རྒྱ་བོད་མི་རིགས་གཉིས་ཀྱི་ས་མིང་ལོ་ཙཱ་བྱེད་ཚུལ་སྐོར་ཅུང་ཟད་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


ས་མིང་ནི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུ་ལོ་རྒྱུས་ཀྱི་ཐོན་དངོས་ཡིན་ལ་རྒྱལ་ཁབ་མངའ་ཁོངས་བདག་དབང་གི་རྟགས་མཚན་ཡང་ཡིན་པ་མ་ཚད། ད་དུང་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་ལམ་འཁྲིད་པ་པོ་དང་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ལག་རྟེན་ལྟ་བུ་ཞིག་ཡིན། བརྡ་འཕྲིན་ཅན་གྱི་སྤྱི་ཚོགས་ཁྲོད་ས་མིང་འདིས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ། ཚན་རྩལ། རིག་གནས་འབྲེལ་འདྲིས། གསར་འགྱུར་པར་སྐྲུན་བཅས་དང་སྤྱི་ཚོགས་འཚོ་བའི་གང་གི་ཐད་ནས་མེད་དུ་མི་རུང་བའི་རིག་གནས་མང་པོའི་ཉིང་འདུས།ང་ཚོས་རྒྱུན་ལྡན་གྱི་འཚོ་བའི་ནང་གསར་འགྱུར་དང་རྩོམ་རིག་བརྩམས་ཆོས་སོགས་སུ་འདུས་པའི་ས་མིང་གང་མང་ཞིག་ལོ་ཙཱ་བྱེད་དུས་ལས་སླ་བར་འདོད་ནས་སྒྲ་སྒྱུར་ཁོ་ན་བྱེད་བཞིན་པས། སྒྲ་སྒྱུར་བྱེད་པ་ནི་འོལ་སྤྱི་ཙམ་གྱི་རྩ་དོན་ཞིག་ཡིན་པས་ས་མིང་ལ་སྒྲ་སྒྱུར་རྐྱང་པ་བྱས་ན་གནད་དོན་མང་པོ་ཞིག་འབྱུང་།

སྤྱིར་ས་མིང་ལོ་ཙཱ་བྱེད་དུས་མཐའ་གཅིག་ཏུ་ནད་བརྒྱ་སྨན་གཅིག་གི་བཅོས་ཐབས་ལྟར་ལོ་ཙཱ་བྱེད་མི་རུང་སྟེ། ང་ཚོས་ལོ་ཙཱ་མ་བྱས་སྔོན་ལ་ལོ་ཙཱ་བྱས་རྗེས་ཀྱི་ཀློག་པ་པོ་སུ་ཡིན་པ་དང་། དེ་ལོ་ཙཱ་བྱེད་བའི་ཕན་ཡོན་གང་ཡིན་པ་ལ་བསམ་གཞིགས་བྱས་ཏེ་མ་ཡིག་དང་བསྟུན་ཞིང་འགྱུར་ཡིག་ལ་སྐྱོན་གྱིས་མ་གོས་པའི་སྒོ་ནས་དགོས་མཁོ་ལྟར་རྩོམ་རིག་བརྩམས་ཆོས་དང་གཏམ་དཔེ། དཔེ་ཆོས་ལ་སོགས་པའི་ཁྲོད་ཀྱི་ས་མིང་གི་རིག་གནས་དོན་སྙིང་མངོན་ཅི་ཐུབ་བྱེད་ནས་ལོ་ཙཱ་བྱེད་ན་ཀློག་པ་པོས་མ་ཡིག་བསྟན་དོན་དེ་ཇི་མ་ཇི་བཞིན་དུ་རྟོགས་པར་ཕན་པ་ཆེ་བ་མ་ཟད། ད་དུང་ས་མིང་གི་ལོ་ཙཱའི་གནད་དོན་ཡང་དག་ཡོང་བ་ལའང་ཕན་ཐོགས་ཆེ་བས་ས་མིང་ལོ་ཙཱའི་རྩ་དོན་དང་ཟུང་འབྲེལ་བྱས་ནས་འགྱུར་ཡིག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་ཅི་ཐུབ་བྱ་དགོས།

གཅིག སྒྲ་བསྒྱུར་བྱེད་དགོས་པའི་ཐད།

རྒྱ་ནག་ས་མིང་དང་གང་ཟག་གི་མིང་དང་བོད་ལ་མེད་པའི་མེ་ཏོག་རྩི་ཤིང་གི་མིང་སོགས་ཕབ་སྒྱུར་བྱེད་སྐབས་སྒྲ་སྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་སྒྲ་གདངས་སོར་བཞག་བྱེད་དགོས་པས་ས་མིང་ནི་གཙོ་བོ་ས་ཆ་དེ་གའི་རིག་གནས་མཚོན་བྱེད་ཅིག་ཡིན་པས་བོད་རྒྱ་ས་མིང་ལོ་ཙཱ་བྱེད་སྐབས་དེ་བཞིན་སྒྲ་བསྒྱུར་ལ་བརྟེན་ནས་ས་མིང་གི་སྒྲ་གདངས་སོར་འཇོག་བྱེད་ཅི་ཐུབ་ནས་མ་ཡིག་དང་མཐུན་པའི་ལུགས་སྤེལ་དགོས་སྲིད།

དཔེར་ན། 北京 པེ་ཅིང་། 上海 ཧྲང་ཧའེ། 台湾 ཐའེ་ཝན། 香港 ཞང་ཀང་། 陕 ཧྲའན་ཞི། 重庆 ཁྲུང་ཆིང་སོགས་ལྟ་བུ།

རྒྱ་ཡིག་དུ་སྒྲ་གདངས་སམ་སྒྲ་ང་རོའི་ཁྱད་པར་ལ་བརྟེན་ནས་ས་གནས་ཀྱི་མིང་མི་འདྲ་བ་བཏགས་ཡོད་པའི་སྐོར་བོད་ཡིག་ཏུ་ལོ་ཙཱ་བྱེད་པའི་སྐབས་སུ་ཡང་རྒྱ་ཡིག་ཇི་མ་ཇི་བཞིན་ཐོན་མི་ཐུབ་ཀྱང་ཁྱད་པ་གསལ་པོར་འབྱེད་དགོས།

དཔེར་ན། 陕西 ཞེས་པ་(ཧྲན་ཞི་)ལོ་ཙཱ་བྱེད་པ་དང་། 陕西 ཞེས་པ་(ཧྲའན་ཞི་)ཞེས་ལོ་ཙཱ་བྱེད་ནས་དབྱེ་བར་འབྱེད་ན་ལེགས།

རྒྱ་བོད་མི་རིགས་ཀྱི་ས་མིང་ལོ་ཙཱ་བྱེད་པའི་སྐབས་སུ་བརྡ་དག་ལ་དོ་སྣང་མ་བྱེད་ནས་གང་འདོད་དུ་བྲིས་ན་མིང་བརྡ་གཞན་དང་འཁྲུལ་སླ་ཞིང་། དམའ་འབེབས་དང་དམོད་མོའི་ངོ་མཚར་བའི་དོན་ཡང་འབྱུང་སྲིད་ཅིང་།

དཔེར་ན། 羌族ལ་(ཆང་རིགས་)ཞེས་པའི་ལོ་ཙཱ་བྱེད་ན། བཏུང་བྱའི་ཆང་དང་ནོར་སྲིད་པས་(ཆའང་རིགས་)ཞེས་ལོ་ཙཱ་བྱེད་དེ་阿坝羌族自治州ལ་(རྔ་བའི་ཆའང་རིགས་རང་སྐྱོང་ཁུལ་)ཞེས་ལོ་ཙཱ་བྱེད་པ་དང་། 彝族ཞེས་པ་(དབྱི་རིགས)ཞེས་ལོ་ཙཱ་བྱེད་ན་རི་དྭགས་དབྱི་ཞེས་པ་དང་ནོར་སྲིད་པས་(དབྱིས་རིགས་)ཞེས་ལོ་ཙཱ་བྱེད་པས་彝族自治县དེ་(དབྱིས་རིགས་རང་སྐྱོང་རྫོང་)ཞེས་ལོ་ཙཱ་བྱེད་དགོས་པས་གནད་དོན་དེ་རིགས་ལ་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་མིན་དེང་སང་ས་མིང་འགའ་ལོ་ཙཱ་བྱེད་དུས་གཅིག་གྱུར་གཏན་འབེབས་བྱས་ཡོད་ཀྱང་ལོ་ཙཱ་བ་མང་པོ་ཞིག་གིས་རང་སྣང་གང་ཤར་དུ་ལོ་ཙཱ་བྱེད་བའི་སྐྱོན་ཡོད་དེ།

དཔེར་ན། ཟལ་མོ་སྒང་ལ沙谟贡、色莫岗དང་། འཕྱོགས་རྒྱས་ལ 琼结、穷结、穹杰དང་། ཀོང་པོ་ལ贡布、工布、贡波དང་། སྨར་ཁམས་ལ་玛康、某康དང་།

香港ལ་(ཞང་ཀང་)དང་(ཤང་ཀང་) ལྟ་བུ་སོགས་ལོ་ཙཱ་བྱེད་བས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་རྙོག་དྲ་དང་ཀློག་པ་པོ་དག་ལ་གོ་ལོག་འགྲོ་ཉེས་ཆེ།

གནད་དོན་དེ་དག་ལ་དོ་སྣང་བྱེད་པ་དང་བཏང་སྙོམས་སུ་མི་འཇོག་པའི་སྒོ་ནས་བོད་ཡིག་རང་ངོས་ཀྱི་འཕེལ་རྒྱས་དང་བོད་མགོ་ནག་མི་ཡིས་གོ་ནུས་པའི་སྤྱི་སྐད་ཆགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྒྲ་སྒྱུར་ཚད་ལྡན་ཅན་དུ་གཏོང་རྒྱུ་དང་གནད་དོན་རྩ་བ་ནས་ཐག་གཅོད་དགོས་པ་སོགས་ལ་འབད་འབུངས་བྱེད་དགོས། ཆབས་གཅིག་ཏུ་བོད་ཀྱི་སྤྱི་སྐད་མ་ཆགས་པའི་སྔོན་དུ་རང་སྣང་གང་ཤར་དུ་ལོ་ཙཱ་མི་བྱ་བ་ངེས་པར་དུ་སྒྲ་སྒྱུར་བྱེད་པ་ལ་གཏན་ཕབ་རང་འགྲིག་དང་བདག་པོ་རྗེས་འབྲངས་ཀྱི་རྩ་དོན། (བོད་རྒྱ་ཚིག་མཛོད་ཆེན་མོ་)དང་(ས་གནས་སོ་སོའི་ས་གནས་མིང་མཛོད་)སོགས་ལ་དཔེ་བྱེད་ནས་ལོ་ཙཱ་བྱེད་རྒྱུ་གལ་ཆེན་ནོ། །

གཉིས། དོན་སྒྱུར་བྱེད་དགོས་པའི་ཐད།

དོན་བསྒྱུར་ཞེས་པ་ནི་སྒྲ་བསྒྱུར་དང་མི་འདྲ་སྟེ་མ་ཡིག་གི་དོན་ལ་བསྟུན་ནས་ལོ་ཙཱ་བྱེད་དགོས་པ་ཞིག་ཡིན་ལ་ངེས་པར་དུ་མ་ཡིག་གོ་དོན་དང་འཚམ་དགོས།

དཔེར་ན།宝兴ནོར་འཕེལ།禅定寺བསམ་གཏན་དར་རྒྱས་གླིང་།海南མཚོ་ལྷོ།青海མཚོ་སྔོན།海北མཚོ་བྱང་།海东地区མཚོ་ཤར་ས་ཁུལ། ལྟ་བུ་སོགས། ངེས་པར་དུ་བསྒྱུར་བྱའི་བརྗོད་བྱའི་ནང་དོན་བཟུང་ནས་ལོ་ཙཱ་བྱེད་དགོས་པས་(བོད་རྒྱ་མི་རིགས་གཉིས་ཀྱི་ས་མིང་དོན་སྒྱུར་བྱེད་ཚུལ་སྐོར་བཤད་པ།)ནང་བརྗོད་པས་འདི་ན་བསྐྱར་དུ་མི་ལབ།

གསུམ། སྒྲ་དོན་འདྲེས་ནས་ལོ་ཙཱ་དགོས་པའི་ཐད།

འདྲེས་བསྒྱུར་ཞེས་པ་ནི་བསྲེས་ནས་ལོ་ཙཱ་བྱེད་པ་སྟེ། སྒྲ་བསྒྱུར་དང་དོན་བསྒྱུར་གཉིས་ཀ་ཟུང་འབྲེལ་བྱེད་ནས་ལོ་ཙཱ་བྱེད་པ་ཞིག་ལ་གོ །

དཔེར་ན། གངས་དཀར་རི་བོ།贡嘎山 བོད་རིགས་རང་སྐྱོང་ཁུལ།藏族自治州མངའ་རིས་ས་ཁུལ།阿里地区སོགས་ལྟ་བུ།

རྒྱལ་ཁབ་དང་མི་རིགས་གཞན་གྱི་སྐད་ཡིག་ནས་རི་དང་ཆུ། རྩི་ཤིང་། གྲོང་ཁྱེར། ཞིང་ཆེན་སོགས་ཀྱི་མིང་ལོ་ཙཱ་བྱེད་པའི་སྐབས་སུ་མིང་གི་སྔ་རྗེས་སུ་བསྒྱུར་བྱའི་རིགས་གང་ཡིན་པ་དེ་སྒྲ་དོན་འདྲེས་བ་བྱེད་ནས་ལོ་ཙཱ་བྱེད་དགོས་པ།

དཔེར་ན། མེ་གླིང་བྱང་མ།北美洲 ཡ་གླིང་།亚洲 ཨར་ཕེ་སི་རི་བོ།阿尔卑斯山ཉིང་ཞ་ཧེའུ་རིགས་རང་སྐྱོང་ཁུལ།宁夏回族自治区ལྟ་བུ་དང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་ས་མིང་བསྒྱུར་དུས་བསྒྱུར་བྱ་དེའི་མི་རིགས་ཀྱི་སྐད་དང་བསྟུན་ནས་ལོ་ཙཱ་བྱེད་དགོས་པ་ལས་རྒྱ་ཡིག་བསྒྱུར་ཡིག་ལ་བསྟུན་ནས་ལོ་ཙཱ་བྱེད་མི་རུང་།

དཔེར་ན(AmericaGermany)རྒྱ་སྐད་དུ美国ཞེས་ལོ་ཙཱ་བྱེད་ཡོད་པས་བོད་སྐད་དུ་ངེས་པར་དུ་(ཨ་མེ་རི་ཀ་དང་ཨ་མེ་རི་ཀའི་རྒྱལ་ཁབ།)ཞེས་བསྒྱུར་དགོས་པ་ལས་རྒྱ་ཡིག་ལྟར་(མེ་གོ་)ཞེས་བསྒྱུར་མི་རུང་། (Germany)ཞེས་པ་རྒྱ་སྐད་དུ་德国ཞེས་ལོ་ཙཱ་བྱེད་ཡོད་པ་དང་། བོད་སྐད་དུ་(འཇར་མན་)ཞེས་ལོ་ཙཱ་བྱེད་དགོས་པ་ལས་རྒྱ་ཡིག་ལྟར་(ཏེའེ་གོ །)ཞེས་བསྒྱུར་མི་རུང་། ལྟ་བུའོ།

དེ་ལྟ་བུ་ལོ་ཙཱ་བྱེད་པའི་སྐབས་སུ་ས་གནས་དང་རྒྱལ་ཁབ་སོགས་ཀྱི་མིང་སྒྲ་སྒྱུར་བྱས་པའི་རྗེས་སུ་གླིང་དང་རྒྱལ་ཁབ། ཞིང་ཆེན་དང་ས་ཁུལ་སོགས་དོན་བསྒྱུར་བྱས་ནས་ལོ་ཙཱ་བྱེད་དགོས་པ་དང་ངེས་པར་དུ་ས་མིང་བསྒྱུར་བྱ་དེའི་མི་རིགས་ཀྱི་སྐད་དང་བསྟུན་ནས་ལོ་ཙཱ་བྱེད་དགོས་པས་དེ་དག་རྙོག་འཛིང་མ་འོང་པ་དང་གཅིག་གྱུར་ཞིག་ཆགས་པར་ཕན་ཐོགས་པས་རྒྱུན་འཛིན་བྱ་དགོས།

བཞི། གཏན་འཇགས་སུ་འཇོག་དགོས་པའི་ཐད།

ས་མིང་འགའ་ལ་གཞིགས་ན་བོད་རྒྱ་སོ་སོའི་མིང་རེ་བཏགས་ཡོད་ཅིང་གཏན་འཇགས་སུ་གྱུར་ཡོད་པས། དེ་དག་བསྐྱར་བསྒྱུར་བྱེད་མི་དགོས། གལ་ཏེ་བསྐྱར་སྒྱུར་བྱེད་ན་མིང་བརྡ་རྙོག་འགྲོ་བས་གཏན་འཇགས་རང་འགྲིག་རྩ་དོན་འཛིན་དགོས།

དཔེར་ན།五台山རི་བོ་རྩེ་ལྔ།锡金འབྲས་ལྗོངས།峨眉山གླང་ཆེན་འགྱིང་རི།不丹འབྲུག་ཡུལ།缅甸འབར་མ།黄河རྨ་ཆུ། 长江འབྲི་ཆུ།雅龙江ཉག་ཆུ། སོགས་ལྟ་བུའོ། །  

◆ རྩོམ་པ་པོ། དོན་འགྲུབ་ཕུན་ཚོགས། སི་ཁྲོན་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1