སྤྱི་ཟླ་9པའི་ཚེས28ཉིན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་དར་མདོའི་སྦྲེལ་ལམ་གྱི་ཨར་ལས་ཡོངས་སུ་གྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།
གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དར་མདོའི་སྦྲེལ་ལམ་ནི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དང་གཡག་མདོ་མྱུར་བགྲོད་གཞུང་ལམ་བར་སྦྲེལ་བ་དང་། གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒྱུད་ལམ་སྦྲེལ་མཐུད་བྱས་པའི་བར་ཚིགས་ཀྱི་ཨར་ལས་གལ་ཆེན་ཤིག་ཡིན་ཞིང་། གཙོ་བོ་ཁག་བཞི་ལས་གྲུབ་པ་སྟེ། ཧྲེང་ཧང་ཟམ་ཆེན་དང་ཧྲེང་ཧང་ལམ་མདོ། དར་མདོའི་དངུལ་ལེན་ཐང་ཆེན། གྲོང་ཞུགས་རྒྱ་སྐྱེད་ལམ་བཅས་ཡིན། དར་མདོའི་སྦྲེལ་ལམ་ཨར་ལས་ཐད་ས་གཤིས་ཀྱི་ཆ་རྐྱེན་རྙོག་དྲ་ཆེན་བ་དང་ཨར་ལས་ཀྱི་ཆ་རྐྱེན་ཆེས་སྡུག་པ། དེ་བཞིན་སྐྱེ་ཁམས་ཀྱི་ཆ་རྐྱེན་ཆེས་ཉམས་ཞན་བཅས་ཀྱི་དཀའ་ངལ་ལ་གདོང་གཏད་བྱས་ཡོད་པ་རེད།
རླངས་འཁོར་ཤར་གཏོང་ཐུབ་རྗེས། ལམ་བུ་འདི་བརྒྱུད་ནས་དར་མདོ་གྲོང་ཁྱེར་དུ་བསྐྱོད་པའི་རླངས་འཁོར་ཤར་བགྲོད་བྱེད་ཚད་ཆེ་རུ་གཏོང་ཐུབ་པ་དང་། གཡག་མདོ་མྱུར་བགྲོད་གཞུང་ལམ་ལས་གྲོང་ཞུགས་ལམ་ཚིགས་སུ་འགྲིམ་འགྲུལ་འཚང་བའི་དཀའ་གནད་སེལ་ཐུབ་ཅིང་། འཁོར་གཏོང་ཡུལ་སྐོར་བྱེད་མཁན་རྣམས་སྔར་ལས་སྟབས་བདེར་ཕྱིན་པ་རེད། །