ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་ལས་དོགས་གཞི་འགའ་གླེང་བ།

དབང་ཆེན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


[གནད་བཏུས] རྩོམ་ཡིག་འདིར་ལྷ་ལུང་དཔལ་རྡོར་གྱི་མི་སྣ་ངོས་འཛིན་དང་། ཁོང་གི་འཁྲུངས་དུས། སྐུ་གཤེགས་པའི་ཡུལ་བཅས་ཀྱི་དོགས་གཞི་ལ་རང་ཉིད་ཀྱི་ལྟ་ཚུལ་བཏོན་ཡོད།


[གནད་ཚིག] ལྷ་ལུང་དཔལ་རྡོར། ལོ་རྒྱུས། དོགས་གཞི།


བསྟན་པ་ཕྱི་དར་ལ་ཕྱག་རྗེས་ཤིན་ཏུ་ཆེ་བའི་ལྷ་ལུང་དཔལ་རྡོར་རམ་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་གནས་པའི་མི་སྣ་གལ་ཆེན་ཞིག་ཡིན་པས། བོད་མི་བྱིངས་ཀྱིས་ལྷ་ལུང་དཔལ་རྡོར་ཞེས་པའི་མིང་དང་། ཡང་ན་ཁོང་དང་འབྲེལ་བའི་གཏམ་རྒྱུད་ཐར་ཐོར་རེ་མི་ཤེས་པ་མེད་ཅེས་བརྗོད་ནའང་མི་ཆོག་རྒྱུ་མེད་པར་འདོད། སྲོལ་རྒྱུན་ཆོས་ལུགས་ཀྱི་ལྟ་ཚུལ་ལྟར་ན། ལྷ་ལུང་དཔལ་རྡོར་ནི་བོད་ཀྱི་ཆོས་ལུགས་དེ་མུན་ནག་གི་འཇིག་ཉེན་ལས་བསྐྱབས་པའི་དཔའ་བོ་ཡིན། ཡིན་ནའང་བོད་ཀྱི་ཆོས་འབྱུང་ཁག་ཏུ་ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་ཐར་ཐོར་ཙམ་ལས་མེད་པར་མ་ཟད། ཅུང་ཟད་མཆིས་པ་ལའང་དོགས་གཞི་མང་པོ་ཡོད་པས། འདིར་དོགས་སློང་གི་ཚུལ་དུ་ཉུང་ཙམ་ཞིག་གླེང་ན།





གཅིག ལྷ་ལུང་དཔལ་རྡོར་ངོས་འཛིན་ཐད་ཀྱི་དོགས་གཞི།


རྒྱལ་པོ་འུ་དུམ་བཙན་པོའི་སྔ་གཞུག་གི་བོད་ཀྱི་ལོ་རྒྱུས་ལ་བལྟས་ན། ལྷ་ལུང་དཔལ་རྡོར་རམ་ལྷ་ལུང་དཔལ་གྱི་རྡོ་རྗེའི་མིང་འཛིན་པའི་སྐྱེས་བུ་འགའ་ཞིག་མཆིས་ཏེ། གཅིག་ནི་རྗེ་འབངས་ཉེར་ལྔའི་ཁྲོད་དུ་བཞུགས་པའི་ལྷ་ལུང་དཔལ་རྡོར་ཡིན། 《རྙིང་མའི་ཆོས་འབྱུང》ལས།གུ་རུའི་ཐུགས་སྲས་རྗེ་འབངས་ཉེར་ལྔ་ནི། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། ངན་ལམ་རྒྱལ་པ་མཆོག་དབྱངས། དགེ་སློང་ནམ་མཁའི་སྙིང་བོ། ་་་ ་་་ལྷ་ལུང་དཔལ་གྱི་རྡོ་རྗེ།ཞེས་ལྷ་ལུང་དཔལ་རྡོར་རྗེ་འབངས་ཉེར་ལྔ་ལས་ཉེར་གསུམ་པར་བགྲངས་ཡོད། གཉིས་ནི་སད་མི་མི་བདུན་ཁྲོད་ཀྱི་ལྷ་ལུང་དཔལ་རྡོར་ཡིན། 《ལྡེའུ་ཆོས་འབྱུང》ལས།དགེ་འདུན་དཀོན་མཆོག་རྟེན་དུ་མདོ་སྡེའི་ལུགས་སུ་སྔོན་གྱི་སད་མི་མི་བདུན་ཏེ། དགེ་སློང་ལ་སྔ་བ་ཅ་དཔལ་དབྱངས་དང་གསས་སྣང་བཙུན་པའི་རབ་ནི་ངན་ལམ་རྒྱལ་མཆོག་དབྱངས་དང་ལྷ་ལུང་དཔལ་གྱི་རྡོ་རྗེ་བློ་རྣོ་བའི་རབ་ཨཱ་ཙ་རྨ་རིན་ཆེན་མཆོག་དང་། ལ་གསུམ་རྒྱལ་པའི་དབང་ཕྱུག མཁས་པའི་རབ་བཻ་རོ་ཙ་ནའོཞེས་ལྷ་ལུང་དཔལ་རྡོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་གི་སད་མི་བདུན་ནམ་གཅེན་པོ་སད་མི་བདུན་གྱི་གྲས་སུ་བགྲངས་ཡོད། བཞི་ནི་བོད་མི་བྱིངས་ཀྱིས་ཤེས་པའི་ལྷ་ལུང་དཔལ་རྡོར་ཡིན། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས།དེ་ནས་རེ་ཞིག་ན། ཡེར་བའི་ལྷ་རི་སྙིང་པོ་ན་སྤེའུ་སེ་རུ་མ་རུ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་སྔགས་བཙུན་ཤེད་རྩལ་དང་ལྡན་པ་གཅིག་སྒོམ་བྱེད་པའི་དུས་སུ། ནམ་ཕྱེད་ཙམ་ན། དཔལ་ལྷ་མོ་བུད་མེད་ཀྱི་གཟུགས་སུ་དངོས་སུ་བྱུང་ནས། དེང་སང་བོད་ན་གྲུབ་ཐོབ་མང་ཡང་། དུས་ལ་མ་བབས་པས་ཁྱོད་ལ་གྲུབ་ཐོབ་ཐམས་ཅད་ཀྱི་བྱིན་རླབས་ཞུགས་པས། རྒྱལ་པོ་སྡིག་ཅན་གསོད་རན་ཟེར་བ་ཞིག་བྱུངཞེས་འཁོད་ཡོད། ཀ་ཐོགཿརིག་འཛིན་ཚེ་དབང་ནོར་བུས་ཀྱང་། ལྷ་ལུང་དཔལ་གྱི་རྡོ་རྗེསཁམས་སུ་བླ་ཆེན་དགེ་བ་རབ་གསལ་གྱིས་བསྙེན་པར་རྫོགས་པའི་ཁ་སྐོངས་ཀྱི་དགེ་སློང་རྒྱ་ནག་ནས་ཧྭ་ཤང་གཉིས་འབད་པས་བཙལ་བའི་གྲོགས་ཀྱང་མཛད་ཅིང་། དུས་ཕྱིས་གནམ་ལྡེ་འོད་སྲུང་ལ་སྨན་ལྷ་བདེ་གཤེགས་བདུན་གྱི་མདོ་ཆོག་གི་ལུང་བྱིན་པ་ཡང་བཤད་པས་སྐུ་ཚེ་བརྒྱད་ཅུ་ལྷག་ངེས་ཤིག་བཞུགས་པར་སྣང་ངོཞེས་འཁོད་འདུག བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ཁྲོད་དུ་མི་སྣ་འདི་དག་མི་གཅིག་ལ་ངོས་འཛིན་བྱེད་མཁན་མང་པོ་ཡོད། ཡིན་ནའང་ང་ཚོས་དུས་ཀྱི་ངོས་ཐད་ནས་ཞིབ་ཏུ་བལྟས་ན་དོགས་སློང་མང་པོ་ཞིག་འབྱུང་སྟེ། མི་སྣ་དང་པོ་དང་གཉིས་པ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ཡིན་པས། མི་སྣ་གཅིག་ཡིན་ཤས་ཆེ། སྤྱིར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་དུས་ལ་བཞེད་པ་མི་མཐུན་པ་ཁ་ཤས་ཡོད་ནའང་ཆུ་རྟ་ལོ་སྟེ། སྤྱི་ལོ༧༤༢ལོར་སྐུ་འཁྲུངས་པ་ད་སྔ་མཁས་དབང་མང་ཆེ་ཤོས་ཀྱིས་ཚད་མར་འཛིན་བཞིན་ཡོད། ཁྲི་སྲོང་ལྡེ་བཙན་གྱིས་སྤྱི་ལོ༧༥༦ལོ་ནས་བཟུང་སྲིད་བསྐྱངས་པ་དང་། དགུང་ལོ་ཉེར་དྲུག་པ་མེ་མོ་ལུག་གི་ལོ་སྟེ། སྤྱི་ལོ༧༦༧ལོར་སད་མི་བདུན་རབ་ཏུ་བྱུང་། སྤྱི་ལོ༧༩༧ཙམ་ལ་ཁོང་ཉིད་སྐུ་གཤེགས། སྤྱིར་ལྷ་ལུང་དཔལ་རྡོར་དེ་སྔོན་བོད་ཀྱི་དམག་དཔུང་ལ་ཞུགས་མྱོང་བས། ཁོང་ལ་འབྲེལ་བ་དང་དམག་རྩལ་སོགས་ཀྱི་ཐད་ནས་རྒྱལ་པོོ་བཀྲོངས་པའི་ཆ་རྐྱེན་འཛོམས་ནའང་། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་འུ་དུམ་བཙན་སྤྱི་ལོ༨༤༢ལོར་བཀྲོངས་པའི་ལོ་རྒྱུས་ལ་གཞིགས་ན། སྐབས་དེར་ཁོང་མ་མཐའ་ཡང་དགུང་ལོ་བརྒྱད་ཅུ་ལྷག་ལ་སླེབས་ཟིན་པས། འདི་འདྲའི་ལོ་ན་བགྲེས་པའི་རྒད་པོ་ཞིག་གིས་རྒྱལ་ཁབ་ཅིག་གི་རྒྱལ་པོོ་བཀྲོངས་མི་ཐུབ་པར་མ་ཟད། ར་མདའི་དམག་དཔུང་གི་ལག་ནས་ཐར་ཐུབ་པའང་དཀའ་བར་སྣང་། ཡང་མི་སྣ་གཉིས་པ་དང་གསུམ་པ་གཉིས་ནི་མི་སྣ་གཅིག་ཡིན་ངེས་ལ། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་འུ་དུམ་བཙན་བཀྲོངས་རྗེས་མདོ་ཁམས་སྨད་དུ་བྲོས་ཤིང། རྗེས་སུ་བླ་ཆེན་དགོངས་པ་རབ་གསལ་གྱི་བསྙེན་རྫོགས་ལ་དགེ་གྲོགས་མཛད་དེ་ཧྭ་ཤང་གཉིས་འབད་པས་བཙལ་བ་དང་། བོད་ཀྱི་འདུལ་བ་སྨད་དར་ལ་བཀའ་དྲིན་ཆེ་ཚུལ་ལོ་རྒྱུས་ཡིག་ཚང་དག་ན་གཅིག་མཐུན་དུ་འཁོད་པས། འདི་ནི་ད་གཟོད་བོད་མི་བྱིངས་ཀྱི་བློ་ངོ་ན་ཡོད་པའི་ལྷ་ལུང་དཔལ་རྡོར་དེ་ཡིན་དགོས། ཡིན་ནའང་རྒྱལ་པོ་འུ་དུམ་བཙན་གྱི་སྲས་འོད་སྲུང་ལ་སྨན་བླ་བདེ་གཤེགས་བདུན་གྱི་ལུང་ཕུལ་མཁན་དེ། རྒྱལ་པོ་འུ་དུམ་བཀྲོངས་མཁན་གྱི་ལྷ་ལུང་དཔལ་རྡོར་འདི་ཡིན་མི་སྲིད་དེ། གཡོ་རུའི་རྒྱལ་པོས་སྡོམ་པ་བོར་བའི་རབ་བྱུང་པ་ཞིག་གམ་ལྷག་ཏུ་རང་གི་ཕ་གསོད་ཀྱི་ལག་དམར་ལས་སྨན་བླའི་དབང་ལེན་མི་སྲིད་དོ། ། དེ་བས་ཉང་ཉི་མ་འོད་ཟེར་གྱིསདེ་ལྟར་ཚུལ་ཇི་ལྟར་བསླངས་ན། དར་མའི་སྲས་ཁྲི་གནམ་ལྡེ་འོད་སྲུང་། དེའི་སྲས་དཔལ་འཁོར་བཙན། དེ་ལ་བསམ་ཡས་མཆིམས་ཕུའི་སྒྲུབ་པ་པོ་ལྷ་ལུང་དཔལ་གྱི་ཡོན་ཏན་བྱ་བས། མདོ་སྡེ་ཐར་པ་ཆེན་པོའི་ཕྱག་མཆོད། སྤང་གོང་གི་ཕྱག་མཆོད། དེ་བཞིན་གཤེགས་པ་སྨན་ལྷའི་མདོ་མཆོག་རྣམས་གཏད་ནས། ཁྱེད་སྔོན་ཡབ་མེས་ཀུན་གྱི་བཀྲ་ཤིས་བདེ་ལེགས་ཐམས་ཅད་འདི་ལས་བྱུང་བས་སྒྲུབས་ཤིག་གསུངས་ནས་གནང་ངོཞེས་གསུངས་པར་གཞིགས་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་དང་ལྷ་ལུང་དཔལ་གྱི་ཡོན་ཏན་གཉིས་ཀྱི་མིང་ཕན་ཚུན་འཁྲུལ་ཏེ། དཔལ་འཁོར་བཙན་གྱིས་ལྷ་ལུང་དཔལ་གྱི་ཡོན་ཏན་ནས་དབང་ལུང་གསན་པ་དེ། ཕྱི་རབས་པ་དག་གིས་ལྷ་ལུང་དཔལ་རྡོར་གྱི་བྱས་རྗེས་འབུར་བཏོད་བྱེད་ཆེད་དུ་ཞྭ་དཔེ་ལྷ་འགེབ་ཀྱི་ཚུལ་དུ་ལྷ་ལུང་དཔལ་རྡོར་སྟེང་ལ་སྦྱར་བ་ཡིན་པར་འདོད།


གཉིས། ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ལོའི་ཐད་ཀྱི་དོགས་གཞི།


ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ཡུལ་ལ་ལྟ་བ་མི་མཐུན་པ་ཆེན་པོ་མེད་དེ། དཔའ་བོ་གཙུག་ལག་ཕྲེང་བ་དང་། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ།དུང་དཀར་བློ་བཟང་འཕྲིན་ལས། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་མཁས་པ་རྣམས་ཀྱིས་འབྲོམ་སྟོད་གུང་མོ་ཆེ་སྟེ(དགུང་མོ་ཆེར་ཡང་འབྲི)ད་ལྟའི་ལྷ་ས་གྲོང་གི་ཤར་ཕྱོགས་ཀྱི་སྟག་རྩེ་རྫོང་འབྲོམ་ཐོད་ཤང་ས་ཆར་སྐུ་འཁྲུངས་པར་གསུངས། ཁོང་ཚོའི་བཞེད་པ་གཅིག་མཐུན་ཡིན་ནའང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་གསུངས་པའི་ནང་དོན་དེར་ཅུང་ཞིབ་ཆ་ལྡན་པས་འདིར་བཀོད་ན།ཡེར་བའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པ་བསོས་པའི་ཚེ་སྤེའུ་སེར་པོའི་ནང་དོན་ལྟར། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་འབྲོམ་སྟོད་གོང་མོ་ཆེར་འཁྲུངས། སྐྱ་མིང་སྟག་ཉ་བཟང་ཟེར། རྒྱ་བོད་ཀྱི་ས་མཚམས་བསྲུངས་ཏེ་རྒྱ་རྣམས་བཏུལ། ལན་གཅིག་གོ་ཆ་ཕུད་པའི་རྨོག་གི་ནང་ན་ཏོག་གི་གཟུངས་བཞུགས་པ་བཀླགས་པས། བྲ་སྙེ་ལ་ནི་གང་སྐྱེས་པ། ། རྐང་བླ་ན་མེད་མཐིལ་རྨེ་བ་དམར་པོ་ཅན། ། ཤི་ནས་དམྱལ་བར་སྐྱེ་བར་འགྱུར། ། ཟེར་བ་མཐོང་། རྐང་མཐིལ་ལ་བལྟས་པས་རྨེ་བ་དམར་པོ་གཅིག་འདུག ཀློག་མཁན་ལ་ཀློག་ཏུ་བཅུག་པས་ཀྱང་དེ་བཞིན་དུ་འདུག་ཟེར། དེར་ཡབ་མཆེད་གཉིས་ཁོང་རང་སྤུན་གསུམ་དང་བཅས་པ་བསམ་ཡས་སུ་པཎྜི་ཏ་བཞུགས་པའི་རྩར་བྱིན། པདྨ་སམྦྷ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངཞེས་པ་དེ་ཡིན། ང་ཚོས་ལོ་རྒྱུས་ཡིག་ཆ་འདི་དག་ལས་ལྷ་ལུང་དཔལ་རྡོར་འབྲོམ་སྟོད(ཐོད)གོང་མོ་ཆེར་འཁྲུངས་ཤིང་། ཁོང་གི་སྐྱ་བོའི་དུས་ཀྱི་མིང་ལ་སྟག་ཉ་བཟང་ཟེར་ལ། དང་ཐོག་དམག་ལ་ཞུགས་པ་དང་རྒྱ་བོད་ས་མཚམས་བསྲུང་བར་སླེབས། སྐབས་ཤིག་ཐུགས་ངེས་འབྱུང་སྐྱེས་ཏེ་པཎྜི་ཏ་བི་མ་ལ་མི་ཏྲ་ལས་རབ་བྱུང་གི་སྡོམ་པ་བླངས་པ་སོགས་གོང་འོག་མཐུན་པས་ཡིད་རྟོན་རུང་བར་འདོད་མོད། འོན་ཀྱང་ཁོང་གིས་རབ་བྱུང་གི་སྡོམ་པ་ལེན་ས་པཎྜི་ཏ་བི་མ་ལ་མི་ཏྲ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་ས་པདྨ་སམྦྷ་ཡིན་པའི་བཤད་ཚུལ་ལ་གཞིགས་ན། སྐབས་དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཡིན་པས་དོན་དངོས་དང་མཐུན་པ་ཞིག་མིན། ཡིན་ནའང《བསྟན་རྩིས་ཀུན་བཏུས》ལས།ཁྲི་སྲོང་ལྡེ་བཙན་ནས་རལ་བ་ཅན་གྱི་བར་དུ། རྒྱ་གར་དུ་སློབ་དཔོན་བི་མ་ལ་མི་ཏྲ་གཉིས་བྱུང་བ་ལས། སྔ་མས་སྐྱབས་འགྲོ་ཡན་ལག་དྲུག་པ་དང་། ཤེར་སྙིང་རྒྱ་ཆེར་འགྲེལ་པ་སོགས་བརྩམས། ཕྱི་མ་ནི་འདུལ་བ་བམ་པོ་ལྔ་བཅུ་བ་མཛད་པའོཞེས་འཁོད་ཡོད། བི་མ་ལ་མི་ཏྲ་ཕྱི་མ་དེ་བོད་དུ་ཕེབས་ཡོད་མེད་གསལ་པོར་མི་ཤེས་ཀྱང་། ལྷ་ལུང་དཔལ་རྡོར་གྱིས་བི་མ་ལ་མི་ཏྲ་ལས་སྡོམ་པ་བླངས་པའི་ལོ་རྒྱུས་དང་ལྷ་ལུང་དཔལ་རྡོར་གྱིས་སྤྱི་ལོ༨༤༢ལོར་རྒྱལ་པོ་འུ་དུམ་བཙན་བཀྲོངས་པའི་གནས་ཚུལ་ལ་གཞིགས་ན། ལྷ་ལུང་དཔལ་རྡོར་ནི་རྒྱལ་པོ་ཁྲི་རལ་བ་ཅན་གྱི་དུས་སྐབས་ཀྱི་བི་མ་ལ་མི་ཏྲ་སྟེ། བི་མ་ལ་མི་ཏྲ་ཕྱི་མ་ཉིད་ལས་དུས་རབས་དགུ་བའི་སྟོད་ཙམ་ལ་སྡོམ་པ་མནོས་པར་འདོད། དེ་ལྟར་ན་ཁོང་སྐྱེས་པའི་དུས་ཀྱང་སྐབས་དེ་ཙམ་ལ་འཁེལ་དགོས་པས་ཕལ་ཆེར་དུས་རབས་དགུ་བའི་མགོ་ཙམ་ཡིན་དགོས། དེ་བས་ཀ་ཐོགཿརིག་འཛིན་ཚེ་དབང་ནོར་བུས། ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ལོའི་ཐད་དུ་མེ་སྟག་གམ་མེ་ཡོས་ཞེས་གསུངས་པ་དེ་ཚད་མར་བཟུང་སྟེ། སྤྱི་ལོ༧༨༦དང་སྤྱི་ལོ༧༨༧གཉིས་ཀྱི་གང་རུང་ཞིག་ལ་གཏན་འཁེལ་བྱས་ཡོད་ནའང་། དེ་ནི་ཅུང་སྔ་བར་སྙམ་པས། ང་ཚོས་མེ་སྟག་གམ་མེ་ཡོས་དེ་ལོ་སྐོར་ཉེར་བཞི་རྗེས་ཀྱི་སྤྱི་ལོ༨༡༠དང་སྤྱི་ལོ༨༡༡གཉིས་ཀྱི་གང་རུང་ཞིག་ལ་ངོས་འཛིན་བྱས་ན་འགྲིག་པར་འདོད།


གསུམ། ལྷ་ལུང་དཔལ་རྡོར་སྐུ་འདས་པའི་ཡུལ་ངོས་འཛིན་ཐད་ཀྱི་དོགས་གཞི།


མི་མང་པོ་ཞིག་གིས་ལྷ་ལུང་དཔལ་རྡོར་མདོ་ཁམས་སྨད་ནས་ཕྱིར་དབུས་སུ་ཕེབས་ཏེ་གཤེགས་པར་འདོད། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱལ་པོ་འུ་དུམ་བཙན་གྱིསྲས་འོད་སྲུང་ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་སྨན་བླ་བདེ་གཤེགས་ཀྱི་ལུང་གནངཞེས་པའི་བཤད་ཚུལ་དེ་དང་། རྒྱུ་མཚན་གཞན་ཞིག་ནི་ད་ལྟའི་གཞིས་རྩེ་རྣམ་གླིང་རྫོང་ཁོངས་སུ། ལྷ་ལུང་བླ་མ་ཚང་ཟེར་བའི་བླ་མ་ཞིག་ཡོད་པ་དེ་ལྷ་ལུང་དཔལ་རྡོར་གྱི་རིགས་རྒྱུད་དུ་འདོད་པའི་ངག་རྒྱུན་གཞིར་བཟུང་ཡོད་པ་རེད། བཤད་ཚུལ་དེ་གཉིས་ལ་མི་འཐད་དེ། གཅིག་ནས་གོང་དུ་བཤད་ཟིན་པ་ལྟར་གཡོ་རུའི་རྒྱལ་པོ་ཞིག་གིས་སྡོམ་པ་བོར་བའི་རབ་བྱུང་པ་ཞིག་གམ། ལྷག་ཏུ་རང་གི་ཕ་གསོད་ཀྱི་ལག་དམར་ལས་སྨན་བླའི་དབང་ལེན་མི་སྲིད་དོ། ། གཉིས་ནས་བོད་ཀྱི་མིགི་འདོགས་སྲོལ་ལ་མིང་གཅིག་མི་དུ་མ་ལ་འཇུག་པའི་ཕྱིར། གསུམ་ནས་ལྷ་ལུང་དཔལ་རྡོར་ཟེར་བའི་མིང་དེ་ལོ་རྒྱུས་སྟེང་མང་པོ་བྱུང་ཡོད་པས་དེ་བོད་ཀྱི་རིགས་རུས་ཤིག་ཀྱང་ཡིན་སྲིད། བཞི་ནས་གལ་ཏེ་ལྷ་ལུང་དཔལ་རྡོར་ཕྱིར་དབུས་གཙང་ཡུལ་དུ་སླེབས་པའི་དབང་དུ་བཏང་ནའང་།ཁོང་མ་མཐའ་ཡང་དགུང་ལོ་བརྒྱ་ཡས་མས་སུ་སོན་པས། སྐབས་དེ་ཙམ་ལ་ཁོང་གིས་ཁྱིམ་རྒྱུད་སྤེལ་ཟེར་བ་ནི་འཆལ་གཏམ་ཁོ་ན་ཡིན། དེར་མ་ཟད་ང་ཚོས་ལྷ་ལུང་དཔལ་རྡོར་མདོ་ཁམས་ས་ཆ་འགྲིམ་སྐབས་བརྒྱུད་པའི་གནས་དང་། ཡང་ན་སྒོམ་སྒྲུབ་བྱས་པའི་སྒྲུབ་ཕུག་གི་མང་ཉུང་ལས་ཀྱང་ཁོང་ཉིད་མདོ་ཁམས་ས་ཆར་ཡུན་རིང་བཞུགས་མྱོང་བ་ཤེས་ཐུབ་པས། རང་ཉིད་ཀྱི་འདོད་ཚུལ་ལ་ལྷ་ལུང་དཔལ་རྡོར་འདི་ཉིད་ཀྱང་མཁས་པ་མི་གསུམ་དང་འདྲ་བར་ཡུལ་མདོ་ཁམས་སྨད་དུ་སྐུ་གཤེགས་པར་འདོད། དེའི་རྒྱུ་མཚན་ལ་དང་པོ་ནི། ཁོང་ཕྱིར་དབུས་སུ་ཕེབས་ནས་འོད་སྲུང་ལ་དབང་བསྐུར་བ་དང་ཁྱིམ་རྒྱུད་སྤེལ་བའི་གནས་ཚུལ་དེ་དོན་དངོས་དང་མི་མཐུན་པ་གོང་ནས་བརྗོད་ཟིན་པ་དེ་ཡིན། གཉིས་པ་ནི་ངག་རྒྱུན་གཉིས་ཏེ། ངག་རྒྱུན་དང་པོ་ནི་མདོ་སྨད་ཡ་རྫི་ས་ཆའི་ལྷ་ལུང་མཚོ་ཁར་ད་ལྟའང་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་ཏུ་གྲགས་པ་ཞིག་ཡོད་ལ། ས་དེ་གའི་ངག་རྒྱུན་ལ་ལྷ་ལུང་དཔལ་རྡོར་ཚེ་མཇུག་ཏུ་སྒྲུབ་ཕུག་དེའི་རྒྱབ་ངོས་ཀྱི་འདབས་སུ་སྐུ་གཤེགས་ལ། ཁོང་གི་རུས་པ་ཡོད་སར་མེ་ཏོག་པདྨ་དཀར་པོ་ཞིག་སྐྱེས་མྱོང་བར་བཤད། ངག་རྒྱུན་གཉིས་པ་ནི་ལྷ་ལུང་དཔལ་རྡོར་སྐུ་ཚེ་སྨད་དུ་རི་བོ་དན་ཏིག་དང་ཁམས་ལྡན་ཡུལ་དུ་བྱོན་ནས་བསྟན་པ་ལ་བྱ་བ་མང་པོ་བྱས་མཐར་འོད་སྐུར་ཡལ་བར་གྲགས། དེ་དང་མཐུན་པར《འདན་མའི་ལོ་རྒྱུས་གསེར་གྱི་འོད་ཐིག》ཏུའང་།བོད་ཀྱི་ནང་ཆོས་ལ་མཛད་རྗེས་རླབས་པོ་ཆེ་ལྡན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེ། རིག་པའི་དཔའ་བོ་འཇུ་མི་ཕམ་བཅས་སྐྱེས་མཆོག་རྣམས་ཆོས་དབྱིངས་སུ་ཐིམ་པའི་གནསཞེས་འཁོད་ཡོད། ཁམས་འདན་ཡུལ་ནི་དངོས་གནས་བསྟན་པ་ཕྱི་དར་གྱི་གནས་འགངས་ཆེན་ཞིག་ཡིན་པ་དང་། ཁུ་རྔོག་འབྲོམ་གསུམ་སོགས་སྐྱེས་ཆེན་དམ་པ་མང་པོས་སྒྲུབ་པ་བྱེད་གནས་ཁྱད་པར་ཅན་ཞིག་ཀྱང་ཡིན། གནས་དེར་ད་ལྟའང་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་མཇལ་རྒྱུ་ཡོད། རྒྱུ་མཚན་འདི་དག་གིས་ལྷ་ལུང་དཔལ་རྡོར་མདོ་ཁམས་སྨད་དུ་གཤེགས་པར་ཁ་ཚོན་གཅོད་མི་ཐུབ་ཀྱང་། ས་ཆ་གཞན་དུ་འདི་འདྲའི་གནས་ཚུལ་དང་ངག་རྒྱུན་མེད་པས། མདོ་ཁམས་སྨད་དུགཤེགས་པའི་བཤད་སྒྲོས་འདི་བདེན་པར་འདོད། ཡང་ལུང་མདོའི་ཕུ་ལ་ཡང་རྫོང་གི་མཁས་པ་མི་གསུམ་གྱི་སྒྲུབ་ཕུག་གི་ཞོལ་དུ་ཁོང་གི་སྒྲུབ་ཕུག་ཅིག་ཀྱང་ཡོད་པར་གཞིགས་ན། ཕལ་ཆེར་ཁོང་འདན་ཡུལ་དུ་གཤེགས་པར་བཤད་པའི་ངག་རྒྱུན་དེ་བདེན་པར་འདོད། གཤེགས་པའི་དུས་ཀྱང་ཕལ་ཆེར་དུས་རབས་དགུ་བའི་དུས་མཇུག་དང་དུས་རབས་བཅུ་བའི་སྟོད་ཙམ་ལ་འཁེལ་དགོས།


ཞོར་དུ་ཁོང་གི་མཛད་རྗེས་ཅུང་ཟད་གླེང་ན། ལོ་ངོ་ཉི་ཤུ་ཙམ་གྱི་སྔ་རོལ་ཏུ་ལྷ་ལུང་དཔལ་རྡོར་ལ་མཛད་རྗེས་ཅི་ཞིག་ཡོད་ཅེས་བྲིས་ན། བོད་པ་ཕལ་ཆེར་གྱིས་འདིའི་ལན་དུ་གླང་དར་མ་བཀྲོངས་པ་དེ་མཛད་རྗེས་དང་པོར་བཞག་ནས་ཡིན་ལན་སློག་པར་ཐེ་ཚོམ་ཅི་ཡང་སྐྱེས་མི་དགོས། ཡིན་ནའང་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་བོད་ཀྱི་དཔྱོད་ལྡན་པ་དང་ཤེས་ལྡན་པ་མང་པོ་ཞིག་གིས། ལོ་རྒྱུས་ཁྲོད་ཀྱི་དོན་རྐྱེན་མང་པོའི་ལྟ་ཚུལ་ལས་འགོངས་ཏེ་ཕྱིར་རྟོག་གི་ལམ་ནས་བོད་ཀྱི་ལོ་རྒྱུས་ལ་བསྐྱར་དུ་གདེང་འཇོག་བྱེད་བཞིན་ཡོད། དེར་མཁར་རྨེའུ་བསམ་གཏན་གྱིས་ཀྱང་།རྒྱལ་པོ་ཁྲི་དར་མ་སངས་རྒྱས་ཆོས་ལུགས་མི་སྣས་བཀྲོངས་པ་ནི། རང་གིས་ཧ་ཅང་གཅེས་པའི་རྒྱལ་པོའི་སྦྱིན་བདག་གི་གདུང་རབས་བཅད་པར་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་སངས་རྒྱས་ཆོས་ལུགས་མི་སྣས་བྱས་རྗེས་ཧ་ཅང་ཆེན་པོ་ཞིག་བཞག་པ་རེད། གང་ལགས་ཤེ་ན། རྒྱལ་པོ་ཁྲི་དར་མ་བཀྲོངས་པ་ནས་བཟུང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བ་ཕུད། བོད་རང་གི་སྲིད་གཞུང་དང་མི་དམངས་ཁ་བྲལ་ཏེ་བོད་སིལ་བུར་འཐོར་ནས་ལོ་ངོ་ཆིག་སྟོང་བརྒྱ་ཙམ་རིང་སྔོན་བྱོན་བཙན་པོ་རྣམས་ཀྱི་སྐུ་རིང་ལྟར་བོད་སྤྱི་ལ་དབང་བསྒྱུར་བའི་སྲིད་གཞུང་ཞིག་རྩ་བ་ནས་འཛུགས་མ་ཐུབ་པ་འདི་བྱུང་བ་རེདཅེས་བོད་ཀྱི་སྲོལ་རྒྱུན་བསམ་བློ་ལས་འགོངས་པའི་ལྟ་ཚུལ་གསར་པ་བཏོན་ཡོད་ལ། དེ་དང་མཐུན་པར་དེང་རབས་ཞིབ་འཇུག་གི་ལས་ལ་གཞོལ་བའི་རྒན་དར་གཞོན་གསུམ་མང་པོ་ཞིག་གི་སྨྱུག་རྩེ་ན་འཕྱོ་བའི་གྲུབ་དབང་ལྷ་ལུང་དཔལ་རྡོར་ཉིད་ཀྱང་གནམ་ནས་སར་ལྷུང་སྟེ་མི་རིགས་ཀྱི་ལོ་རྒྱུས་ཉེས་ཅན་ལྟ་བུར་གྱུར་པ་ཡོད། ཡང་དེང་རབས་ཀྱི་རྩོམ་མཁན་ཁ་ཤས་ཀྱིས་རྒྱལ་པོ་འུ་དུམ་བཙན་གྱིས་ཆོས་བསྣུབས་མེད་པར་མ་ཟད། དེ་ལས་ལྡོག་སྟེ་དམ་ཆོས་རྒྱ་ཆེར་སྤེལ་ཡོད་པའི་སྐོར་ཡང་མང་པོ་བརྗོད་ཡོད། བཤད་ཚུལ་དེ་དག་ཁུངས་བཙུན་པར་མི་སྙམ། གལ་ཏེ་དེ་ལྟ་བུ་ཡིན་པའི་དབང་དུ་བཏང་ན་རབ་བྱུང་པ་བསམ་ཡས་ཀྱི་མཁན་པོ་ལྷ་ལུང་དཔལ་རྡོར་གྱིས་རྩ་བའི་འདུལ་ཁྲིམས་དང་འགལ་ཏེ། རྒྱལ་པོ་འུ་དུམ་བཙན་བཀྲོངས་པའི་དགོས་པ་ཅི་ཡང་མི་འདུག་ལ། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་བཀྲོངས་མེད་པའི་བཤད་ཚུལ་དེའང་རང་བཞིན་གྱིས་དོན་དངོས་དང་མཐུན་དགོས། དེ་བས་དྲང་པོར་བརྗོད་ན་སྲིད་ཕྱོགས་སུ་མཁར་རྨེའུ་བསམ་གཏན་གྱིས་བརྗོད་པ་ནང་བཞིན། ཁོས་མི་རིགས་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་པ་མིག་མཐོང་ལག་ཟིན་ཏུ་གྱུར་པའི་དངོས་དོན་ཞིག་ཡིན་ནའང་། ང་ཚོས་ཆོས་ཕྱོགས་ཀྱི་ངོས་ཐད་ནས་བཤད་ན། ཁོང་རང་ཐུབ་བསྟན་གྱི་དོན་དུ་ཐུབ་པའི་དགོངས་པ་དང་འགལ་བའི་བྱ་སྤྱོད་དེ་ཆོས་ལུགས་འཕེལ་རྒྱས་ཀྱི་སླད་ཡིན་པས། ཁོང་གི་མཛད་རྗེས་ཤིག་ཏུ་རྩིས་ཆོག་པར་འདོད། མཛད་རྗེས་གཉིས་པ་ནི་བླ་ཆེན་པོ་དགོངས་པ་རབ་གསལ་བསྙེན་རྫོགས་བྱེད་སྐབས་དགེ་སློང་ལྔ་སྡེ་མ་ཚང་བར། ལྷ་ལུང་དཔལ་རྡོར་གྱིས་ཕྱོགས་བཞིར་བཙལ་ཏེ་ཧྭ་ཤང་གཉིས་ཀྱིས་ཁ་བསྐངས་མཛད་དེ། བསྟན་པའི་མེ་རོ་གསོ་བར་མཐུན་རྐྱེན་བསྐྲུན་པ་དེ་ཡིན། མཛད་རྗེས་གསུམ་པ་ནི་འདི་ཉིད་ཀྱིས་མཁས་པ་མི་གསུམ་ཕྱི་ནང་གི་བཀག་རྐྱེན་ལས་ཐར་པར་བྱས་ཏེ། མདོ་སྨད་ཡུལ་དུ་བུ་སློབ་བསྐྱངས་པར་གྲོགས་མཛད་པ་དེ་ཡིན་པར་འདོད། མཁས་པ་མི་གསུམ་ཕྱི་ནང་གི་བཀག་རྐྱེན་ལས་ཇི་ལྟར་ཐར་པར་བྱས་ཚུལ་ལོ་རྒྱུས་ཡིག་ཚང་ཁག་ཏུ་མི་གསལ་མོད། འོན་ཀྱང་ང་ཚོས་མདོ་སྨད་ཡུལ་དུ་དམར་གཡོ་གཙང་གསུམ་གྱི་སྒྲུབ་ཕུག་ངོས་འཛིན་གནང་སར་ཉེ་སར་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་ཅིག་ཀྱང་མཐོང་ཐུབ་པའི་གནས་ཚུལ་འདིར་གཞིགས་ན། སྐབས་དེར་ལྷ་ལུང་དཔལ་རྡོར་གྱིས་མཁས་པ་མི་གསུམ་གྱི་རྗེས་འབྲངས་སྐུ་སྲུང་པ་ལྟ་བུའི་འགན་ཁུར་ཡོད་པ་མ་ཡིན་ནམ། ད་དུང་མཛད་རྗེས་གཞན་ཞིག་ནི་ཁོང་གིས་མདོ་སྨད་དུ་སློབ་བུ་བསྐྱངས་ཡོད། རེབ་གོང་གྲུབ་གནས་བརྒྱད་ཀྱི་ལོ་རྒྱུས་དྭངས་གསལ་ཤེལ་གྱི་འཁར་བརུ།ཡོངས་གྲགས་ཀྱིས་གྲུབ་ཆེན་བརྒྱད་ཀ་དཔལ་གསང་བའི་རྣམ་འཕྲུལ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སློབ་མར་འདོད་མཁན་ཡོད་ཅིང་། དེ་ལ་གྲུབ་ཐོབ་བརྒྱད་ཀྱིས་བསྐོར་བའི་པར་རྙིང་བ་ཞིག་ཤེལ་དགོན་ན་བཞུགས་ཡོད་ཀྱང་། ཐམས་ཅད་སློབ་མ་མིན་པ་དུས་སྔ་ཕྱི་མི་མཚུངས་པས་ཤེས་སླ་ལ། འགའ་རེ་ཞལ་སློབ་ཡིན་པ་བདེན་སྙམཞེས་གསུངས་པ་དང་།དེ་དང་ཆ་འདྲ་བར《རོང་བོ་དགོན་པའི་གདན་རབས》ལས།སྤྱིར་ཡོངས་གྲགས་ཀྱིས་གྲུབ་ཆེན་བརྒྱད་ཀ་དཔལ་གསང་བའི་རྣམ་འཕྲུལ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སློབ་མར་འདོད་མཁན་ཡོད་ཀྱང་། དེ་དག་རྣམས་ཀྱང་སློབ་དཔོན་པདྨས་དངོས་བརྒྱུད་ཀྱི་གདམས་པ་ཉམས་སུ་བླངས་ནས་ཚེ་ཡི་རིག་འཛིན་བརྙེས་པར་བཤད་མ་དགོས་ཀྱང་། ཚུལ་དེ་ལ་བལྟས་ནས་སྔོན་ཆད་ཤེལ་དགོན་དུ་དཔལ་གྱི་རྡོ་རྗེ་གྲུབ་ཐོབ་བརྒྱད་ཀྱིས་བསྐོར་ཏེ་བླ་སློབ་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ལྟ་བུའི་འདྲ་རིས་ཀྱི་ཤིང་དཔར་ཞིག་ཀྱང་ཡོད་དོ ཞེས་འཁོད་པར་གཞིགས་ན། རེབ་གོང་གྲུབ་ཐོབ་བརྒྱད་དམ་ཡང་ན་དེའི་ནང་གི་ཁ་ཤས་ཁོང་གི་སློབ་མའི་ཡ་གྱལ་དུ་གྱུར་ཡོད་པར་མ་ཟད། གྲུབ་ཆེན་ལོ་ཁོག་ཐོག་འཛིན་དང་། དགུ་རོང་ཨ་ལྕགས་གཡའ་མ་མེ་འབུད། དགུ་རོང་རྨ་སྐམ་ཉི་མ་ཐག་གཏོད། དགུ་རོང་ཀ་བ་མེ་ཏོག་ཆར་འབེབས་བཅས་དགུ་རོང་གྲུབ་ཆེན་སྤུན་གསུམ་ལ་སོགས་པའི་གཅན་ཚའི་ཁྲོ་བོ་བཅུ་ལས་འགའ་ཞིག་ཁོང་གི་དངོས་སློབ་ཏུ་གྱུར་ཡོད་ཚུལ་གནས་ཀྱི་ལོ་རྒྱུས་དང་ངག་རྒྱུན་དག་ན་གསལ། །






① ཐུབ་བསྟན་འོད་ཟེར་བསྟན་པའི་ཉི་མ། རྙིང་མའི་ཆོས་འབྱུང་། གླེགས་བམ་དང་པོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992:258


 ལྡེའུ་ཇོ་སྲས། ལྡེའུ་ཆོས་འབྱུང་། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1987:123-124


 ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:405


 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བསྒྲིགས། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990:67




 ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:421




⑥ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། ཁྲི་རལ་གཤེགས་རྐྱེན་དང་གླང་དར་བཀྲོངས་མིན་ལ་དཔྱད་པ། [J] སྦྲང་ཆར། 1992:58


 ཚེ་ཏན་ཞབས་དྲུང་། བསྟན་རྩིས་ཀུན་བཏུས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982:139


ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990:67




མཁར་རྨེའུ་བསམ་གཏན་རྒྱལ་མཚན། མདའ་དང་འཕང་། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2007:15




⑩ ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ། པོད་གསུམ་པ། [M] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 201:446


 འཇིགས་མེད་ཐེག་མཆོག རོང་བོ་དགོན་པའི་གདན་རབས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988:51



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1