ཕ་ཟས་སྦྲང་དཀར་རྩམ་པ།

ཁང་གསར་ཚེ་དབང་རིག་འཛིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


  ཕུར་པ་རྡོ་རྗེའི་སྐྱེ་ཡུལ་ནི་རྟ་ནོར་ལུག་གསུམ་གྱི་འདུ་ལོང་འཁྲིགས་སའི་འབྲོག་སྡེ་ཆེན་པོ་ཞིག་ཡིན་ལ། འབྲོག་སྡེ་དེ་ནས་སྨད་ཕྱོགས་སུ་རྟ་བས་ཉིན་ལམ་གཅིག་ཙམ་གྱིས་ཟིན་མཚམས་ན་ནས་ཞིང་སྔོན་མོའི་རྦ་རླབས་གཡོ་བའི་རོང་སྡེ་མང་པོ་ཆགས་ཡོད། རོང་འབྲོག་དེ་གཉིས་ཀྱི་བར་དུ་ནམ་རྒྱུན་འབྲོག་པའི་མར་ཆུར་དང་ཞིང་བའི་འབྲུ་རིགས་བརྗེ་རེས་ཀྱི་ཚོང་བྱེད་པའི་སྲོལ་ནི་མི་རབས་སྔོན་མའི་སྔོན་མ་ཞིག་ནས་ཆགས་ཡོད་ཟེར། དེ་ལྟར་སྟོད་ཀྱི་འབྲོག་པ་དང་སྨད་ཀྱི་རོང་བ་གཉིས་བར་གྱི་མར་ཆུར་དང་ནས་རྩམ་བརྗེ་ཚོང་དར་བ་ནས་མར་ཆུར་རྩམ་གསུམ་མཉམ་འདུས་ཀྱི་ཁ་ཟས་དེས་ནི། མཐོ་སྒང་གི་མི་ཚོས་ཕྱིའི་ཁོར་ཡུག་གི་དྲོ་གྲང་གི་རྩུབ་རེག་གང་ལའང་བཟོད་སྒོམ་ནུས་པའི་ལུས་ཀྱི་སྟོབས་དང་མདངས་རྒྱས་ཤིང་། ནང་སེམས་བྱམས་སྙིང་རྗེ་དང་དད་པ་དག་སྣང་གིས་ཕྱུག་པའི་རིག་པའི་རྩལ་དང་དཀྱེལ་ཡངས་པ་ཞིག་ཏུ་འཕེལ་རྒྱས་བྱུང་བ་ཡིན་འདུག དེ་ལྟར་མི་རབས་ནས་མི་རབས་དང་ལོ་རབས་ནས་ལོ་རབས་མང་པོ་བརྒྱུད་དེ་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བར་སླེབས།

ཕུར་པ་རྡོ་རྗེ་ནི་དུས་རབས་དེའི་ལོ་རབས་དྲུག་ཅུ་པར་སྐྱེས། ཆུང་དུས་ནས་དྲིན་ཆེན་ཨ་མའི་ནུ་ཞོ་ཕུད། མར་ཆུར་བསྲེས་པའི་སྦྲང་དཀར་རྩམ་པས་ལུས་ཟུངས་གསོས་ཤིང་ལྕོག་ར་ནས་ཙོག་འདུག་ཐུབ་པ། ཙོག་འདུག་ནས་གོག་བགྲོད། གོག་བགྲོད་ནས་ལངས་བགྲོད། བྱིས་པ་ནས་ན་གཞོན། ན་གཞོན་ནས་ཕོ་གསར་སྟག་འདྲ་བ་ཞིག་ཏུ་ཆགས། མར་ཆུར་དང་སྦྲང་དཀར་རྩམ་པ་སོགས་ཁ་ཟས་བཅུད་ལྡན་དང་གནོད་མེད་དག་གིས་ཕུར་བ་རྡོ་རྗེ་གཅིག་པུ་དེ་ལྟར་བསྐྱངས་པའང་ག་ལ་ཡིན་ཏེ། ཡུལ་གྲུ་དེ་གའི་སྐྱེས་ཕོ་མོ་ཡོད་ཚད་གཅིག་མཚུངས་ཡིན་ནོ། །

ལོ་རབས་བརྒྱད་ཅུ་བར་སླེབས་དུས་ཕུར་བ་རྡོ་རྗེ་ཕོ་གསར་གྱི་ཐིག་ཐོགས་ཡིན་ལ་གཟུགས་རིང་ཞིང་དཔུང་ཤ་སྦོམ་པ། གདོང་སྨུག་ཅིག་སོ་དཀར་བའི་སྟག་ཤར་ཁོ་ལ་མར་ཆུར་བརྗེ་རེས་ཀྱི་ཉོ་ཚོང་ཞིག་གི་སྐབས་སུ་རོང་བའི་བུ་མོ་ཞིག་ལ་སེམས་ཤིན་ཏུ་ཆགས། ཁོ་གཉིས་བར་ལ་བརྩེ་དུང་གི་མྱུ་གུ་འབུས་པའི་ཁྲོད་ནས། ཁྱིམ་ཚང་ཕྱོགས་གཉིས་ཀྱིས་ཁ་ཐག་རིང་བ་དང་རོང་འབྲོག་གཉིས་ཀྱི་ལས་ཀ་མི་གཅིག་པས་མོས་འབྲོག་ལས་མི་འཁྱོངས་པ་སོགས་མི་འདོད་པ་མང་ཙམ་བཤད་ནའང་འགོག་རྐྱེན་དུ་མ་གྱུར་བར། མཐར་རོང་བཟའ་མ་དེ་འབྲོག་པ་ཕུར་བ་རྡོ་རྗེའི་མནའ་མར་གྱུར། ཡུལ་མི་ཁྱིམ་མཚེས་ཚོའི་ནང་དུ“རྒྱ་མ་རོང་ལ་ཞད་ཅིག སྒྱུད་པའི་ནང་ལ་འཐེན་ཞིག”ཅེས་ཕུར་བ་རྡོ་རྗེའི་བཟའ་ཟླས་འབྲོག་ལས་འཁྱོངས་བ་མ་རེད་ཅེས་པའི་གཏམ་གྱི་མདའ་མོ་འཕེན་མཁན་མང་ཙམ་བྱུང་མོད། མོ་ནི་དེ་ལྟ་མ་ཡིན་པར་ལས་ལ་བརྩོན་ཞིང་ཁྱོ་གར་གཅེས་པའི་བུད་མེད་འཇོན་ཐང་ཅན་དང་ཡ་རབས་ཤིག་ཡིན་སོང་། རྗེས་མའི་ལོ་ཟླའི་འཁོར་བསྐྱོད་ཁྲོད་དུ་ཁྱོ་ཤུག་གཉིས་ལ་སྔ་གཞུག་ཏུ་བུ་བུ་མོ་སྐྱེས་ཤིང་མི་དར་རྒྱུ་དར་གྱི་ཁྱིམ་ཚང་སྐྱིད་པོ་ཞིག་ཏུ་ཆགས་སོང་བས། སྔོན་མར་རོང་མོ་ལ་ཡིད་ཆེས་མེད་པར་སྐད་ཆ་ལབ་ལོབ་བཤད་མྱོང་བའི་མི་ཚོས་མགོ་བོ་འཕྲེད་དུ་གཡུག་ནས་རང་གིས་སྔོན་ཆད་བཤད་པའི་སྐད་ཆར་ཁོང་ཕེར་བོ་མེད་པ་དང་། ད་ལྟའི་ཕུར་བ་རྡོ་རྗེ་ཚང་ལ་ཡི་རངས་ཀྱི་རྣམ་འགྱུར་སྟོན་པར་བྱེད། ལོ་རབས་བརྒྱད་ཅུ་བར་སླེབས་པའི་དུས་སུ་འབྲོག་སྡེ་དེར་ཡང་དེང་རབས་ཀྱི་འཕྲུལ་ཆས་སྣ་ཚོགས་དང་ཅ་ལག་སྣ་མང་། ཐ་ན་ཁ་ཟས་ཀྱང་སྔར་གོ་མ་མྱོང་བ་མང་པོ་ཞིག་དར་མགོ་བརྩམས། འབྲོག་པ་ཚོས་འཕྲུལ་ཆས་དང་ཅ་ལག་གསར་པ་རང་ལ་མཁོ་མིན་དང་འཚམ་མིན་མང་པོ་ངོ་མཚར་དང་ཨ་གསར་ཟུང་གིས་ཉོ་བ་དང་། ལྡུམ་རིགས་དང་བྲོ་རྫས་མིང་མི་ཤེས་པ་སྣ་ཚོགས་བླང་དོར་མེད་པར་ཉོས། དེ་དག་མ་བཀོལ་མ་ཟོས་ན་མི་གྲལ་མི་ཆོད་པའི་བཟོ་སྟོན་ཅི་ཐུབ་བྱེད། ཐ་ན་མི་མགོ་ཡང་འགའ་རེས་རྩམ་པ་ཟ་བ་ནི་རྗེས་ལུས་སམ་ཐབས་རྡུགས་ཤིག་ཏུ་བརྩིས་ཏེ་ཁ་ཚ་ནས་གདོང་མདོག་ཤོར་བ། ལྕེ་སྦྲིད་ནས་སྨྲེ་སྔགས་འདོན་པ། ཁོག་ན་ནས་འདྲེ་ལྡོག་རྒྱག་པ་སོགས་མི་ཉུང་བ་ཞིག་བྱུང་ནའང་ཅི་མི་སྙམ་པར་ཟས་རིགས་སྣ་མང་ལ་དགའ་དད་བྱེད་པ། མར་ཆུར་རྩམ་གསུམ་མིག་ལ་མི་འཇོག་པའི་སྣང་ཚུལ་བྱུང་། འོན་ཏེ་ཕུར་བ་རྡོ་རྗེ་ནི་སྒུལ་རྒྱུ་མེད་པའི་བྲག་རི་ཞིག་ལྟར་ཟས་དེ་རིགས་ལ་སྤྲོ་བ་ལར་ནས་མེད་པར་སྔར་བཞིན་མར་ཆུར་རྩམ་གསུམ་གྱི་ཟས་ཀྱིས་འཚོ་བར་བྱེད། མཚམས་རེར་བུ་བུ་མོ་ཚོས་ཀྱང“ཨ་ཕ་ལགས། ཟས་ཅིག་ཅིག་ཤིན་ཏུ་ཞིམ་པས་ཟ་རོགས་གནང་དང”ཟས་ཉིག་ཉིག་མ་ཟོས་ན་གཞན་གྱིས་འཕྱ་ངེས“ཞེས་སོགས་སྨྲ་བར་བྱེད་ནའང་ཁོའི་གདོང་ལ་འཛུམ་ཆུང་རེ་བཏོན་ནས”བོད་སྲིད་པ་རྒན་པོའི་གཏམ་དཔེར“འུར་ཆེན་འུར་ཆུང་མིའི་སྲོག་གཅོད། རྒྱུག་ཆེན་རྒྱུག་ཆུང་རྟའི་སྲོག་གཅོད”ཟེར་བ་རེད་པས་འུར་ལངས་སྔ་མི་ཉན། ཧུ་ཧུ་ ཟེར་ནས་ཁོ་ཚོའི་ཁ་ལ་མི་ཉན། ཁོའི་སེམས་སུ་ད་དུང་ངག་རྒྱུན་ལ་བོད་མི་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ཀྱི་རྒྱུད་པ་ཡིན་ཞིང་། ནས་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཀྱི་ཟ་སྐལ་དུ་གནང་བ་ཡིན་ཞེས་པའི་ཟེར་སྲོལ་དེ་རུས་པའི་རྐང་ལ་འཇགས་ཡོད་པའང་ཡིན་ངེས། ད་དུང་བོད་མིའི་ཐོག་མའི་འབྱུང་གནས་ཡུལ་ཡར་ཀླུང་གི“ཞིང་ལ་སྔ་བ་ཟོ་དང་རིང་མོ”ཞེས་བོད་གོང་བ་ཅན་གྱི་ཐོག་མའི་ཟ་འབྲུ་ནི་སྔོན་མོ་ནས་ཞེས་པ་ཡིན་པས་རང་ཟས་རང་གིས་ཟོས་ཤིང་རང་ལུགས་རང་གིས་འཛིན་པ་ནི་ཅི་བས་ཀྱང་མ་བསྐུལ་དང་དུ་ལེན་དགོས་པ་ཞིག་ཡིན་ངེས་སྙམ་བཞིན་ཡོད། སྣང་ཚུལ་དེ་ལས་སྡེ་བའི་ནང་གི་མི་ཚོས“ཕུར་རྡོར་རྩམ་ཟན”ཞེས་པའི་མཚང་མིང་ལྟ་བུ་ཞིག་ཀྱང་བཏགས་སོང་།

དེ་ལྟར་ལོ་ཟླ་ནི་ཆུ་མོའི་འགྲོས་ལྟར་འགོག་ཏུ་མེད་པར་དུས་རབས་གསར་བ་ཞིག་ཚེས། དུས་རབས་ཉེར་གཅིག་པ་ནི“ ཚན་རིག་གི་དུས་རབས”དང“ དཔལ་ཡོན་གྱི་དུས་རབས ” “ འཆམ་མཐུན་བདེ་སྐྱིད་ཀྱི་དུས་རབས་རེད”ཅེས་ཁ་གཡང་མང་པོ་བསྒྲགས་བཞིན་ཡོད་ཟེར། ཕུར་བ་རྡོ་རྗེའི་སེམས་སུ“ དུས་རབས་འདི་མི་ཚོས་ལབ་པའི་ལེགས་ཚོགས་ཅན་གྱི་དུས་རབས་ཤིག་ཡིན་ན་དགའ་བ་ལ་ཨང་། འོན་ཏེ་སྡེ་བའི་ནང་གི་མི་མང་པོ་ཞིག་ལ་སྔོན་ཆད་ལར་ནས་མེད་པའི་ནད་སྣ་ཚོགས་ཀྱིས་གཙེས་ཏེ་རང་ལས་ལོ་རྒན་པ་རྣམས་ལྟ་ཅི་ལོ་གཞོན་དང་དར་མ་མང་པོ་ཞིག་ཀྱང་སྨན་ཁང་ཆེན་མོ་མང་པོར་སོང་ནས་ནོར་ལུག་བཤའ་བ་ལྟར་ཁོག་པ་བཤས་ནས་ནང་ཁྲོལ་དོན་སྙིང་མང་པོ་བཅད་གཏུབ་བྱས་རབས་ཀྱི་སྐད་ཆ་སྡུག་པོ་གོ་རྒྱུ་ཇེ་མང་ཡིན་པ་འདི་ཅི་ཡིན་ནམ། ད་ལྟ་ནི་སྔོན་དང་ཡེ་མི་འདྲ་བར་སྡེ་བའི་བུད་མེད་ཚོར་བྱིས་པ་སྐྱེ་གྲངས་ཉུང་བ། འབྲོག་མོ་མང་པོ་ཞིག་ལ་བྱིས་པ་སྐྱེ་མི་ཐུབ་པར་མ་བུ་མཉམ་ཤི་རྒྱག་པ་དང་། བྱིས་པ་མངལ་ནས་ཅ་ལག་བཞིན་ལེན་པ། བྱིས་པ་ཚོར་ཆམ་པ་སོགས་ཕོག་སླ་བ་སྟེ་ཤོག་བུ་ལྟ་བུའི་ལུས་ཤིག་ཏུ་འགྱུར་བཞིན་འདུག་ཨང”སོགས་སྙམ་བཞིན་ཐེངས་མང་པོར་སྔམ་པ་ཤོར། གནས་ཚུལ་དེའི་རིགས་ཁོའི་གཉེན་ཉེ་དང་བུ་ཚ་དག་གི་ནང་དུའང་མི་ཉུང་བ་ཞིག་བྱུང་བས་ཁོས་མགོ་བོ་འཕྲེད་དུ་ཡང་ཡང་གཡུག་དགོས་བྱུང་།

དེ་ལྟར་དུས་རབས་གསར་བའི་ཨ་གསར་གྱི་ཚ་རླབས་འཕྱུར་ནས་ལོ་ངོ་མང་ཙམ་འགོར་བའི་རྗེས་སུ་ཚ་བུ་སློབ་ཆེན་པ་ཞིག་གིས་ཨ་མྱེ་ཕུར་བ་རྡོ་རྗེ་ལ། མི་ཆེན་རེ་འགས་བཤད་ན་ང་ཚོ་སྟེ་མཐོ་སྒང་འདིར་གནས་འཆའ་བའི་མི་དག་ལ“རྩམ་ཟན་གྱི་མི་རིགས”ཞེས་བཏགས་ཡོད་རབས་དང་། ད་ལྟ་ནི་རྩམ་པའི་རིན་ཐང་ལ་ངེས་ཤེས་རྙེད་བཞིན་པའམ་ཕྱིར་རྟོག་བྱེད་བཞིན་པའི་མི་ཇེ་མང་དུ་གྱུར་ནས“སྦྲང་དཀར་རྩམ་པའི་ཇ་ཁང”དང“རྩམ་པ་བོད་ཟས”ཞེས་འདོགས་ནོར་ཐེབས་པའི་མིང་སོགས་བཀོལ་ནས་གྲོང་དང་གྲོང་ཁྱེར་གྱི་མགྲོན་ཁང་དང་ཟ་ཁང་གི་སྒོ་བྱང་བྱེད་བཞིན་པ་དང་། ཐ་ན་མིའི་མིང་ལའང་“སྦྲང་དཀར་རྩམ་པ”དང“རྩམ་ཟན” “རྩམ་དགའ”ཞེས་སོགས་བཏགས་ནས་བོད་མི་ངོ་མ་དང་དག་མ་མཚོན་ཁུལ་བྱེད་བཞིན་པ་མང་པོ་ཡོད་རབས་ཟེར། རྒན་པོ་ཕུར་བ་རྡོ་རྗེའི་སེམས་སུ“མི་དེ་དག་དངོས་གནས་མཚར་བོ་རང་འདུག ཁོ་ཚོ་ཨ་གསར་རམ་གཡམ་རྒྱུག་གིས་གཞན་རྗེས་སྙེག་ཏེ། ཕ་ཟས་སྦྲང་དཀར་རྩམ་པ་ཟ་བ་ཐབས་རྡུགས་སུ་བརྩིས་ནས་འཕྱ་སྨོད་བྱེད་སྤྱད་བྱས་ཏེ་ལོ་མང་འགོར་བས་ད་ནི་བྱིས་པ་ཚོར་ཟས་རིགས་ལབ་ལོབ་དག་ཆུང་དུས་ནས་གོམས་པར་བྱས་པས་རྩམ་པ་ཟ་འདོད་མེད་ངེས། གཞན་ཁོ་ཚོས་འགྲོན་ཁང་དང་ཟ་ཁང་། མི་ཡི་མིང་སོགས་ལ་སྦྲང་དཀར་རྩམ་པ་ཞེས་བཏགས་པས་ཅི་ལ་ཕན་ཏེ། དེ་ནི་མིང་ཙམ་བཏགས་པ་ལས་ཅི། མི་ཞིག་གི་མིང་ལ་དོན་གྲུབ་ཅེས་བཏགས་པས་དོན་ཐམས་ཅད་འགྲུབ་འགྲོ་བ་ཞིག་མིན་པ་ལྟར་ལས་ཅི”སྙམ་བཞིན་ཁོང་དགོད་རེའང་ཤོར། ཁོང་དགོད་དེ་མངོན་ཆུང་བྱེད་ཅི་ཐུབ་ཀྱིས་སླར་ལག་གཡས་ཀྱིས་འཁོར་ལོ་བསྐོར་ཞིང་ལག་གཡོན་པས་ཙན་དན་གྱི་འཕྲེང་བ་འདྲེན། ཁ་ནས་ཅི་ཞིག་མིག་མིག་ཏུ་བཟློ་བར་བྱེད། ཕུར་བ་རྡོ་རྗེ་ལོ་བདུན་ཅུ་བརྒྱད་ཅུར་སླེབས་པའི་དུས་རབས་ཉེར་གཅིག་པའི་སྟོད་དུ་འབྲོག་ས་རུ“ཕྱུགས་སྐྱུར་རྩྭ་སྐྱོང”ཞེས་པ་དང་། རོང་ས་རུ“རྨོད་སྐྱུར་ནགས་གསོ”ཞེས་པ་ཞིག་དར། དེ་ནི་བོད་མི་ཚོས་འགྲོན་ཁང་དང་ཟ་ཁང་། མི་ཡི་མིང་སོགས་ལ“སྦྲང་དཀར་རྩམ་པ”ཞེས་བཏགས་པ་ལྟ་བུ་ཞིག་ལར་ནས་མིན་པར“ཚིག་ཁ་ཐོག་ནས་བཤད་པ་དོན་ཐོག་ལ་བབབ་པ། རྐང་རྡོ་ཐོག་ནས་བཅག་པ་ལྕེ་ཐོག་ཏུ་བབས་པ”ཞིག་རེད་འདུག རྒན་པོའི་སེམས་སུ་རང་ཉིད་ཕོ་གསར་ཡིན་དུས་རོང་འབྲོག་བར་གྱི་མར་ཆུར་རྩམ་གསུམ་གྱི་བརྗེ་ཚོང་གི་རྣམ་པ་དྲན་ཞིང་། ལྷག་པར་དུ་ལོ་འགའི་སྔོན་དུ་ཚེ་ཕྱི་མར་ཕྱིན་པའི་ཚེ་གྲོགས་མ་རོང་ཡུལ་ནས་འབྲོག་ཏུ་མནའ་མར་བླངས་པ་སོགས་ཀྱི་མཛེས་སྡུག་གི་འདས་སོང་དག་དྲན་པའི་ཀློང་ལ་འཁོར། མར་ཆུར་གྱི་དོ་བོ་དང་ནས་ཞིང་སྔོན་མོའི་རྦ་རླབས་གཡོ་བ་སོགས་ཀྱང་དུས་རབས་གསར་བའི་གློག་བརྙན་གྱི་འཆར་ཤེལ་ངོས་སུ་གཟུགས་རིས་དག་གསར་པོར་མངོན་པ་བཞིན་ཤར། དེ་དུས་ཁོའི་ལག་གི་འཕྲེང་བ་དང་འཁོར་ལོ། ཁ་ཡི་མིག་མིག་སོགས་ཡོད་ཚད་རེ་ཞིག་འགུལ་ཏུ་མེད་པར་མཚམས་ཆད་འགྲོ །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1