“མེ་གསོད་སྐབས་ཁོང་རྟག་ཏུ་འཐབ་ཕྱོགས་མདུན་མར་འགྲོ་གི་ཡོད”
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཝུན།
“གྲོང་མི་རྣམས་མགྱོགས་པོ་ཁ་ཁྲོམས་ཤིག ང་མེ་གསོད་པར་འགྲོ་ཡི་ཡིན” ཟླ་3ཚེས་31ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་མུ་ལི་རྫོང་གི་གདོད་མའི་ནགས་ཚལ་ལ་མེ་སྐྱོན་བྱུང་ནས་དུ་བ་ལང་ལོང་དུ་འཕྱུར། ས་གནས་ས་ཐོག་ཏུ་མེ་གསོད་བཞིན་པའི་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཡང་ཟླ་བ་མེ་ཤོར་སའི་ལྟེ་གནས་སུ་བསྐྱོད།
གཏམ་ངན་གློ་བུར་དུ་ཁྱབ་པ་སྟེ། རླུང་ཤུགས་དང་རླུང་ཕྱོགས་ལ་གློ་བུར་དུ་འགྱུར་ལྡོག་ཕྱིན་ནས་ནགས་ཚལ་གྱི་མེ་སྐྱོན་ཆེ་རུ་ཕྱིན་ཞིང་། གཡང་ཟླ་བ་ཚུད་པའི་ནགས་ཚལ་མེ་གསོད་རུ་མི་27དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་3ནགས་ཚལ་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད།
མུ་ལི་རྫོང་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་ཉུང་ཡིན་པ་དང་། སྤྱི་ལེ་ངོས་གྲུ་ཁྲི་1.3ལྷག་ཙམ་ཟིན་པའི་རྫོང་ཁོངས་ཀྱི་ས་ཁྱོན་བཅུ་ཆ་བདུན་ཙམ་ནགས་ཚལ་རེད། ནགས་ཚལ་མེ་སྐྱོན་སྔོན་འགོག་བྱ་ཆེད། རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་མེ་གསོད་ཡོ་བྱད་དང་ལམ་རྒྱགས་བླུགས་པའི་རྡོག་ཁྲེས་གྲ་སྒྲིག་བྱས་པ་དང་། ཟླ་3ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་10པའི་གཡས་གཡོན་དུ་ལས་དུས་འཕར་མ་བྱེད་བཞིན་པའི་གཡང་ཟླ་བས་མེ་སྐྱོན་གྱི་གནས་ཚུལ་ཐོས་མ་ཐག་འཕྲལ་དུ་རྡོག་ཁྲེས་ཁུར་ནས་མེ་གསོད་སར་བསྐྱོད་པའི་རླངས་འཁོར་ལ་འཛེགས། “མེ་གསོད་སྐབས་ཁོང་རྟག་ཏུ་འཐབ་ཕྱོགས་མདུན་མར་འགྲོ་གི་ཡོད”ལས་རོགས་ཀ་ལུང་གི་དྲན་ཤེས་སུ་གཟུགས་སྟོབས་ཆེ་བའི་བོད་རིགས་ཕོ་གཞོན་དེ་ནི་ནགས་སྲུང་མེ་ཟོན་གྱི་ལས་དོན་སྒྲུབ་སེམས་ཆེན་པོ་ཡོད་པ་ཞིག་རེད།
ཟླ་2ཚེས་10ཉིན། མི་རྣམས་ད་དུང་དཔྱིད་གསར་དུས་ཆེན་གྱི་དགའ་དགའ་སྤྲོ་སྤྲོའི་རྣམ་པར་རོལ་བའི་སྐབས་སུ། མུ་ལི་རྫོང་སན་ཅའོ་ཡ་ཤང་དུ་ནགས་ཚལ་མེ་སྐྱོན་ཐོན་པ་དང་། གཡང་ཟླ་བས་རུ་ཁག་གི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་མེ་གསོད་པར་བསྐྱོད། ཉིན་གཉིས་སོང་རྗེས་ཁོང་ཐང་ཆད་ནས་ཚན་པར་ལོག མར་བསྡད་དེ་འགྱིག་ལྷམ་སེར་པོ་ཕུད་སྐབས་རྐང་པ་གཉིས་ཀའི་རྐང་མཐིལ་ལ་ཆུ་ལྒང་དོན་ནས་ཁྲག་དང་ཆུས་རྐང་ཤུབས་རྦད་དེ་བརླན། ལས་རོགས་ཚོ་ཁོང་ལ་སྙིང་རྗེ་ཐག་ཆོད་ཀྱང་ཁོང་གིས“རི་ཁྲོད་དུ་མེ་གསོད་སྐབས་དངངས་སྐྲག་ཆེན་པོ་སྐྱེས་ནས་དོ་སྣང་མ་བྱུང”ཞེས་གད་མོ་འཚེར་འཚེར་ངང་བཤད།
མེ་སྐྱོན་གྱི་གནས་ཚུལ་ཐོས་རིམ་བཞིན་གཡང་ཟླ་བས“ང་ནགས་ཁྲོད་དུ་མེ་གསོད་པར་འགྲོ་ཡི་ཡིན་པས་ཉིན་འགའ་ཤས་སོང་ན་ལོག་ཡོང་གི་ཡིན”ཞེས་ཁ་པར་རྒྱག་ངེས་ཡིན་པ་ནང་མིས་ཤེས་ཀྱི་ཡོད། ཐེངས་ཤིག་ཁོང་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་སྐབས་བཟའ་ཟླའི་ཁ་པར་ཞིག་འབྱོར་ནས་ཕྲུ་གུ་ས་ཆ་གཞན་དུ་སློབ་གྲྭར་གཏོང་བའི་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡིན་ཞེས་བཤད། ཁོང་གིས“ང་དངོས་འབྲེལ་འགྲོ་ཐུབ་པ་མི་འདུག བུ་ཆེན་པོ་དེ་འདྲ་ཆགས་པས་སོ་སོ་ཕྱིན་ན་འགྲིག་ཅེས་བཤད” གཞོགས་སུ་ཡོད་པའི་ལས་རོགས་ལིའུ་ཤིན་ལིན་གྱིས་ཁོང་ལ་བུ་ཕྱིར་འགྲོ་ཐེངས་དང་པོ་ཡིན་པས། ཨ་ཕ་ཞིག་གི་ངོས་ནས་བརྗོད་ན་བུ་སྐྱེལ་བར་འགྲོ་དགོས་ངེས་རེད་ཅེས་ཁ་ཏ་བསླབ་བྱ་བྱས། “མཐར་ཁོང་གིས་ཉིན་གསུམ་དགོངས་པ་ཞུས། འོན་ཀྱང་མ་ཐོན་གོང་སླར་ཡང་ལས་འགན་ཞིག་འབྱོར་ནས་བུ་སྐྱེལ་བར་འགྲོ་ཐུབ་མེད”ཅེས་ལིའུ་ཤིན་ལིན་གྱིས་བཤད།
ཟླ་3ཚེས་30ཉིན་གྱི་དགོང་མོར། ལིའུ་ཤིན་ལིན་དང་གཡང་ཟླ་བ་ལས་དུས་འཕར་མ་མཉམ་དུ་བྱས། ཡིག་ཆ་ཞིག་ལ་ཞིབ་བསྡུར་བྱེད་སྐབས་སླར་ཡང་མེ་སྐྱོན་ཐོན་པའི་གནས་ཚུལ་ཞིག་འབྱོར། “མ་གཞི་བྱས་ན་ཁོང་འགྲོ་དགོས་མེད། འོན་ཀྱང་མེ་སྐྱོན་ཐོན་ཡུལ་གྱི་ཁོར་ཡུག་ལ་ཁོང་རྒྱུས་མངའ་ཆེན་པོ་ཡོད་པས་འཕྲལ་དུ་རང་ཉིད་འགྲོ་བའི་རེ་ཞུ་བྱས” གཡང་ཟླ་བ་མ་ཐོན་གོང་གི་གནས་ཚུལ་ལིའུ་ཤིན་ལིན་གྱིས་བརྗེད་པར་དཀའ་བ་ཞིག་ཡིན་པ་སྟེ“ཁོང་གིས་རྡོག་ཁྲེས་ཁུར་ནས་ཕྱིར་འགྲོ་བཞིན་དུ་ང་ཕྱིན་ནས་མར་ལོག་རྗེས་ང་གཉིས་ཡིག་ཆ་དེར་ད་དུང་ཞིབ་བསྡུར་བྱེད་ཀྱི་ཡིན”ཞེས་ལིའུ་ཤིས་ལིན་ལ་བཤད།