོང་གིས་སྤྱི་ལོ༡༦༤༡ལོར་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་མོད། གོང་གི་དེ་འདྲའི་འགལ་འདུའི་ཁྲོད་བསྡད་ན་ནི་སྲིད་དབང་དེ་མི་འགྱུར་རྟག་བརྟན་གྱི་ཆོས་ཉིད་ཅིག་ག་ལ་ཡིན། ཁོང་གི་སྲིད་དབང་དེ་གངས་རིའི་ལྗོངས་སུ་ཡུན་རིང་བརྟན་དགོས་ན། གོང་གི་གནད་དོན་དེ་དག་ཐག་གཅོད་པ་ནི་ཆེས་ཐོག་མའི་འོས་འགན་དུ་མཆིས་པས། དེ་ཡང་གྲུབ་མཐའ་རིས་མེད་ཀྱི་ལུགས་འདི་སྤེལ་བར་ཐད་ཀར་རག་ལས་ཤིང་།གཤམ་གྱི་ཕྱོགས་འདི་དག་ནི་ཁོང་གི་གྲུབ་མཐའ་རིས་མེད་ཀྱི་ལྟ་བའི་རྨང་ངམ་རྒྱུ་རྐྱེན་གཙོ་བོ་ཡིན།

༡.རིས་མེད་གྲུབ་མཐའི་ལྟ་བར་བློ་སྦྱངས་པས་རྩ་བའི་གནད་ཟིན་པ།

  ཀུན་གྱིས་མཁྱེན་གསལ་ལྟར། རྒྱལ་དབང་ལྔ་པ་ཁོང་ནི་གྲུབ་མཐའ་གཅིག་མ་ཡིན་པར་གྲུབ་མཐའ་མང་པོར་རྒྱུས་མངའ་ཡོད་པ་ཞིག་ཡིན། དེའང་ཉིད་ཀྱིས་གསུངས་པ་ནང་བཞིན་ཁོང་གི་སྐྱེས་ཡུལ་ནི་འཕྱོངས་རྒྱས་ཡིན་ཞིང་། ཡུལ་དེ་ལ་ཕོག་པའི་མེ་ཏོག་གི་ལྷ་སྐལ་ནི་གསང་སྔགས་རྙིང་མ་ཡིན་ལ། བྱིས་དུས་ཀྱི་སློབ་གསོ་ཡང་གནས་འདི་ནས་མྱངས་པ་རེད། རྗེས་སུ་རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་བཟུང་བ་ནས་དགེ་ལུགས་པའི་བསྟན་པའི་བདག་པོ་རུ་གྱུར་ཅིང་སྔ་རྗེས་སུ་སློབ་གསོ་རིགས་མི་འདྲ་བ་གཉིས་མྱངས། རིམ་བཞིན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བསྟན། ཟུར་ཆེན་ཆོས་དབྱིངས་རང་གྲོལ་སོགས་སྐྱེས་ཆེན་མང་པོའི་ཞབས་ལ་གཏུགས་ནས་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་གསར་རྙིང་གི་ཆོས་སྐོར། སྒྲ་སྙན་སྨན་རྩིས་སོགས་ལ་གསན་བསམ་མཐའ་ཡས་མཛད། དཔེ་ཀློག་གི་ཁྲོད་དུ་ཡང་ལུགས་མི་གཅིག་པའི་གྲུབ་མཐའི་ལྟ་བ་དང་། གྲུབ་མཐའ་མི་གཅིག་པའི་སྐྱེས་ཆེན་དག་གི་བརྩམས་ཆོས། སྐྱེས་རབས་རྣམ་ཐར་སོགས་གང་མང་ལ་ཐུགས་མཉམ་བཞག་ཡོད་དེ། ཁོང་གི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ“འཇིག་རྟེན་བྱ་བཞག་གི་གནས་ཚུལ་གཞན་ལས་མཚན་ཉིད་པ་སྔགས་བོན་གྱི་སྤྱོད་ཚུལ་དང་ལྷ་འདྲེའི་ལོ་རྒྱུས་འདྲ་བ་ལ་ཉན་པར་སྤྲོ་ཞིང་ཁྱད་པར་ཛོ་གི་སོགས་རྒྱ་གར་གྱི་སྐད་ཆ་ལ་དགའ་བ་ཞིག་ཡོད་པས”④ཞེས་དང“ཞག་ལྔ་དྲུག་ནས་དགེ་སློང་དང་ལྷན་དུ་རབ་གསལ་དུ་བཏོན་ནས་བསྡད་པདྨ་བཀའ་ཐང་མི་ལའི་རྣམ་མགུར་སོགས་མང་པོ་ཀློག”⑤ཅེས་དང་། གཞན་ཡང་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ནས་བཀའ་གདམས་ཆོས་འབྱུང་གི་ལུང་ཞུས་པ་དང་། འཁོན་སྟོན་དཔལ་འབྱོར་གྱི་དྲུང་ནས་རིག་འཛིན་རཏྣ་གླིང་པའི་ཀློང་གསལ་གྱི་དབང་ལུང་ཞུས་པ། ཟུར་ཆེན་ཆོས་དབྱིངས་ཀྱི་དྲུང་ནས་གསང་སྔགས་གསར་རྙིང་གི་ཟབ་ཆོས་གསན་པ་སོགས་ཕྱོགས་མང་པོ་ནས་ཁོང་གིས་གྲུབ་མཐའ་གཅིག་མ་ཡིན་པར་ཕྱོགས་མང་པོའི་ཤེས་བྱ་རྒྱུད་ལ་བླངས་ཡོད་པ་རྟོགས་ཐུབ། དེ་བས་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་། ། གཡག་ཞར་རྩྭ་གཟན་འདི་རེ་སྡུག ། གྲུབ་མཐའི་གསང་དོན་མ་རྟོགས་པར། ། སྐུར་བ་འདེབས་པ་འདི་རེ་སྡུག། ། ཅེས་གསུངས་པ་བཞིན། ལུགས་མི་འདྲ་བའི་ཟབ་དོན་ཧ་མ་གོ་བར་སྐུར་བའི་ལས་ལ་གཞོལ་བའི་ཅོལ་ཆུང་གི་ལས་སྒྲུབ་མི་འདུག་སྟེ། ཡང་ཁོང་གི་རང་རྣམ་ལས“དབང་རྗེས་གནང་གི་ཕྱག་ལེན་ཁྲིད་ཀྱི་སྐྱོང་ལུགས་མན་ངག་གང་ཞུས་ཀྱང་སླ་ཆོས་མི་མཛད་པར་སོ་སོའི་ལུགས་ལྟར་འཆད། གྲུབ་མཐའ་གང་གི་ཆོས་ཀྱི་གླེང་མོལ་བྱུང་ཡང་འདི་རང་ལ་མཁས་པ་འདུག་སྙམ་པ་འོང”⑥ཞེས་པ་འདིས་ཀྱང་ཁོང་ཉིད་ཀྱི་མཁྱེན་པའི་སྟོབས་མཐོང་ཐུབ་ལ། འདི་ཡང་ཁོང་གི་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་མཛད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་ངེས།

༢.འགྲོ་མགོན་སོགས་སྔོན་བྱོན་རིས་མེད་སྐྱེ་བོའི་ཉམས་མྱོང་གིས་རྒྱུད་བརླན་པ།

  འགྲོ་མགོན་འཕགས་པ་ནི་ཆོས་སྲིད་ལུགས་གཉིས་ཀྱི་མཁྱེན་རྒྱ་ཡངས་ཤིང་ཐབས་མཁས་ཐུགས་རྗེ་ལྡན་པའི་སྐྱེས་བུ་ཆེན་པོའི་མཚན་ཉིད་ལྡན་པ་ཞིག་ཡིན་ལ། གྲུབ་མཐའ་རིས་མེད་ཀྱིས་སྲིད་འཛིན་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཀྱང་ཡིན། སེ་ཆེན་རྒྱལ་པོས་བོད་ཐམས་ཅད་ས་སྐྱ་པའི་ཆོས་ལུགས་ལས་གཞན་ལ་དད་མི་ཆོག་པའི་བཀའ་ལུང་བསྒྲགས་པར། བླ་མ་འཕགས་པས་དེ་ལྟར་བྱས་ན་ཧོར་རྒྱལ་པོའི་དབང་ཐང་དང་བོད་ཡོངས་ལ་མི་བདེ་བ་འབྱུང་བ་དང། ཆོས་ཐམས་ཅད་ངོ་བོ་གཅིག་ཡིན་པས་རང་རང་གི་ཆོས་ལུགས་བཞིན་སྤྱོད་དུ་འཇུག་པ་ལེགས་ཚུལ་ཞུས་པ་ཞལ་བཞེས་མཛད་པར་གྲགས། དེའི་དྲིན་གྱིས་བོད་དུ་གནས་པའི་གྲུབ་མཐའ་ཐམས་ཅད་རང་འཇགས་ངང་གནས་ཤིང་གྲུབ་མཐའ་སོ་སོའི་བསྟན་འཛིན་གྱི་སྐྱེ་བོ་དག་གིས་ཁས་ལེན་ཐོབ། བླ་མེད་ཀྱི་མཛད་པ་འདིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བྱ་བཞག་ལ་དངོས་ཤུགས་གང་རུང་ནས་ཁྱད་ནུས་ཐོན་ཡོད་དེ། སྐབས་དེའི་བོད་ཀྱི་ཆོས་སྲིད་གང་ཡིན་རུང་དོན་ལྡན་གྱི་ཤུགས་ཡོད་པ་ནི་ཆོས་ལུགས་པའི་སྡེ་ཡིན་ལ། སྡེ་དེ་དག་གི་དབང་ཆེན་ཡང་གཙོ་བོ་བསྟན་པའི་བདག་པོར་གྱུར་པའི་མཐོ་རིམ་མི་སྣ་ཡིན་པས། འདི་དག་གི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པ་ཡིན་ན་སྲིད་གཅིག་ཏུ་འགྲིལ་བར་དགེ་མཚན་བླ་ན་མ་མཆིས་པ་ཡོད། རྒྱལ་དབང་ལྔ་པ་ཁོང་ཡང་བོད་ཀྱི་སྲིད་འཛིན་པ་ཞིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་གལ་ཆེའི་གནད་དོན་འདི་དག་ལ་ཞིབ་འདང་རྒྱག་དགོས་པ་ནི་ཀུན་གྱི་གཞི་མ་ཡིན་ལ། འགྲོ་མགོན་འཕགས་པ་ལྟ་བུའི་སྲིད་འཛིན་མཁས་པའི་མཛད་པ་ལ་ཐུགས་མཉམ་ཡང་བཞག་ཡོད། ཁོང་གི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ “བདག་ལ་གཞིགས་ནས་ཁྱེད་བླ་མ་འཕགས་པ་འདྲ་བ་ཞིག་ཡོང་དགོས་ཀྱི་དེ་འདྲ་ཞིག་ག་ནས་ཡོང་གསུང་བར་ཕེབས་ལན་དུ་འགྲོ་མགོན་འཕགས་པ་ལས་རྒྱ་མི་ཆུང་ཙམ་ཡོད་ཅེས་སྒྲོ་ཞྭ་ཞུས་པས་བཞད་མོ་གནང་གིན་འདུག”⑦ཅེས་དང“ཉིན་གཅིག་འགྲོ་མགོན་འཕགས་པའི་རྣམ་ཐར་ལོ་རྒྱུས་ལས་འཕྲོས་ནས་ཞབས་དྲུང་རིན་པོ་ཆེ་རྒྱ་ནག་གི་བླ་མཆོད་ལ་ཕེབས་དགོས་པ་ཡོང་། ཞལ་ངོ་ལ་བོད་ཀྱི་དཔོན་པོ་མཛད་པའི་ལས་འཕྲོ་འདུག་གནང་བ་དེ་སྐབས་ནི་ཀུ་རེའོ། །”⑧སོགས་ཚིག་གི་སྣ་སྣེ་མོ་ནས་ཆུང་དུས་ནས་སྲིད་འཛིན་ལ་རེ་བའི་དམིགས་པ་མཐོང་ཐུབ་ལ། འགྲོ་མགོན་འཕགས་པ་སོགས་སྲིད་འཛིན་མི་སྣའི་ཉམས་མྱོང་ལ་ཐུགས་མཉམ་འཇོག་བཞིན་པའང་རྟོགས་ཐུབ། རྒྱལ་དབང་ཁོང་གིས་བོད་ཀྱི་ཆོས་སྲིད་ལ་དབང་སྒྱུར་སྐབས་སྔོན་གྱི་སྲིད་དབང་ལས་འགྱུར་ལྡོག་ཅུང་བྱུང་ཡོད་ཀྱང་། སྐབས་དེའི་གཞི་རྩའི་རྣམ་པ་སྟེ། ཆོས་ལུགས་མི་སྣས་སྲིད་ལ་དབང་བསྒྱུར་བའི་རྣམ་པ་འགྱུར་མེད། སྲིད་ཀྱི་འགྱུར་ལྡོག་གི་ཁ་ཕྱོགས་ཀྱང་གཙོ་བོ་ཆོས་ལུགས་གྲུབ་མཐའ་ཁག་གི་ཆེས་མཐོའི་བསྟན་འཛིན་དག་གི་ལག་ན་ཡོད་པས། འགྲོ་མགོན་འཕགས་པ་བཞིན་རིས་མེད་བསྟན་པའི་སྐྱེ་བོ་དག་གི་ཁས་ལེན་ཐོབ་ཐུབ་ན་ནི་ཆབ་སྲིད་ལ་བརྟན་འཇགས་ཀྱི་ནུས་པ་ངེས་ཅན་ཐོན་ཐུབ། རྒྱལ་དབང་ལྔ་པས་གནས་ལུགས་དེ་རྟོགས་ཤིང་། འདིས་ཁོང་གི་སྲིད་སྐྱོང་ལ་ཡང་ནུས་པ་མི་དམན་པ་ཐོན་ཡོད་པས། འགྲོ་མགོན་འཕགས་པ་སོགས་རིས་མེད་སྐྱེ་བོའི་སྲིད་འཛིན་གྱི་ཉམས་མྱོང་འདི་ཡང་གྲུབ་མཐའ་རིས་མེད་ཀྱིས་སྲིད་སྐྱོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྲུབ་འདུག

གཉིས་པ། ཁོང་གི་སྲིད་སྐྱོང་ལ་ཐོན་པའི་ནུས་པའི་སྐོར།

༡.རིས་མེད་མཁས་པར་བཀུར་བཟོ་མཛད་པས་ཆིག་སྒྲིལ་གྱི་སྟོབས་བརྙེས་པ།

ཁོང་གིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས། ཆོས་ལུགས་ཐད་ཇོ་ནང་ཕུད་པའི་ཆོས་བརྒྱུད་གྲུབ་མཐའ་སོ་སོ་རང་རང་གི་ལུགས་ལྟར་གནས་པ་ལས། གྲུབ་མཐའི་རྩོད་འཁྱེར་གྱི་འཁྲུག་རྩོད་ཞི་བར་བྱས་ཐོག ཀརྨ་གཙོ་བྱས་གཙང་སྡེའི་ཕྱོགས་གཏོགས་ཀྱི་ངོ་ལོག་ཟིང་ཆ་ཞི་འཇགས་སུ་བཏང་ནས། བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དང་ལྷིང་འཇགས་ལེགས་པར་བསྐྱངས། ཡང་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས“ཁོང་གིས་སྔར་གྱི་ཀར་གཙང་ལྟ་བུའི་གུ་དོག་གིས་གྲུབ་མཐའི་ཕྱོགས་ཞེན་འཐེན་འཁྱེར་སྤངས་ཏེ་མཁྱེན་རྒྱ་ཆེན་པོས་གྲུབ་མཐའ་རིས་མེད་གནང་སྟེ་ཐམས་ཅད་རང་རང་གི་ལུགས་ལྟར་འཕེལ་རྒྱས་སུ་འཇུག་པར་མ་ཟད། ས་སྐྱ་དང་ཕག་གྲུའི་མཁན་རྒྱུད་རྣམས་ལ་བཀུར་གཟོས་མཐོ་བ་གནང་ཞིང་། ཐ་ན་སྔར་དགེ་ལུགས་པར་ངོ་ལོག་བརྒྱབ་ནས་ས་མཐར་འཁྱམས་པའི་ཀརྨ་སྐུ་སྐྱེ་ལ་འཁོན་ལན་མི་བཞེས་པར་མ་ཟད། ཀརྨ་ཆོས་དབྱིངས་རྡོ་རྗེ་སྤྱི་ལོ༡༦༧༣ལ་བོད་དུ་ལོག་ཕེབས་གནང་བ་བྱས་ཐོག་མཇལ་འཕྲད་དང་བཀུར་གཟོས་མི་རྣམས་ཀྱི་བློ་ཡུལ་ལས་འདས་པ་སོགས། དགྲ་ཕྱོགས་གཉེན་འགུག་གི་ཐབས་མཁས་ཐུགས་རྗེས་བོད་མི་དམངས་ནང་ཁུལ་གྱི་མཐུན་སྒྲིལ་དང་ཆོས་ལུགས་གྲུབ་མཐའ་བར་གྱི་མཐུན་སྒྲིལ་བཅས་ཀྱི་ཐད་ལ་མཛད་རྗེས་རླབས་པོ་ཆེ་ལེགས་པར་བསྐྲུན།”⑨ཁོང་གིས་འདི་ལྟར་གྲུབ་མཐའ་རིས་མེད་ཀྱི་མཛད་འཕྲིན་བསྐྱངས་པས་ལུགས་སོ་སོའི་བསྟན་འཛིན་གྱི་སྐྱེ་བོ་དག་གི་མ་རངས་པའི་རྣམ་པ་ཞི་འཇགས་སུ་བཏང་ཞིང་། མཐུན་སྒྲིལ་གྱི་མདུད་པ་ཇེ་དམ་དུ་བཏང་ནས་ཆབ་སྲིད་གཅིག་སྒྲིལ་གྱི་ནུས་པ་མཐོར་འདེགས་སུ་བཏང་། ཆིག་སྒྲིལ་གྱི་ནུས་པ་དེ་ལ་བརྟེན་ནས་སྔར་གྱི་འཁྲུག་ལོང་གི་ཟིང་ཆ་ཞི་བར་བྱས་ཐོག་ཆབ་སྲིད་སྒྲིག་སྲོལ་དང་། ཁྲིམས་ལུགས་གསར་འཛུགས། བཅའ་ཁྲིམས་གཏན་འབེབས་སོགས་རང་ཇུས་བརྟན་པོ་ཡོང་བའི་རྨང་གཞི་ལེགས་པར་བཏང་ཞིང་། ལ་དྭགས་ཆམ་ལ་ཕབ་པ་སོགས་མཐའི་རྒྱལ་ཕྲན་དང་ཁབ་སོ་སོ་བཙན་དུ་བསྲུངས་ནས་ཕྱི་ནང་གི་སྲིད་དབང་མངའ་ཐང་བདེ་ལ་བཀོད་དོ། །

༢.གྲུབ་མཐའི་ཆགས་སྡང་གི་མེ་བསད་པས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབུགས་དབྱུང་བ།

 གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དེས་བོད་ཀྱི་ཆབ་སྲིད་གཏན་འཇགས་སུ་བཏང་ཞིང་། གཏན་འཇགས་ནི་དུས་རབས་གང་ཡིན་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བ་ཡིན་ལ། འཕེལ་རྒྱས་ལ་བརྟེན་ནས་སྲིད་སྐྱོང་བ་ནི་སྲིད་འཛིན་པ་གང་གི་ཆབ་སྲིད་ཀྱི་དམིགས་ཡུལ་དུ་ངེས། གོང་མ་བཞིན་གྲུབ་མཐའི་རྩོད་འཁྱེར་གྱི་འཁྲུག་རྩོད་ཁྲོད་ནས་བསྡད་ན་ནི་དཔལ་འབྱོར་སློབ་གསོ་གང་ཡིན་ཡང་འཕེལ་རྒྱས་ཀྱི་ཁོར་ཡུག་གཉོམ་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ནས་མི་ཤུགས་དང་དངོས་ཤུགས་གང་ཡིན་ཡང་ཟད་གྲོན་རྒྱ་ཆེན་པོ་ཐེབས་པ་ཡང་དོན་དངོས་རེད། རྒྱལ་དབང་ཁོང་གིས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ལག་བསྟར་བྱས་པས་གྲུབ་མཐའ་ཁག་གི་མ་རངས་པའི་རྣམ་པ་ཞི་བར་བྱས་ནས་རྩོད་ཉོག་གི་ཟིང་ཆ་ཞི་འཇགས་སུ་བཏང་། དེས་བོད་ཀྱི་དཔལ་འབྱོར་དང་སློབ་གསོའི་འཕེལ་རྒྱས་ལ་ཁོར་ཡུག་ངེས་ཅན་བསྐྲུན་ཡོད། སྔ་རྗེས་སུ་ཕོ་བྲང་དཀར་པོ་ལྟ་བུའི་སྲིད་ན་འགྲན་ཟླ་བྲལ་བའི་འཛུགས་སྐྲུན་གྱི་བྱ་གཞག་མཛད་ཅིང་། བོད་མི་མང་ཚོགས་ལ་ཡང་ལྷིང་འཇགས་ཀྱི་ཞི་བདེའི་ཁོར་ཡུག་ངེས་ཅན་བསྐྲུན་ཡོད། བཀའ་ཤག་གི་ལས་ཁུངས་སྒྲིག་གཞིའི་ཁྲོད་ན་ཡང་བདེ་ཞིབ་ལས་ཁུངས་ཞེས་མི་སེར་གྱི་འཚོ་བ་ལ་ལྟ་རྟོག་བྱ་རྒྱུ་དང་། ཞིབ་ཁང་ལས་ཁུངས་ཞེས་ལས་ཁུངས་ཁག་གི་ལོ་རེའི་ཡོང་སྒོ་དང་འགྲོ་སོང་ཕུལ་བ་རྣམས་འགྲིག་མིན་ཞིབ་གཅོད་བྱ་རྒྱུ། གཞན་ཡང་ཕོགས་ཀྱི་ལས་ཁུངས། འར་པོའི་ལས་ཁུངས། སོ་ནམ་ལས་ཁུངས། ཇ་ཚ་ལས་ཁུངས། འབབ་ཞིབ་ལས་ཁུངས་སོགས་ཞིབ་མོའི་སྒྲིག་གཞི་ལྡན་པའི་ལས་ཁུངས་མང་པོ་བཙུགས་ཤིང་། རང་རང་གི་ལས་གཞི་གཏན་འབེབས་བྱས་ནས་དཔལ་འབྱོར་གྱི་སྒྲིག་གཞི་ཆ་ཚང་བར་བསྒྲིགས། ཟིང་འཁྲུག་གི་རྣམ་པ་དེ་ཞི་བས། བཟོ་ཞིང་གི་ལས་གང་ལ་ཡང་བར་ཆད་མེད་པར་སེམས་ལྷོད་པོས་རང་རང་གི་ལས་གཞི་སྒྲུབ་ཐུབ་པས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པར་བསྐྲུན།

༣.མཁས་བརྒྱ་འགྲན་གླེང་གི་གནས་བབ་བསྐྲུན་པས་རིག་གནས་འཕེལ་རྒྱས་ཕྱིན་པ།

 སྤྱིར་རྒྱལ་བ་པཎ་ཆེན་གཉིས་ནི་དགེ་ལུགས་པའི་བསྟན་པའི་སྲོག་ཤིང་ཉིད་དང་། ཞྭ་སེར་བསྟན་པའི་བདག་པོ་འབའ་ཞིག་ཏུ་གནས། ཡིན་ནའང་རྒྱལ་དབང་ཁོང་གིས་སྔར་གྱི་ཀར་དགེ་ལྟ་བུའི་གུ་དོག་གི་བསམ་བློ་སྤངས་ནས་གྲུབ་མཐའ་རིས་མེད་ཀྱིས་སོ་སོ་རང་རང་གི་ལུགས་ལྟར་འཇུག་ཏུ་བཞག་པས། དེས་བོད་ཀྱི་རིག་གནས་སྤྱིའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད་དེ། གཅིག་ནས་སྔོན་ལྟར་གཅིག་གིས་གཅིག་ལ་འཚེ་བའམ་རྩ་མེད་དུ་གཏོང་བའི་སྦྱོར་བ་བརྩམ་ན་ནི་ལུགས་གང་གི་འཕེལ་རྒྱས་ཁོ་ན་ལ་བཀག་འགོག་ཐེབས་པ་ཙམ་མ་ཡིན་པར། བོད་རང་གི་རིག་གནས་ཀྱི་གྲུབ་ཆ་ཡོངས་ལ་གནོད་པ་རེད། གཉིས་ནས་རང་རང་གི་ལུགས་བཞིན་འཕེལ་རྒྱས་སུ་བཏང་བ་ཡིན་ན། ལུགས་གང་གི་གྲུབ་མཐའི་འཕེལ་རྒྱས་ལ་ཕན་པ་ལྟ་ཅི། གྲུབ་མཐའ་མི་གཅིག་པའི་མཁས་དབང་གི་རྩོད་པའི་རིག་པ་ལས་གྲུབ་མཐའ་གང་གི་མཐའ་མའི་དགོངས་པ་རྟོགས་པ་ཡིན་ལ། དགོངས་པ་དེ་རྟོགས་པ་ཡིན་ན་རང་རང་གི་གྲུབ་མཐའི་འདོད་ཕྱོགས་ལ་ཡང་ཨ་ཕའི་ཇ་ཕོར་གཙང་ཕྱིན་གྱི་རྗེས་སུ་མི་འགྲོ་བར་ལུགས་ཀུན་གཅིག་ལ་གཅིག་བརྟེན་གྱིས་འཕེལ་རྒྱས་འགྲོ་བ་རེད། བོད་རང་གི་རིག་གནས་ཀྱི་བང་མཛོད་ངོ་མ་དེ་དགོན་སྡེ་ཡིན་ལ། བོད་ཀྱི་རིག་གནས་བརྒྱུད་སྤེལ་གྱི་རྐང་འཛིན་སྐྱེས་བུ་མང་པོ་གསོ་སྐྱོང་བྱེད་པའི་གནས་ཀྱང་དེའོ། ། གཞན་ཡང་ཁོང་གིས་དགོན་སྡེའི་སློབ་གསོ་ཙམ་མ་ཡིན་པར་ཐུན་མོང་རིག་གནས་སྦྱོང་སའི་གཞུང་སྒེར་གཉེར་གྱི་སློབ་གྲྭ་བཙུགས་ལ། ཕོ་བྲང་དཀར་པོ་གསར་བཞེངས་དང་།རྭ་སྒྲེང་གཙུག་ལག་ཁང་ཉམས་གསོ། ར་མོ་ཆེ་ཞིག་གསོ། དགའ་ལྡན་འོག་མིན་གླིང་དང་ཡེར་བ་དགའ་ལྡན་གསང་སྔགས་ཡང་རྩེ་བཏབ་པ། པོ་ཏཱ་ལའི་ལྡེབས་རིས་བཞེངས་པ། ཐང་པོ་ཆེ་རུ་གསེར་ཆོས་ཀྱི་བཀའ་འགྱུར་བཞེངས་པ། རིས་མེད་གསུང་རབ་པོད་ཁྲིར་ཉེ་བར་དཀར་ཆག་གསར་བསྒྲིགས་དང་། དཔེ་རྒྱུན་དཀོན་རིགས་དཔར་འདེབས་བྱ་རྒྱུ་ཁྱབ་བརྡལ་གཏོང་ཆེད། འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་དཔར་ཁང་དང་། ཕོ་བྲང་པོ་ཏཱ་ལའི་ལྟག་སྒོའི་རྒྱབ་ཀྱི་དཔར་ཁང་བཅས་གསར་འཛུགས་མཛད་པ་སོགས་རིག་གནས་ཀྱི་འཕེལ་རྒྱས་ལ་མཛད་པ་རྒྱ་ཆེན་པོ་གནང་ཡོད། །

དཔྱད་གཞིའི་ཡིག་ཆ།

[1]རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ།

[2]རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། [M] མི་རིགས་དཔེ་སྐྲུན་ཁང་། 2006ལོ།

[3]ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག [M] མི་རིགས་དཔེ་སྐྲུན་ཁང་། 2006ལོ།

[4]མཁར་རྨེའུ་བསམ་གཏན། མདའ་དང་འཕང་། སྟོད་ཆ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ།

[5]དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་པོད་དྲུག་པ། [M] མི་རིགས་དཔེ་སྐྲུན་ཁང་།
2004ལོ།

[6]陈庆英 五世达赖年谱 西北民族研究 [J] 1999.2

[7]高学益 21世纪以来国内五世达赖喇嘛研究综述 滇西科技学院学报 [J] 2015

[8]陆军 五世达赖喇嘛政教地位的确立 西藏大学博士学位论文 [J] 2011

③ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009:33

④ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009:37

⑤ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009:113

⑥ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009:116

⑦ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009:52

⑧ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་པོད་ལྔ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009:33

⑨ རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། [M] མི་རིགས་དཔེ་སྐྲུན་ཁང་། 2006:369


* བན་དེ་བཀྲ་ཤིས། མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1