ཉེ་ཆར། ཡིག་བྲི་དུང་ཕྱུར་གཅིག་དང་ས་ཡ་གསུམ་ཡོད་པའི་《 བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 པོད་300ཅན་གྱི་དཔེ་ཚོགས་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་རྒྱལ་ས་པེ་ཅིན་གྱི་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས་ཏེ། གེ་སར་རིག་གནས་ཁྱབ་ཁོངས་སུ་གདེང་འཇོག་ཚད་ཆེས་ཆེར་གནང་བ་དང་ལྷག་པར་དུ་རྒྱལ་ཡོངས་སྨྱན་སྦྱོར་ལས་རིགས་ཀྱིས་དོ་སྣང་རྒྱ་ཆེན་པོ་ཐོབ་སྟེ། གེ་སར་རིག་གནས་ཀུན་གྱི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར།
དོན་དམ་དུ་སྤྱི་ཟླ་7པའི་ཚེས་27ཉིན། 《 བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 པོད་300ཡི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་དེ་གནའ་གྲོང་ཞི་ཨན་ཆུས་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སྤེལ་ཏེ། རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཐོག་མར་བཏོན་པ་དང་། སྤྱི་ཟླ་8པའི་ཚེས་14ཉིན། ཧྲང་ཧའེ་ནས་དེབ་གསར་མཉམ་སྤྱོད་ཚོགས་འདུ་འཚོགས་པ་རེད།
ཐོག་མའི་ཀུན་སློང་།
དེ་ཡང་བོད་མི་རེའི་ཁ་ན་སྒྲུང་རེ་ཞེས་པ་ལྟར་དུས་རབས་བཅུ་གཉིས་པ་ཡས་མས་ནས་གླིང་སྒྲུང་དེ་ཉིད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ད་བར་གྱི་ལོ་ངོ་བརྒྱ་ཕྲག་བརྒྱད་ལྷག་རིང་གི་འཕེལ་རྒྱས་དང་། ཁྱབ་གདལ། འཕོ་འགྱུར་བཅས་བརྒྱུད་ནས་སྒྲུང་རབས་ཆེན་མོའམ་སྒྲུང་འབུམ་ཆེན་མོ་ཞིག་ཏུ་གྲུབ། བརྒྱུད་རིམ་དེའི་ནང་བོད་ཡུལ་སྟོད་སྨད་བར་གསུམ་དུ་སྒྲུང་མཁན་བརྒྱ་ཕྲག་དུ་མ་དུས་མཉམ་མམ་རབས་དང་རབས་སུ་བྱོན་ཏེ་གླིང་སྒྲུང་འཆད་གྱེར་གནང་ཞིང་། དུས་མཚུངས་སུ་འཆད་གྱེར་གནང་བའི་སྒྲུང་རྣམས་ཅི་རིགས་པ་ཡིག་ཐོག་ཏུ་ཕབ་འབྲི་དང་ལེགས་སྒྲིག་ཀྱང་མཛད་སྲོལ་བྱུང་བས་གླིང་སྒྲུང་རབས་ཀྱི་དཔེ་ཆ་མང་པོ་འཇིག་རྟེན་མིག་གི་དགའ་སྟོན་དུ་བཤམས།
ཁྱད་པར་དུ་བོད་རབ་བྱུང་བཅུ་བདུན་པའི་དུས་སྨད་དུ་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་བོད་སྲིད་སྐྱོང་སྐབས (1727-1757) ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱིས་《 ཧོར་གླིང་གཡུལ་འགྱེད།》ཀྱི་སྟོད་ཆ་ཆེན་མོ་ཞིག་ཡིག་ཐོག་ཏུ་ཕབ་གནང་མཛད།
ཡིན་ན་ཡང་དཔེ་ཆ་དེ་དག་ཕྱོགས་གཅིག་བསྡུས་པའི་དཔེ་ཚོགས་ངེས་ཅན་ཞིག་གྲུབ་མ་ཐུབ།
1958 ལོ་ཚུན་ནས་རྒྱལ་ཁབ་ཀྱིས་གླིང་སྒྲུང་སྐོར་རྩད་གཅོད་ཞིབ་འཇུག་དང་ཡིག་ཆ་འཚོལ་བསྡུ་བྱ་བའི་ལས་དོན་འགོ་ཚུགས་ཤིང་། 1961ལོར་མཁས་དབང་ཚེ་ཏན་ཞབས་དྲུང་དང་། གསུང་རབ་རྒྱ་མཚོ། དགུ་རོང་རྒྱལ་སྲས་སོགས་ཀྱིས་《ཧོར་གླིང་གཡུལ་འགྱེད》པར་དུ་བསྐྲུན། ཡིན་ཡང་དེ་རྗེས་སུ་རིག་གནས་གསར་བརྗེའི་དུས་འགྱུར་ལས་འཕེལ་རྒྱས་ཀྱི་ཁྲག་རྩ་བཀག 1981 ལོ་ཚུན་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཡོ་བསྲང་བྱུང་ཞིང་བཅོས་བསྒྱུར་སྒོ་འབྱེད་དང་མཉམ་དུ་གླིང་སྒྲུང་གི་མྱུར་སྐྱོབ་དང་འཚོལ་བསྡུ། དག་སྒྲིག་དང་པར་སྐྲུན་བཅས་ཀྱི་ལས་དོན་ལ་ཡང་མདུན་ལྗོངས་བཟང་པོ་དང་ཡར་རྒྱས་ཆེན་པོ་བྱུང་བས། ཞིང་ལྗོངས་ལྔའི་དཔེ་སྐྲུན་ཁང་ནས་གླིང་སྒྲུང་གི་དཔེ་དེབ་མང་པོ་ཆར་རྗེས་ཤ་མོ་བཞིན་བརྡོལ་བ་དང་སྒྲུང་པའང་མང་དུ་བྱོན། དེ་མིན་གླིང་སྒྲུང་གི་ལས་དོན་དང་འབྲེལ་བ་ཡོད་པའི་ལས་ཁུངས་མང་དུ་བཙུགས་ཏེ་གླིང་སྒྲུང་སྒྲ་འཇུག་དང་ཐོ་འགོད་པར་སྐྲུན་བྱས་པ་དང་། ཁྱད་པར་1995ལོ་ནས་གེ་སར་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་གཅོད་པ་དོན་གྲུབ་སོགས་ཀྱིས་གླིང་སྒྲུང་གཅེས་བཏུས་ཀྱི་ལས་གཞིའི་འགོ་བཙུགས་ཏེ། 2013ལོར་ལེགས་འགྲུབ་བྱུང་བ་སོགས་ལ་བརྟེན་ནས་གླིང་སྒྲུང་གི་དཔེ་ཚོགས་ཀྱང་ངེས་ཅན་ཞིག་གྲུབ།
བར་གྱི་ལས་དོན།
དེ་ཡང་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 ཞེས་པའི་བདག་ཉིད་ཅན་འདི་ནི་སི་ཁྲོན་དཔེ་སྐྲུན་ཚོགས་པས་ཇུས་འགོད་དང་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་འཚོལ་སྡུད་དང་ལེགས་སྒྲིག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པ་ཡིན་ཏེ། ལོ་རྒྱུས་ཐོག་ཆེས་འཐུས་སྒོ་ཚང་ཞིང་མ་ལག་ཚང་བའི་སྒོས་འཚོལ་སྡུད་དང་བཟོ་སྒྲིག །པར་སྒྲིག །དཔེ་སྐྲུན་བཅས་བྱས་པའི་གླིང་སྒྲུང་གི་རིག་གནས་རྣམ་གྲངས་ཤིག་སྟེ། ད་ལྟའི་བར་དུ་ཆེས་ཆ་ཚང་བའི་གླིང་སྒྲུང་གི་བོད་ཡིག་རིག་མཛོད་དུ་གྲུབ།
དེ་ལྟ་ན་ཡང་གླིང་སྒྲུང་ནི་རྙིང་པ་འབོར་ཆེ་ཞིང་གསར་པ་འཕེལ་ཆེ་བས། ད་སྔོན་པར་སྐྲུན་ཟིན་པ་དེ་དག་གིས་ད་བར་ཡིག་ཐོག་ཏུ་འཁོད་པའི་གླིང་སྒྲུང་རྣམས་ལས་བརྒྱ་ཆའི་ཉུང་ངུ་ལས་ཟིན་མེད། དེས་ན་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་དུས་སྐབས་སུ་ཡིག་ཐོག་ཏུ་འཁོད་པའི་གླིང་སྒྲུང་སྐོར་ཆ་ཚང་ཕྱོགས་བསྡུས་སྒོ་ནས་གླིང་སྒྲུང་ཀུན་འདུས་ཆེན་མོ་ཞིག་ལེགས་སྒྲིག་བྱ་རྒྱུ་ནི་དགོས་གལ་ཆེ་བའི་དུས་མཚམས་སུ་སླེབས་ཡོད། དགོས་དོན་དེར་ཆེད་དམིགས་ཀྱིས་སི་ཁྲོན་དཔེ་སྐྲུན་ཚོགས་པའི་རྐང་བདག་ལྷན་ཚོགས་ཀྱི་འགོ་འཛིན་བློ་བཟང་རྡོ་རྗེ་གཙོས་པའི་རྩོམ་སྒྲིག་ལྷན་ཚོགས་ཀྱིས་མ་སྐུལ་དང་བླངས་སྒོས་ལས་གཞི་ལ་ཞུགས་པ་ཡིན། ཧི་མ་ལ་ཡའི་རིག་མཛོད་ཁང་གི་འགན་འཛིན་ཚེ་རིང་རྡོ་རྗེས་གསུངས་པ་ལྟར་ན། སྤྱིར་ཧི་མ་ལ་ཡའི་རིག་མཛོད་ཁང་གི་གལ་ཆེའི་ལས་གཞི་《 ཧི་མ་ལ་ཡའི་རིག་མཛོད་ཆེན་མོ།》 སྟེ་པོད་ལྔ་སྟོང་ཙམ་གྱིས་གྲུབ་པའི་བོད་ཀྱི་རིག་མཛོད་འདི་ལ་རིག་ཚན་སྡེ་ཁག་བཅོ་བརྒྱད་ཡོད་པའི་ཡ་གྱལ་གཅིག་ནི་གེ་སར་རིག་པ་འདི་ཉིད་ཡིན་ལ། དེའི་ཕྱིར་ལོ་དུ་མའི་གོང་ནས་གེ་སར་དང་འབྲེལ་བའི་དཔེ་ཆའི་སྐོར་འཚོལ་བསྡུ་བྱས་པར་བརྟེན་རིག་མཛོད་ཁང་གི་དཔེ་མཛོད་ཁང་དུ་གླིང་སྒྲུང་སྐོར་པོད་380ལྷག་གཅེས་ཉར་བྱས་ཡོད།
རྨང་གཞི་དེའི་སྟེང་དུ་2017ལོ་ཚུན་ནས《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 བཞེངས་སྐྲུན་ཆེད་དུ་ཡང་བསྐྱར་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་སུ་ཆེད་བསྐྱོད་ཀྱིས་ལྗོངས་ཞིང་ལྔའི་སྤྱི་ཚོགས་ཚན་རིག་ཁང་དང་དངོས་མང་བཤམ་སྟོན་ཁང་། དཔེ་རྙིང་པར་སྐྲུན་ཁང་། སློབ་གྲྭ་ཆེན་མོ། ཞིབ་འཇུག་ལྟེ་གནས་སོགས་སྒེར་དང་གཞུང་གི་གླིང་སྒྲུང་ཉར་ཚགས་ཀྱི་སྡེ་ཁག་སྣ་ཚོགས་དང་། བོད་ཁུལ་གྱི་ས་ཆ་སོ་སོའི་དགོན་སྡེ་དང་མི་སྒེར། ཁྱིམ་ཚང་། གཞན་ཡང་འབྲུག་ཡུལ་དང་ལ་དྭགས་སོགས་རྒྱལ་ཕྱི་ནང་ཚང་མ་ནས་སྒྲུང་དཔེ་གང་རྙེད་ཅིག་དཀའ་ཚེགས་ཀྱི་ལམ་འཕྲང་སྣ་ཚོགས་བརྒྱུད་དེ་འཚོལ་བསྡུ་བྱས། འཚོལ་བསྡུའི་དཔེ་གཞུང་གི་རིགས་ལ་ལག་བྲིས་མ་དང་ཤིང་པར་མ། དེབ་གཟུགས་མ། གློག་རྡུལ་བཅས་རིགས་སྣ་ཚོགས་སུ་བྱུང་ལ། ད་ཡོད་ཀྱི་གླིང་སྒྲུང་ཕལ་མོ་ཆེ་ཀུན་འདུས་པའི་ཚུལ་དུ་ཡོད། འདིའི་སྒྲིག་རིམ་ནི་སྒྲུང་གི་དཔེ་ཚོགས་གཞན་དག་དང་མི་འདྲ་བར་གླིང་སེང་ཆེན་རྒྱལ་པོ་ཁོང་གི་རྣམ་ཐར་གྱི་བྱུང་རིམ་དང་སྦྱར་ནས་བསྒྲིགས་ཡོད་དེ། གེ་སར་ལྷ་ཡུལ་དུ་བཞུགས་པ་ནས། མི་ཡུལ་དུ་སྐུ་འཁྲུངས་པ། མི་ཡུལ་ནས་ས་བཟུང་སྟེ་མངའ་ཐང་རྒྱས་པ། བདུད་ཆེན་བཞི་དང་། རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་གྲངས་མང་ཕབ་སྟེ་མཐར་མཁའ་སྤྱོད་དུ་ཕེབས་པའི་བར་གོ་རིམ་ཇི་བཞིན་དུ་སྒྲིག་ཡོད་པས་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་དངོས་ཀྱི་རིན་ཐང་མངོན་པར་བཏོད་ཡོད།
དཔེ་ཚོགས་ཆེན་མོ་འདི་ལ་སྤྱིའི་སྡེ་ཚན་གསུམ་དུ་ཕྱེ་ཡོད་དེ། གཅིག་ནས་སྒྲུང་རྙིང་། གཉིས་ནས་སྒྲུང་གསར། གསུམ་ནས་ཟུར་བཀོད་ཡིན། དེ་ཡང་དཔེ་སྐྲུན་བརྒྱུད་རིམ་ཁྲོད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས་གཙོས་པའི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞིང་གསུང་རབ་བསྟན་བཅོས་ལ་དད་གུས་ཀྱི་བློ་སེམས་བཅངས་ཏེ་ཕུལ་བྱུང་ལས་སྒྲུབ་དཔུང་ཁག་བཙུགས་ནས། དཀའ་བ་བརྒྱ་དང་འབད་པ་སྟོང་བརྒྱུད་ནས། མ་ཡིག་རྩོམ་སྒྲིག་དང་ཞུ་དག་གི་སྤུས་ཀ་ཁག་ཐེག་བྱས་པ་དང་། དཔེ་ཚོགས་སྒྲིག་སྟངས་དང་། ཆེད་ལས་བརྡ་ཆད་སོགས་ཕྱོགས་གང་ཅིའི་ཐད་ནས་གཅིག་གྱུར་གྱི་ཚད་གཞི་གཏན་འབེབས་བྱས་ཏེ། མ་ཡིག་གི་སྤུས་ཀ་དུས་ཚོད་ཀྱིས་ཞིབ་བཤེར་ཐེག་ཐུབ་པར་བྱས་པར་མ་ཟད། ཞུ་དག་དུས་མཚམས་སུ་ཆེད་དུ་གེ་སར་ཆེད་མཁས་པ་དང་སྒྲུང་པ་སོགས་མི་བརྒྱ་ལྷག་ཡུལ་དངོས་སུ་གདན་དྲངས་ནས་ཕན་ཚུན་མཐུན་སྦྱོར་བྱས་ཏེ། དཔེ་ཚོགས་དེ་རང་རྒྱལ་གྱི་བོད་རིག་པའི་མངའ་ཁོངས་ནས་རིག་གནས་ལེགས་ཐོན་རྒྱུ་རྫས་རྩེ་གྲས་སུ་ཚུད་འདུག
《 བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 འདི་བོད་ཡུལ་གྱི་དཔེ་ཚོགས་རྣམས་ལས་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་འཕྲོ་ནས་དཔེ་ཕྲེང་ཆེས་མང་ཤོས་ཀྱི་དཔེ་ཚོགས་ཤིག་ཏུ་གྲུབ་ཡོད། དེ་ཡང་ཞུ་དག་ཐད་ནས་ཡིག་གཏགས་དང་། འབྲུ་ཀློག་དཔེ་བསྡུར། དག་བཅོས་དཔེ་བསྡུར། ཞུ་དག །ཞུས་ཆེན། དཔྱད་འཇོག རྩོམ་སྒྲིག་ལྟ་ཞིབ་བཅས་ཀྱི་རིམ་པ་བརྒྱུད་དེ་ཚིག་དོན་གཉིས་ཀྱི་ཐད་ལ་ཞུ་དག་ཕེར་ངེས་སུ་བྱ་ཅི་ཐུབ་བྱས་ཡོད།
གླིང་སྒྲུང་གི་ཐ་སྙད་གཏན་འབེབས་ཐད་ནས་གཅིག་ནས་བརྡ་ཆད་གཅིག་གྱུར། གཉིས་ནས་བརྡ་ཆད་གདམ་ང་། གསུམ་ནས་བརྡ་ཆད་སོར་བཞག་བཅས་ཐད་ནས་མ་ཕྱི་ཇི་བཞིན་རང་སོར་བཞག་ཡོད། ཞུ་དག་གི་བརྒྱུད་རིམ་ལེགས་པར་སོང་རྗེས་རྒྱལ་སྤྱིའི་རྩོམ་སྒྲིག་མ་ལག་བེད་སྤྱད་དེ་ཚད་ལྡན་གྱི་རྩོམ་སྒྲིག་གི་ཆ་རྐྱེན་འོག་རྩོམ་སྒྲིག་ལག་བསྟར་བྱས་ཤིང་། དེབ་ངོས་ཀྱི་ཡིག་ཚོགས་ཁོད་ཡངས་པ། ཡིག་འབྲུ་ཆེ་ཆུང་འོས་འཚམ་ཡིན་པ། ཡིག་ཕྲེང་ཀློག་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་དང་། དེབ་ཀྱི་ཕྱི་ཤོག་གནའ་ཉམས་དེང་མཛེས་ཟུང་འབྲེལ་གྱིས་ཇུས་འགོད་བྱས་ཡོད་ལ། དེབ་རེ་རེ་བཞིན་གྱི་དབུར་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་ལེགས་སྨོན་གྱིས་གསར་དུ་ཆེད་བྲིས་གནང་བའི་གེ་སར་གྱི་སྐུ་ཐང་རེ་དང་། སྒྲུང་གསར་རྙིང་གི་སྟོད་སྒྲུང་བར་སྒྲུང་སྨད་སྒྲུང་གསུམ་གྱི་དེབ་དང་པོད་དྲུག་དང་དཀར་ཆག་སྟེ་དེབ་བདུན་གྱི་མགོར་བྲག་མགོའི་ལྷ་རིས་པ་ཆེན་མོ་ནམ་མཁའ་རྒྱན་གྱིས་འབྲི་བཞེང་བྱས་པའི་གེ་སར་གྱི་མུ་འབྲེལ་ཞལ་ཐང་བཅུ་གཅིག་མ་ཆ་ཚང་རེ་བཞག་ཡོད་ལ། དཔེ་ཚོགས་ཧྲིལ་པོར་བར་བཅུག་ཞལ་ཐང་370བཀོད་ཡོད། བོད་ཀྱི་སྲོལ་རྒྱུན་ལྷ་རིས་ལ་དེང་གི་ཁྱད་ཆོས་ཀྱིས་སྤུད་པའི་བར་བཅུག་རི་མོ་དེ་དག་གིས་ཀྱང་དཔེ་ཚོགས་འདིར་གཟུགས་སྣང་ལྡན་པ་དང་བཀྲག་མདངས་འཚེར་བའི་མཛེས་པ་མངོན་པར་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན། ཏང་དང་རྒྱལ་ཁབ་ཀྱིས་གེ་སར་རིག་གནས་བྱ་གཞག་ལ་ཐུགས་ཁུར་དང་དོ་སྣང་ཆེན་པོ་གནང་སྟེ། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་རྒྱ་ཁྱབ་ཏུ་བཏང་ཞིང་། མངའ་ཁོངས་ནང་ཁུལ་གྱི་སྔོག་འདོན་དང་སྲུང་སྐྱོབ། ཞིབ་འཇུག་ལ་མཛུབ་སྟོན་དང་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། གླིང་སྒྲུང་ནི་ངོ་མཚར་ཞིང་རླབས་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་རེད་ཅེས་བསྔགས་བརྗོད་བྱས་མྱོང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུད་འཛིན་ལ་དོ་སྣང་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་། ཐེངས་འདིའི་གླིང་སྒྲུང་དཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་ལས་ཕུན་སུམ་ཚོགས་པའི་གྲུབ་འབྲས་དེ་དག་གཅིག་བསྡུས་སྒོས་མཚོན་པར་བྱས་པ་དང་། མི་ཆོས་གཞུང་ལུགས་མངའ་ཁོངས་ནས་སླར་ཡང་འཛམ་གླིང་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་མངོན་པར་མ་ཟད། རླབས་ཆེན་མེས་རྒྱལ་ལ་མཚན་སྙན་དང་གཟི་བརྗིད་བསྩལ།
མཁས་པའི་རྣ་རྒྱན།
སྲི་ཐར།
རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པོར་དགའ་བས་བསུ་བའི་དུས་འདིར། 《 བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 དངོས་སུ་པར་སྐྲུན་བྱས་པར་དོན་སྙིང་ཆེན་པོ་ལྡན། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེ་སར་བྱ་གཞག་ཕྱོགས་ཀྱི་མཛུབ་སྟོན་གལ་ཆེན་གྱི་བྱེ་བྲག་གི་མངོན་ཐབས་ཤིག་དང་། ཀྲུང་ཧྭ་མི་དམངས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་རིག་གནས་སྲིད་ཇུས་ཀྱི་བྱེ་བྲག་གི་མངོན་ཐབས་ཤིག་རེད། གོ་སྐབས་འདི་དང་བསྟུན་ནས། ངས་ཀྲུང་དབྱང་བོད་ལྗོངས་ལས་ཀའི་མཐུན་སྦྱོར་ཚོ་ཆུང་གཞུང་ལས་ཁང་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཚོགས་པའི་ཚབ་བྱས་ནས། 《 བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 དངོས་སུ་པར་སྐྲུན་བྱས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུ། ལྷག་པར་དུ་ 《 བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 ཡི་པར་སྐྲུན་དང་གེ་སར་གླིང་སྒྲུང་ཞིབ་འཇུག་ལ་བྱས་རྗེས་མི་དམན་པ་བཞག་ཡོད་པའི་ཆེད་མཁས་པ་དང་། དམངས་ཁྲོད་སྒྱུ་རྩལ་པ། པར་སྐྲུན་ལས་ཁུངས། དུས་དང་རྣམ་པ་ཀུན་དུ་གླིང་སྒྲུང་པར་སྐྲུན་དང་ཞིབ་འཇུག་གནང་བའི་རིག་གནས་ཡུལ་སྐོར་པུའུ་དང་སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ལ་བཀའ་དྲིན་ཆེ་ཞུ། མཇུག་མཐར། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལེགས་སྒྲུབ་ཡོང་བ་དང་བགྲོ་གླེང་ཚོགས་འདུ་ལ་ཞུགས་པའི་གྲོགས་པོ་དང་སྐུ་ཚབ་རྣམས་ཀྱི་བསམ་དོན་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།
དོན་གྲུབ་དབང་འབུམ།
འདི་ནི་མི་སེམས་སྤྲོ་བ་དང་སྐྱིད་པ། མི་ལ་སྤོབས་པ་བསྐྱེད་པ། མི་ཡིས་རེ་སྒུག་བྱས་ཡོད་པའི་བརྡ་འཕྲིན་ལེགས་པོ་ཞིག་རེད། ངའི་བསམ་པར་གླིང་སྒྲུང་ལ་ད་ལྟ་ནི་ཞྭ་གསུམ་ཡོད། ཞྭ་གཅིག་ནི་གེ་སེར་རྒྱལ་པོ་ཞེས་བོད་མིའི་བཏགས་ཡོད་པ་དེ་རེད། བོན་སྒྲུང་ལྡེའུ་གསུམ་ནི་ཧ་ཅང་ལོ་རྒྱུས་རིང་མོ་ཡོད་པའི་རྣམ་པ་ཞིག་རེད། རིག་འདེད་བྱས་པ་ལྟར་ན་རྣམ་པ་དེ་ནི་བོད་མི་རིགས་མ་ཆགས་གོང་ནས་ཡོད་པ་དང་ལོ་རྒྱུས་སྔོན་མའི་སྐབས་སུ་ཆགས་པར་སྙམ། གེ་སར་རྒྱལ་པོ་ཞེས་པ་དེ་ལ་དམིགས་བསལ་གྱི་ནང་དོན་དང་ལོ་རབས་ཀྱི་ཁྱད་ཆོས་ཡོད་པ་རེད། ཞྭ་གཉིས་པ་ནི་གེ་སར་ནི་ཀྲུང་གོའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་ལས་གཅིག་རེད། ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པ་ནས་བཟུང་ཏང་གི་འགོ་ཁྲིད་འོག་གེ་སར་རིག་གནས་ཡིག་སྒྱུར་དང་བསྡུ་སྒྲིག་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྱང་ཐེངས་མང་པོར་གླེང་། ཞྭ་གསུམ་པ་ནི་གཟུགས་མེད་ཤུལ་བཞག་རིག་གནས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གནང་བ་རེད། དེ་ནི་གེ་སར་གླིང་སྒྲུང་ལ་འཛམ་གླིང་གི་དོན་སྙིང་ལྡན་པ་ཁས་ལེན་ཐོབ་པ་རེད། ཞྭ་དེ་གསུམ་གྱིས་རིག་གནས་ཀྱི་རྩ་བའི་རྣམ་པ་མངོན་ཡོད། མི་ནི་རིག་གནས་ཀྱི་ཐེག་གཟུགས་ཡིན་པ་དང་། མི་ནི་མི་རིགས་ཀྱི་རྣམ་པའི་སྟེང་དུ་གནས་པ། དེའི་རྐྱེན་གྱིས་རིག་གནས་ནི་མི་རིགས་ཀྱི་སྡེ་ཁག་རྣམ་པའི་གནས་པ་རེད། དེའི་རྐྱེན་གྱིས་རིག་གནས་ནི་བོད་མི་རིགས་དང་ཀྲུང་གོ ཐ་ན་འཛམ་གླིང་ལ་དབང་བ་རེད།
བློ་བཟང་ལྷུན་གྲུབ་རྡོ་རྗེ།
1958ལོར་གེ་སར་ཞིབ་འཇུག་ཚོ་ཆུང་བཙུགས་པ་རེད། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ། 1984ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་ཐད་ཀར་འགོ་ཁྲིད་འོག་རིག་གནས་པུའུ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། རྒྱང་བསྒྲགས་དང་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་གོའི་རྩོམ་རིག་མཐུན་ཚོགས་སོགས་ཀྱིས་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་དང་སྤྲེལ་ནས་རྒྱལ་ཡོངས་ཀྱི་གེ་སར་ཞིབ་འཇུག་འགོ་ཁྲིད་ཚོ་ཆུང་བཙུགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དུ་རྒྱུན་སྡོད་འགོ་ཁྲིད་ཚོ་ཆུང་ཞིག་བཙུགས། རྗེས་སུ་དེ་རྒྱལ་ཡོངས་གེ་སར་ཞིབ་འཇུག་འགོ་ཁྲིད་ཚོ་ཆུང་ལ་བསྒྱུར། གཅིག་གྱུར་གྱི་བཀོད་འདོམས་བྱས་ནས་གཞི་ཁྱོན་ཡོད་པའི་དུས་རབས་བརྒལ་བའི་སྲུང་སྐྱོབ་དང་མྱུར་སྐྱོབ་ཀྱི་ལས་ཀ་སྤེལ་བ་དང་ད་ལྟའི་བར་དུ་རྒྱུན་བསྐྱངས་པ་རེད། སྐབས་དེའི་གཞུང་ལས་ཁང་གི་ཀྲུའུ་རེན་ནི་དགེ་རྒན་འཇམ་དཔལ་རྒྱ་མཚོ་ལགས་རེད། ཀྲུང་དབྱང་གི་ཕྱོགས་ནས་རྒན་འཇམ་དཔལ་རྒྱ་མཚོ་གཙོ་བྱས་པའི་རུ་ཁག་དང་བོད་ཁུལ་དུ་མི་རིགས་སློབ་གླིང་སོགས་སུ་གེ་སར་གཞུང་ལས་ཁང་བཙུགས་ནས་ཐུན་མོང་གིས་འབད་པ་བྱས་མཐར་གྲུབ་འབྲས་མི་དམན་པ་ཐོབ་ཡོད།
འཇམ་དཔལ་རྒྱ་མཚོ།
གླིང་སྒྲུང་ནི་འཛམ་གླིང་ཐོག་གི་ཆེས་རིང་བའི་ལོ་རྒྱུས་ཀྱི་སྙན་རྩོམ་དང་ནང་དོན་ཆེས་ཕུན་སུམ་ཚོགས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་དེ་རེད། དེ་ནི་མི་རིགས་གང་དང་གང་ཡིན་རུང་བསྡུར་ཐབས་མེད་པ་ཞིག་རེད། ང་ཚོ་གེ་སར་ལས་ཀ་བ་ཞིག་ཡིན་པའི་ཆ་ནས། དེ་འདྲའི་གོ་རྟོགས་ཡོད་དགོས་པ་རེད། དར་ཆ་གསར་པོ་བསྒྲེངས་ནས་དེ་བཤད་དགོས་པ་རེད། དར་ཆ་གསར་པོ་བསྒྲེངས་ནས་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་རང་རྒྱལ་མི་རིགས་ཁྲོད་ཀྱི་གོ་གནས་དང་ཤུགས་རྐྱེན་ཕན་ནུས་སོགས་བརྗོད་དགོས་པ་ཞིག་རེད། གླིང་སྒྲུང་ནི་ཤར་ཕྱོགས་དཔལ་ཡོན་གྱི་ཚབ་མཚོན་ཡིན་པ་དང་། ཧོ་མ་ལོ་རྒྱུས་སྙན་རྩོམ་རིང་མོའི་ནུབ་ཕྱོགས་རིག་གནས་ཀྱི་ཚད་མཐོའི་མཚོན་བྱེད་ཡིན་པས་དེ་ནི་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་བསྡུར་ཐབས་བྲལ་བ་ཞིག་རེད། ང་ཚོ་ལ་དེ་འདྲའི་རིག་གནས་ཀྱི་ཡིད་ཆེད་ཡོད་དགོས་པ་རེད། རིག་གནས་ཀྱི་རང་རྟོགས་དེ་འདྲ་དགོས་པ་རེད། གེ་སར་ནི་མིའི་རིགས་ཡོངས་ལ་དབང་བ་རེད། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ་ནི་བོད་མི་རིགས་ཀྱི་རྒྱལ་ཁབ་ལ་ཕུལ་བའི་བྱས་རྗེས་ཡིན་པ་དང་། ཀྲུང་ཧྭ་མི་དམངས་ཀྱི་མིའི་རིགས་ལ་ཕུལ་བའི་བྱས་རྗེས་རེད།
ཤེས་རབ་ཉི་མ།
ཐོག་མར་གེ་སར་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཆ་ཚང་རང་བཞིན་དང་མ་ལག་རང་བཞིན། ཚད་ལྡན་རང་བཞིན། ཚན་རིག་རང་བཞིན་སྒོས་བསྡུ་སྒྲིག་དང་པར་སྐྲུན་བྱ་རྒྱུའི་ལས་ཀ་ནི་ཧ་ཅང་དཀའ་མོ་ཞིག་དང་ཆེན་པོ་ཞིག་རེད། ངས་གེ་སར་རིག་གནས་ཀྱི་ཕྱོགས་ལ་བྱས་རྗེས་ཅི་ཡང་འཇོག་ཐུབ་མེད། འདི་འདྲའི་པར་སྐྲུན་གྱི་གཞི་ཁྱོན་ཆེན་མོ་ཞིག་ང་རང་ལ་མཚོན་ལ་ལོ་རྒྱུས་ཐོག་ནས་མཐོང་མ་མྱོང་། རྗེས་ནས་གེ་སར་སྙན་ངག་ཀུན་འདུས་ལས་ན་འདི་ནི་མེད་དུ་མི་རུང་བའི་ཆ་རེད་སྙམ། རྒྱལ་ཁབ་ཀྱི་ལོ་རྒྱུས་འགན་འཁྲི་དང་ལས་དོན་དང་དུ་བླངས་བ་འདི་བརྩི་བཀུར་ཐོབ་འོས་པ་ཞིག་རེད། ང་ཚོས་མཐོང་ཐུབ་པའི་མཛེས་བཟོ་ལེགས་པ་དང་མི་རིགས་ཀྱི་ཁྱད་ཆོས་མངའ་བའི་ལྗིད་ཏིག་ཏིག་གི་གསེར་མདོག་གི་དཔེ་ཆ་300དཔེ་ཀློག་པ་རྣམས་ལ་མངོན་པ་ནི་བརྗིད་ཉམས་ལྡན་པ་ཞིག་རེད། འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་རྒྱུད་འཛིན་བྱས་པའི་མཛད་སྒོ་ཞིག་དང་བོད་མི་རིགས་རིག་གནས་དངོས་བྲིས་བྱས་པའི་མཚོན་རྟགས་ཤིག་རེད། བོད་མི་རིགས་ཀྱི་དཔལ་ཡོན་བསྡུས་པའི་རིག་གནས་ཀྱི་ལོ་རྒྱུས་ཤིག་རེད། གེ་སར་རིག་གནས་ནི་བོད་མི་རིགས་ལ་དབང་བར་མ་ཟད། ཀྲུང་ཧྭ་མི་དམངས་ལ་དབང་བ་ཞིག་རེད། མིའི་རིགས་ཡོངས་ལ་དབང་བ་ཞིག་ཀྱང་རེད།
མཐའ་མའི་འགྲུབ་སྟོན།
རིག་གནས་ཀྱི་འགྲུལ་བཞུད་ལ་རྫོགས་མཐའ་མེད་ཀྱང་། ལོ་རྒྱུས་ཀྱི་བྱུང་བ་རྒྱུན་འཛིན་བྱེད་པ་ལ་དྲན་པ་རྣམས་བརྗེད་ཐོར་འགོད་རྒྱུ་ནི་རྣམ་དཔྱོད་ལྡན་པའི་ལས་ཡིན། དེ་ཡང་སི་ཁྲོན་དཔེ་སྐྲུན་ཚོགས་པས་འཆར་འགོད་དང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་འཚོལ་བསྡུ་དང་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》 དཔེ་སྐྲུན་བགྱིས་པ་འདིས་ལོ་རྒྱུས་ཀྱི་ལས་འགན་རླབས་པོ་ཆེ་དེ་ཕྲག་ཏུ་བླངས་པ་མཚོན་ཡོད་ལ། བགྲང་བྱ་བཅུའི་རིང་དཔེ་རྙིང་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པའི་གྲུབ་འབྲས་བཟང་པོ་མངོན་དུ་ཤར་བ་ཡང་ཡིན། དེ་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་གསུང་བ་ནང་བཞིན། འཐུས་ཚང་ཤིང་གྲ་རྒྱས་པའི་གླིང་སྒྲུང་ཕྱོགས་བསྒྲིགས་ཆེན་མོ་འདི་ལས་ང་ཚོ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་རྗེས་ཤུལ་དང་། གེ་སར་རིག་གནས་དམངས་ཁྲོད་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་རྒྱུ་མཚན་རྟོགས་པ་དང་། དེ་ནི་ཀྲུང་གོ་གསར་པའི་གེ་སར་བྱ་གཞག་གི་གྲུབ་འབྲས་གསར་པ་དང་གལ་འགངས་ཆེ་ཤོས་དེ་ཡིན་ཞིང་། རྒྱུད་གཅིག་ལམ་གཅིག་གྲོས་འདོན་གྱི་འདེགས་ཤུགས་གཙོ་བོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཕུལ་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་གོ །