ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་རྒྱུས་ནི་ཡར་ཀླུང་གཙང་པོའི་རླབས་རྒྱུན་ཇི་བཞིན་མུ་ནས་མུ་ལ་བཞུར་གྱི་ཡོད་ཅིང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བོད་དུ་བཅིངས་འགྲོལ་བཏང་ཚུན་དུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དྲིན་ཚོར་གྱི་བསམ་པ་དང་རྣམ་འགྱུར་གྱིས་དར་དམར་འོག་གི་ཏང་གི་གཟི་འོད་ཁྲོད་གནས་ཤིང་མེས་རྒྱལ་གྱི་དྲོ་སྐྱིད་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་ཆེད། ས་མཐོའི་བུ་ཕྲུག་ཚོས་ཐབས་ལམ་ཅི་རིགས་ཀྱི་ལམ་ནས་ཁོང་ཚོའི་མེས་རྒྱལ་མ་ཡུམ་ལ་རྟེན་འབྲེལ་ཞུ་བཞིན་ཡོད་པ་སྟེ། ཟླ་9ཚེས་23ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་ཏེ་རྫོང་ཡོངས་ཀྱི་མི་དམངས་ཀྱིས་མེས་རྒྱལ་མ་ཡུམ་ལ་བཅངས་པའི་རྟེན་འབྲེལ་ཟབ་མོ་ཞུས་ཡོད་པ་རེད།
པར་འདི་ནི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་རེད།
ད་ལོར་ལོ་ན77ལ་སླེབས་པའི་བསོད་ནམས་ནོར་བུས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་ལག་ཏུ་ཐོགས་ནས་རིག་རྩལ་འཁྲབ་སྟོན་ལ་ལྟ་བར་ཡོང་ཡོད། མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་ཁྲུང་གྲོང་ཚོའི་ཁྲལ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བསོད་ནམས་ནོར་བུར་མཚོན་ན། འཁྱག་ལྟོགས་ཀྱིས་མནར་བ་ནི་ཁོས་བྱིས་དུས་ཀྱི་ལོ་ཟླའི་དྲན་ཤེས་ཟབ་ཤོས་དེ་ཡིན་ལ། “ཆུང་དུས་ང་རང་ཨ་ཕའི་རྗེས་འབྲངས་ནས་ཐང་སྐྱ་དགོན་པར་ཁྲལ་པ་བྱས་པ་ཡིན་ལ།དེ་དུས་ཕོ་བ་ལྟོགས་ཤིང་རྒྱབ་ལ་གོན་པ་མེད་པའི་འཚོ་བ་སྡུག་པོ་རོལ་བ་ཡིན”ཟེར།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་པ་དེས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་རྩ་གཏོར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བསོད་ནམས་ནོར་བུ་དང་འདྲ་བའི་བོད་ཀྱི་མི་དམངས་ལ་བསྐྱར་སོན་གྱི་འཚོ་བ་བསྐྲུན་པ་རེད། “སྐབས་དེར་ངའི་ཁྱིམ་ལ་ས་ཞིང་མུའུ་14དང་རྟ་གཅིག ནོར་གཉིས་བགོས་ཡོད”ཅེས་དགུང་གྲངས77ལ་སླེབས་པའི་བསོད་ནམས་རིག་འཛིན་གྱིས་1959ལོར་ཐོན་པའི་གནས་ཚུལ་གསལ་ལྷང་ངེར་དྲན་གྱི་འདུག“དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་གུང་ཁྲན་ཏང་གིས་ང་ལ་སྤྲད་པ་ཡིན་ཏེ།མལ་གྲོ་གུང་དཀར་དང་པེ་ཅིང་གཉིས་དོན་དངོས་སུ་བར་ཐག་ཅུང་རིང་པོ་ཡོད་ནའང་།ང་ཚོ་དང་མེས་རྒྱལ་མ་ཡུམ་གྱི་སེམས་པའི་བར་ཐག་ཤིན་ཏུ་ཉེ”ཞེས་ཟེར།
པར་འདི་ནི་འཁྲབ་སྟོན་ལ་བལྟ་རུ་ཡོང་བའི་སློབ་མ་རེད།
རིག་རྩལ་འཁྲབ་སྟོན་གྱི་བྱེད་ནི《མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག》ཅེས་པའི་ཞབས་བྲོའི་ཁྲོད་འགོ་བརྩམས་ཤིང་།《མཛེས་སྡུག་ལྡན་པའི་དུས་རབས》《མཛེས་སྡུག་ལྡན་པའི་མལ་གྲོ》《བདེ་སྐྱིད་ལྡན་པའི་བོད་པ》ཞེས་པ་སོགས་སྙན་འཇེབས་ལྡན་པའི་གླུ་གཞས་བཏང་ནས་མལ་གྲོ་གུང་དཀར་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཚད་མེད་དང་སེམས་གཏིང་གི་སྨོན་འདུན་ཟབ་མོ་མཚོན་པར་བྱས་པ་དང་། རིག་རྩལ་འཁྲབ་སྟོན་ཧྲིལ་པོ་ནི《མེས་རྒྱལ་གྱི་དྲིན་ཚོར་བ》དང《མེས་རྒྱལ་ལ་སྨོན་འདུན་ཞུ་བ》《མེས་རྒྱལ་ལ་བསྟོད་གླུ་འབུལ་བ》བཅས་འཁྲབ་ཚན་གསུམ་གྱིས་གྲུབ་ཡོད་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70སོང་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་མལ་གྲོ་གུང་དཀར་རྫོང་གི་ཕྱོགས་བསྡུས་དཔལ་འབྱོར་དངོས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། དཔལ་འབྱོར་བསྡོམས་འབོར་དང་མི་རེའི་ཆ་སྙོམས་ཆུ་ཚད་གང་ཡིན་
རུང་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་སྐས་རིམ་ཁ་ཤས་བསྟུད་མར་བརྒལ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མལ་གྲོ་གུང་དཀར་རྫོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནི་1978ལོའི་སྒོར་དུང་ཕྱུར་0.05ནས་2018ལོའི་སྒོར་དུང་ཕྱུར་34.53བར་འཕར་བ་དང་། རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་1978ལོའི་སྒོར་50ནས་2018ལོའི་སྒོར་14300བར་འཕར་ནས་ལྡབ་286འཕར་ཡོད་པ་རེད།
པར་འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་དངོས།
“ཏང་གི་སྲིད་ཇུས་བཟང་པོའི་འོག་ངའི་ཁྱིམ་མལ་གྲོ་གུང་དཀར་རྫོང་དུ་སྤོས་ཡོད་ཅིང་འདི་གར་སྡོད་ཁང་གི་ཆ་རྐྱེན་ལེགས་ཤིང་། ད་སྐབས་བཟའ་བཏུང་གང་ཐད་ཀྱང་སེམས་ཁྲལ་མེད་པས་ངེད་བཟའ་མི་གང་བོའི་འཚོ་བ་ཤིན་ཏུ་སྐྱིད་པོ་རེད”ཅེས་དེ་གར་གནས་སྤོར་མཁན་གངས་འཚོས་ང་ཚོས་ནམ་ཡང་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན་ཞེས་ཟེར།
2018ལོར་མལ་གྲོ་གུང་དཀར་རྫོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་ཞིབ་བཤེར་རྩིས་ལེན་བརྒྱུད་ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་པ་དང་། གཞི་རྩའི་ཆ་ནས་དབུལ་ཕོངས་སེལ་ནས་ལྟོ་གོས་གཉིས་འཛོམས་བར་དང་། དེ་ནས་སྤྱི་ཡོངས་དབུལ་སྒྲོལ་ཐུབ་པ་བྱས་ཏེ“གནམ་མཐའི་ཕ་ཡུལ”ཞེས་གྲགས་པའི་མལ་གྲོ་གུང་དཀར་རྫོང་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་འབེན་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད།
པར་འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་དངོས་རེད།
འདས་པའི་ལོ་ཟླར་ཕྱིར་དྲན་བྱས་ཚེ། དབུལ་ཕོངས་རྗེས་ལུས་ཀྱི་ས་མཐོའི་ཡུལ་གྲུ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྡུག་མཉམ་མྱོང་གིས་འབད་འཐབ་བྱས་པ་བརྒྱུད་ད་ཆ་མཛེས་སྡུག་ལྡན་ལ་འབྱོར་ཕྱུག་དང་བརྟན་ལྷིང་འཆམ་མཐུན་གྱི“གནམ་མཐའི་ཕ་ཡུལ”དུ་གྱུར་ཡོད། མ་འོངས་པར་རྒྱང་ལྟ་བྱས་ཚེ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་སྔར་བས་གོང་འཕེལ་དང་དམངས་གཙོ་སྔར་བས་འཐུས་ཚང་། ཚན་སློབ་སྔར་བས་ཡར་ཐོན། རིག་གནས་སྔར་བས་དར་རྒྱས། སྤྱི་ཚོགས་སྔར་བས་ཞི་མཐུན། མི་དམངས་ཀྱི་འཚོ་བ་སྔར་བས་ཕྱུག་པོ་བཅས་ཡོང་སྟེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ངེས་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70སོང་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་ཀྱིས་ཀྲུང་གོ་བ་ཚང་མར་སྤོབས་པ་ཚད་མེད་སྐྱེས་ཤིང་། མལ་གྲོ་གུང་དཀར་རྫོང་སློབ་ཆུང་གི་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས“མེས་རྒྱལ་གྱི་ནམ་ཡང་གསོན་ཤུགས་འཕེལ་བ་དང་དེ་བས་འོད་སྟོང་འཕྲོ་བའི་སྨོན་འདུན་ཞུ”ཞེས་ཟེར།