ལོ་ཙཱ་དང་རིག་གནས་ཀྱི་འབྲེལ་བ་རོབ་ཙམ་གླེང་བ་དོན་ལྡན་ཚངས་ཐིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


གཅིག རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་

འདེམས་པའི་གལ་ཆེན་རང་བཞིན།

ལོ་ཙཱ་ནི་སྐད་རིགས་ཤིག་གིས་མཚོན་པའི་དོན་དེ་སྐད་རིགས་གཞན་ཞིག་གིས་བརྡ་སྤྲད་པ་བརྒྱུད། བསམ་བློ་བརྗེ་རེས་དང་རིག་གནས་ཤེས་བྱ་བརྒྱུད་སྒྲོག་བྱས་ཏེ། སྤྱི་ཚོགས་ཀྱི་ཤེས་རིག་སྐུལ་སྤེལ་དང་ལྷག་པར་སྒྱུར་བྱེད་སྐད་ཀྱི་རིག་གནས་ཕུན་ཚོགས་གྲ་རྒྱས་སུ་གཏོང་བར་དམིགས་པ་ཞིག་ཡིན། དེ་ཡང་རིག་ཚན་གང་ཞིག་ལོ་ཙཱ་བྱས་ནའང་དམིགས་ཡུལ་འདི་ལས་མ་འདས་སོ། །

འགྲོ་བ་མིའི་རིགས་ལ་ལོ་ཙཱ་དར་བ་ནས་བཟུང་རིགས་རྒྱུད་མི་གཅིག་པ་དང་སྐད་རིགས་རིག་གནས་མི་གཅིག་པའི་མི་རིགས་ཕན་ཚུན་རྒྱུས་མེད་ནས་རྒྱུས་ཡོད་དང་འདྲིས་མེད་ནས་འདྲིས་ཅན་དུ་གྱུར་པའི་གོ་རིམ་དུ་རིག་གནས་དང་བསམ་བློ་བརྗེ་རེས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ཆགས་པར་བརྟེན། མི་རིགས་མཉམ་གནས་དང་རིག་གནས་མཉམ་སྤྱོད་ཀྱིས་འཕེལ་རྒྱས་བྱུང་བར་མ་ཟད། རིག་གནས་འདྲེས་སྦྱོར་གྱི་འདུ་བྱེད་ཀྱང་དུས་རིམ་མི་འདྲ་བའི་འགྱུར་ལྡོག་དང་བསྟུན་ནས་ཟམ་མ་ཆད་པར་འབྱུང་བཞིན་མཆིས་སོ། །

མི་རིགས་ཞིག་གི་སྐད་ཡིག་ཏུ་ཡོད་པའི་དོན་དེ་མི་རིགས་གཞན་ཞིག་གིས་གོ་ཐུབ་པར་གཏོང་ན་ངེས་པར་དུ་མི་རིགས་གང་དེའི་སྐད་དུ་སྒྱུར་བ་ལས་ཐབས་གཞན་མེད། མི་རིགས་རང་མཚན་པ་གང་ཞིག་གི་སྐད་ཆའི་མ་ལག་ཏུ་མི་རིགས་དེའི་མཛེས་སྡུག་ལྟ་བ་དང་། རིན་ཐང་ལྟ་བ་སོགས་རིག་གནས་ཀྱི་ཕྱོགས་རིམ་མང་པོ་འདུས་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་གཟུངས་དང་ཁྱད་རྟགས་གྲུབ་པའི་ཕྱིར། རིག་གནས་རྒྱུ་འགྲུལ་གྱི་འདུ་བྱེད་གཙོ་བོར་གྱུར་པའི་ལོ་ཙཱའི་བྱ་གཞག་གི་གནད་ས་དང་དཀའ་སའང་རིག་གནས་ཁྱད་པར་གྱི་སྟེང་ན་ཡོད་པ་ཡིན་ནོ། །

རྒྱུ་མཚན་དེ་ལྟ་བུ་ལ་བརྟེན་ནས་ལོ་ཙཱའི་གཞུང་ལུགས་སྨྲ་བ་མང་པོ་ཞིག་གིས་ལོ་ཙཱ་དང་རིག་གནས་ཀྱི་འབྲེལ་བ་ལ་དོ་སྣང་བྱེད་མགོ་བརྩམས་ཤིང་། ལོ་ཙཱ་ནི་སྐད་ཡིག་ཅིག་གི་ནང་དོན་སྐད་ཡིག་གཞན་ཞིག་ཏུ་གོ་བརྡ་སྤྲད་པ་ཙམ་མ་ཡིན་པར། ངོ་བོའི་སྟེང་ནས་སྤྱི་ཚོགས་བྱ་འགུལ་གྱི་ཆ་ཤས་གཙོ་བོ་ཞིག་ཏུ་འདོད་དོན་ཡང་། ལོ་ཙཱའི་བྱ་བ་ལ་སྤྱི་ཚོགས་ཀྱི་རྩོལ་ནུས་མང་པོ་ལྡན་པས་ཡིན། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་དུས་སྐབས་མི་འདྲ་བའི་ནང་དུ་ལོ་ཙཱའི་སྤྱི་ཚོགས་ཀྱི་རྩོལ་ནུས་ཀྱང་མི་འདྲ་བ་རེད། དོན་དངོས་སུ་ལོ་ཙཱ་ནི་སྤྱི་ཚོགས་རིག་གནས་ཀྱི་སྒྲོམ་གཞི་ངེས་ཅན་འོག་གི་འདུ་བྱེད་ཅིག་ཡིན་པ་དང་། ལོ་ཙཱ་བྱེད་མཁན་ཚོའི་ལོ་ཙཱའི་ཐབས་རྩལ་ཡང་ཁོ་རང་མི་སྒེར་གྱི་སྐད་ཡིག་ཆུ་ཚད་ཙམ་གྱིས་གཏན་འཁེལ་བྱེད་ཐུབ་པ་ཞིག་མ་ཡིན་པར། དུས་སྐབས་དེ་ཉིད་ཀྱི་རིག་གནས་རྒྱབ་ལྗོངས་དང་ངེས་ཅན་དུ་འབྲེལ་ཡོད། དེའི་ཕྱིར། རིག་གནས་མེད་ན་ལོ་ཙཱ་མེད་ཅེས་སྨྲ་ཆོག་གོ །

གཞན་ཡང་ལོ་ཙཱ་ཞིབ་འཇུག་ནི་རིག་གནས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན་པ་དང་། རིག་གནས་རང་མཚན་པ་གཉིས་ཀྱི་བརྗེ་སྤེལ་གྱི་འབྲེལ་བ་དང་གཤིབ་བསྡུར་གྱི་དཔྱོད་འཇུག་ཡིན་པར་མ་ཟད། ལོ་ཙཱ་ནི་རིག་གནས་འཛིན་སྤེལ་བྱེད་ཐབས་ཤིག་ཀྱང་ཡིན་ཕྱིར་ལོ་ཙཱ་དང་རིག་གནས་ཀྱི་འབྲེལ་བ་ལ་དཔྱད་ཞིབ་རོབ་ཙམ་བྱེད་འདོད་ཀྱིས་ཀུན་ནས་བསླངས། དེ་ཡང་ལོ་ཙཱ་དང་རིག་གནས་གླེང་ན་སྐད་ཆ་ནི་ཆེས་ཐོག་མར་གླེང་དགོས་པའི་བརྗོད་གཞི་གལ་ཆེན་ཞིག་རེད།

གཅིག སྐད་ཆ་དང་རིག་གནས་ཀྱི་འབྲེལ་བ།

སྐད་ཆ་ནི་མིའི་རིགས་ལ་དམིགས་བསལ་དུ་ཡོད་པའི་འབྲེལ་འདྲིས་ཀྱི་ཡོ་བྱད་ཡིན་པར་མ་ཟད། མིའི་རིགས་ཀྱི་ཆེས་གལ་ཆེ་བའི་འབྲེལ་འདྲིས་ཀྱི་ཡོ་བྱད་ཅིག་རེད། སྐད་ཆ་མ་གཏོགས་ཡི་གེ་དང་གློག་འཕྲིན་གཏོང་བྱེད་ཀྱི་ཨང་གྲངས་དང་རྩིས་རིག་གི་བརྡ་རྟགས། རྫས་འགྱུར་རིག་པའི་མཉམ་བྱའི་ཚུལ་ལ་སོགས་པ་ཡང་དུས་རྒྱུན་འབྲེལ་འདྲིས་ཀྱི་ཁྲོད་དུ་བཀོལ་བ་ཡིན་མོད། འོན་ཀྱང་དེ་དག་ཐམས་ཅད་སྐད་ཆའི་རྨང་གཞིའི་ཐོག་ནས་བསྐྲུན་པ་དང་། སྐད་ཆའི་ཚབ་སྤྱོད་དངོས་པོ་ཡིན་པས། ཁྱབ་ཁོངས་ངེས་ཅན་ཞིག་ཏུ་མ་གཏོགས་བཀོལ་སྤྱོད་བྱེད་མི་ཐུབ། མི་ཁ་ཤས་ཀྱིས་རི་མོ་འབྲི་བ་དང་ལག་བརྡ། རོལ་མོ་ལ་སོགས་པ་ཡང་སྐད་ཆ་ཡིན་ཟེར་བ་ནི། དེ་དག་གིས་གནས་ཚུལ་འགའ་རེ་བརྒྱུད་སྤྲོད་བྱེད་པ་དང་བསམ་བློའི་བརྩེ་དུང་འགའ་རེ་མཚོན་ཐུབ་པའི་རྐྱེན་གྱིས་རེད། དེ་ནི་དཔེ་བཀོད་པའི་བཤད་ཚུལ་ཞིག་ཏུ་བརྩི་བ་མ་གཏོགས། དོན་དངོས་ཐོག་དེ་དག་གིས་སྐད་ཆའི་ཚབ་བྱས་ཏེ་འབྲེལ་འདྲིས་ཀྱི་ཡོ་བྱད་བྱ་མི་ནུས། སྔར་ནས་བཟུང་སྤྱི་ཚོགས་ཤིག་གི་ནང་དུ་སྒྲ་དང་ལྡན་པའི་སྐད་ཆར་མི་བརྟེན་པར། ལག་བརྡ་དང་རི་མོ་འབྲི་བ། རི་མོ་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་བྱེད་མི་སྲིད་པ་ནི། བྱེད་ཐབས་དེ་དག་གིས་སྐད་ཆ་ལྟར་བསམ་བློ་སྣ་ཚོགས་བརྒྱུད་སྒྲོག་བྱེད་མི་ཐུབ་པའི་རྐྱེན་གྱིས་རེད། སྐད་ཆས་མིའི་རིགས་ཀྱི་ཤེས་རྟོགས་ཀྱི་གྲུབ་འབྲས་ཡོད་ཚད་བརྒྱུད་སྒྲོག་བྱེད་ཐུབ་པ་སྟེ། རགས་རིམ་ནས་སྣ་མང་དང་དམན་པ་ནས་མཐོ་བ། ཚོར་སྣང་ནས་རྗེས་དཔག དངོས་ཡོད་ནས་དངོས་མེད་ཀྱི་ཤེས་བྱ་ཐམས་ཅད་བརྒྱུད་སྒྲོག་བྱེད། བསམ་བློ་བརྗེ་རེས་བྱེད་པར་སྐད་ཆ་ལས་དྲང་ཐད་དང་ནུས་པ་ཆེ་བ། ཁྱབ་ཆེ་བ། དགེ་མཚན་ལྡན་པའི་ལག་ཆ་གཞན་ཞིག་ཡོད་མི་སྲིད། དེའི་ཕྱིར། སྐད་ཆ་ནི་ཆེས་འཐུས་སྒོ་ཚང་བའི་འབྲེལ་འདྲིས་ཀྱི་ཡོ་བྱད་ཡིན། དེ་དང་ཆབས་ཅིག་ཏུ་མི་རྣམས་ཀྱིས་སྐད་ལ་བརྟེན་ནས་བསམ་བློ་གཏོང་ཞིང་། སྐད་ཆ་ནི་བསམ་བློའི་མཚོན་བྱེད་དང་ཡིད་འགྱུར་གྱི་དབྱངས་རྟ་ལྟ་བུར་གྲུབ་ཅིང་། ཇི་ལྟ་བུའི་སྐད་ཆའི་སྦྱོར་བ་ཡོད་ན་དེ་ལྟ་བུའི་བསམ་བློའི་འཛིན་སྟངས་རེ་ཡོད་ཕྱིར། སྐད་ཆ་དང་བསམ་བློའི་བར་ལ་གཅིག་མཐུན་གྱི་འབྲེལ་བ་གྲུབ་སྟེ། སྐད་ཆའི་སྦྱོར་ལུགས་མི་མཐུན་ན། བསམ་བློའི་འདུ་ཤེས་ཐ་དད་དུ་གྱུར་པ་དང་། བསམ་བློ་གཏོང་སྟངས་མི་འདྲ་ན་མི་རིགས་ཐ་དད་པར་གྲུབ་ཕྱིར། སྐད་ཆ་མི་རིགས་དང་འབྲེལ་ཞིང་། མི་རིགས་ནི་སྐད་ཆ་དང་རིག་གནས་ཀྱི་སྒོ་ནས་འཇོག་ཕྱིར། སྐད་ཆའི་གནད་དོན་བཤད་ན་རིག་གནས་ཀྱི་གོམས་སྲོལ་གླེང་དགོས་པར་གྱུར་ཡོད། མི་རྣམས་ཕན་ཚུན་འབྲེལ་འདྲིས་ཀྱི་དབང་གིས་སྐད་ཆ་ཐོག་མར་བྱུང་བ་ནས། མི་རྣམས་ཀྱིས་རང་ཉིད་གནས་སའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན། རིག་གནས་གོམས་གཤིས་སོགས་གང་དང་ཅི་བྱུང་སྐད་ཆའི་སྡེབ་ལ་ཉར་ཅིང་། སྐད་ཆ་ལ་བརྟེན་ནས་རང་གི་མྱོང་བ་དང་གོམས་སྲོལ་བརྒྱུད་སྤེལ་བྱེད་ཀྱི་ཡོད་པས་སྐད་ཆ་དང་རིག་གནས་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ཡོད་ཀྱང་། ཁྱབ་ཆེ་ཆུང་གི་ཁྱད་པར་ནི་ཡོད་དེ། སྐད་ཆ་ཡིན་ན་རིག་གནས་ཡིན་པས་ཁྱབ་ཀྱང་རིག་གནས་ཡིན་ན་སྐད་ཆ་ཡིན་པས་མ་ཁྱབ་བོ། །

(1)སྐད་ཆ་ནི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ།

རིག་གནས་ནི་འགྲོ་བ་མིའི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དུ་གསར་གཏོད་བྱས་པའི་དངོས་པོ་དང་བསམ་པའི་ནོམ་རྫས་ཀྱི་སྤྱི་མིང་སྟེ། སྟབས་བདེ་བྱས་ན་འགྲོ་བ་མིའི་སྐྱེས་རྒྱུད་གནས་ཐབས་དང་གཅེས་སྲོག་འཚོ་ཐབས་ལ་གོ་དགོས་པར་བཤད། མཁས་པ་ཕལ་མོ་ཆེས་རིག་གནས་ནི་ཕྱི་དངོས་པོའི་རིག་གནས་དང་ནང་བསམ་པའི་རིག་གནས་ཞེས་ཕྱོགས་ཆེན་པོ་གཉིས་སུ་དབྱེ་ཞིང་། དེ་ལས་བསམ་པའི་རིག་གནས་ནི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་སུ་ཆིག་སྒྲིལ་བྱུང་བའི་རིན་ཐང་ལྟ་བ་དང་། བསམ་བློ་ཀུན་སྤྱོད། བཅའ་ཁྲིམས་ཁྲིམས་སྲོལ། མཛེས་འཛིན་འཁྱེར་སོ་སོགས་ལ་ཟེར་གྱི་ཡོད། སྐད་ཆའང་རིག་གནས་འཕེལ་རྒྱས་དང་བསྟུན་ནས་ཐོན་པའི་བསམ་བློའི་རིག་གནས་ཀྱི་ཡ་གྱལ་ཞིག་གམ་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ཡང་དེ་ལ་རིག་གནས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་རེད།

(2)སྐད་ཆ་ནི་རིག་གནས་ཀྱི་རྒྱུན་ཐག་ཡིན་པ།

སྐད་ཆ་ནི་མིའི་རིགས་ཁོ་ན་ལ་ཡོད་པའི་བརྡ་རྟགས་ཀྱི་མ་ལག་ཡིན་ཞིང་དེས་རིག་གནས་ལ་བྱེད་ནུས་འདོན་པའི་སྐབས་སུ། རིག་གནས་ཀྱི་རྒྱུན་ཐག་དང་སྣོད་ཆས་སུ་གྱུར་ཡོད་དེ། མི་རིགས་སོ་སོའི་རིག་གནས་མི་འདྲ་བའི་དབང་གིས་སྐད་ཆ་མི་འདྲ་བ་བྱུང་ཞིང་། སྐད་ཆའི་ཀློང་དུ་མི་རིགས་གང་དེར་དམིགས་བསལ་དུ་ཡོད་པའི་སྲོལ་རྒྱུན་རིག་གནས་དང་། བསམ་གཞིག་གཏོང་སྟངས། སྤྱི་ཚོགས་སེམས་ཁམས། ཡུལ་སྲོལ་གོམས་གཤིས། རིན་ཐང་འཁྱེར་ཕྱོགས། སྤྱི་ཚོགས་ལྟ་བ་སོགས་ཚར་དུ་དངར་ཡོད་པས། སྐད་ཆ་ནི་འགྲོ་བ་མིའི་འབྲེལ་འདྲིས་ཀྱི་ལག་ཆ་ཡིན་པ་གང་ཞིག མི་རིགས་རང་མཚན་པ་སོ་སོའི་རིག་གནས་ཀྱི་རྒྱུན་ཐག་དང་སྣོད་ཆས་ཀྱང་ཡིན་ནོ། །

(3)རིག་གནས་ནི་སྐད་ཆའི་གཞི་རྟེན་ཡིན་པ།

སྐད་ཆས་རིག་གནས་ཚུར་སྣང་བྱེད་པ་དང་རིག་གནས་ཀྱི་གྲུབ་ཆ་གཙོ་ཤོས་ཡིན་ཡང་དེ་ལ་རིག་གནས་ཀྱི་ཚོད་འཛིན་དང་ཤན་ཤུགས་ཐེབས་ཀྱི་ཡོད། རིག་གནས་ཀྱི་བརྡ་རྟགས་སུ་གྱུར་པའི་སྐད་ཆ་ཡིས་སྐད་ཆ་དེ་གཏོགས་ཀྱི་ཐུན་མིན་རིག་གནས་ཕྱིར་མཚོན་བྱེད་ཀྱི་ཡོད། རང་རེའི་བོད་ཀྱི་བསྟན་བཅོས་རྣམས་སུ་སྐད་ཆ་ལ་རྣམ་པར་རིག་བྱེད་ཀྱི་སྒྲའམ་རྗོད་བྱེད་ཀྱི་སྒྲ་ཟེར་ཞིང་། གཞི་གྲུབ་ན་སྒྲའི་བརྗོད་བྱ་ཡིན་པས་ཁྱབ་ཟེར་རོ། །འོན་ཀྱང་གཞི་གྲུབ་པ་ཐམས་ཅད་ལ་རྗོད་བྱེད་ཀྱི་སྒྲ་ཡོད་པས་མ་ཁྱབ་སྟེ། རིག་གནས་དར་བའི་མི་རིགས་ཀྱི་སྐད་བརྡ་ཕུན་སུམ་ཚོགས་ཤིང་། རིག་གནས་མ་དར་བའི་མི་རིགས་ཀྱི་སྐད་བརྡ་ལྟོས་བཅས་སུ་གྲ་རྒྱས་དང་འཐུས་ཚང་མིན་པ་ནི་ཀུན་གྱིམཐོང་ཆོས་སུ་གྲུབ་པས་རིག་གནས་ནི་སྐད་ཆ་གནས་པའི་རྨང་གཞི་སྟེ་སྐད་ཆའི་ཚེ་སྲོག་གི་འབྱུང་ཁུངས་ལྟ་བུ་ཡིན།

གཉིས། ལོ་ཙཱ་དང་རིག་གནས་ཀྱི་འབྲེལ་བ།

དེ་ཡང་ལོ་ཙཱ་དང་རིག་གནས་གཉིས་ཕན་ཚུན་འབྲེལ་ཞིང་འདྲིས་པར་བྱེད་པའི་སྦྲེལ་ཟམ་ལྟ་བུ་ལགས་ཤིང་། ལོ་ཙཱས་སྐད་རིགས་ཤིག་གི་བརྩམས་ཆོས་གང་ཞིག་སྐད་རིགས་གཞན་གི་ལམ་ན་ས་སླར་མཚོན་བྱེད་པས་ན་འགྱུར་རྩོམ་ལ་སྐད་རིགས་གཉིས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཡོད་པ་ནི་བསྙོན་དུ་མེད་པ་ཞིག་རེད། མ་ལག་མི་འདྲ་བའི་སྐད་རིགས་གཉིས་ཀྱི་ནང་དུ་ཚོགས་གསུམ་ལྟོས་ཟླར་གྲུབ་པ་རྐྱང་རྐྱང་ཡོད་མི་སྲིད་ཅིང་། རིག་གནས་ཀྱི་མཆེད་ཁུངས་མི་འདྲ་བ་དང་སྐད་ཆའི་སྒྲིག་གཞི་མི་འདྲ་བ། བསམ་བློ་གཏོང་སྟངས་མི་འདྲ་བ་བཅས་ཀྱིས་རིག་གནས་མི་འདྲ་བའི་བར་དུ་ཁྱད་པར་གྱི་ཆོས་ཤིན་ཏུ་མང་བ་གསལ་བར་མཚོན། དེ་དང་ཆབས་ཅིག་ཏུ་སྐད་ཆའི་བར་ཁྱད་ཀྱང་མངོན་དུ་ཕྱུང་བ་རེད། རིག་གནས་ཀྱི་ཁྱད་པར་དང་སྐད་ཆའི་ཧེ་བག་གི་དབང་གིས་ལོ་ཙཱ་ནི་རིག་གནས་འདྲེས་སྦྱོར་གྱི་བྱེད་ལས་ཤིག་གྱུར་ཡོད་དེ། འགྱུར་རྩོམ་རྣམས་ལ་འབྲེལ་འདྲིས་བྱེད་ཕྱོགས་གཉིས་ཀྱི་ཁྱད་ཆོས་ལྡན་པས་ཕྱོགས་གཉིས་ཀའི་གང་ལའང་ཡོངས་སུ་མཚུངས་པ་ཅན་ཞིག་འབྱུང་མི་སྲིད། དེ་བས་ན་ལོ་ཙཱ་ནི་མི་རིགས་རང་དང་མི་རིགས་གཞན་གྱི་རིག་གནས་བར་འབྲེལ་འདྲིས་བྱས་ཏེ་ཕྱོགས་གཉིས་ཀས་ཕན་ཚུན་གྱི་ལེགས་ཆ་སྡུད་ལེན་བྱེད་པ་ལ་ཟེར། རིག་གནས་གང་ཞིག་ནང་འདྲེན་བྱེད་སྐབས་རིག་གནས་དེ་ཉིད་ཕྱོགས་ཀུན་ནས་མི་རིགས་རང་ཆོས་ཅན་དུ་མི་འགྲོ་སྟེ། མ་མཐའ་ཡང་དེའི་ཆ་ཤས་སྐོར་ཞིག་རང་ཆོས་སུ་སྒྱུར་མི་བཏུབ་པ་ནི་ཆོས་ཉིད་ལགས་སོ། །

གལ་ཏེ་རང་ཆོས་ཅན་ཁོ་ནར་བསྒྱུར་ཐུབ་ན་དེ་ཉིད་ལོ་ཙཱ་བྱེད་པའི་དགོས་པའང་མ་མཆིས་པ་རེད། དེའི་དབང་གིས་རིག་གནས་དར་རྒྱས་འགྲོ་དགོས་ན་ལོ་ཙཱའི་འཕྲིན་ལས་དར་དགོས་ཤིང་ལོ་ཙཱའི་འཕྲིན་ལས་དར་ན་རིག་གནས་ཕན་ཚུན་བར་དུ་ཚད་གཞི་མི་འདྲ་བའི་མཉམ་འདྲེས་ཀྱི་སྣང་ཚུལ་ཡོད་པས་ཁྱབ་པ་ཡིན་ཏེ། མཉམ་འདྲེས་ནི་རིག་གནས་ཀྱི་ཁྱད་རྟགས་ཡིན་པའི་ཕྱིར། མི་རིགས་སོ་སོའི་རིག་གནས་དེ་རིག་གནས་ཐ་དད་པ་ཞིག་དང་འབྲེལ་བ་འབྱུང་ངེས་ཡིན་ཞིང་ཁ་རུབ་སྒོ་སྡོམ་གྱི་རིག་གནས་ནི་གནས་མི་སྲིད་པའི་རྒྱུ་མཚན་གྱིས་མིའི་རིགས་རིག་པ་བ་རྒོ་རྡིན་བེ་ཟེ་ཡིས(A.Gol denweiser1880-1940)མི་རིགས་རིག་གནས་ཁྲོད་རང་གི་གཉུག་མའི་རིག་གནས་དང་ཕྱི་ཡོང་རིག་གནས་ཀྱི་བསྡུར་བ་ནི་1:10 ཡིན་ཞེས་བཤད་དོ། །

རིག་གནས་ནི་སྐད་ཆའི་གཞི་རྟེན་ཡིན་ལ་སྐད་ཆའི་བརྗོད་བྱའང་ཡིན་པས། རིག་གནས་དར་རྒྱས་སོང་ན་སྐད་ཆ་ཕུན་ཚོགས་སུ་འགྲོ་ཞིང་། སྐད་ཆ་དར་རྒྱས་སོང་ན་རིག་གནས་རང་བཞིན་གྱིས་དར་རྒྱས་བྱུང་བ་ཡིན་ཕྱིར། ལོ་ཙཱའི་བྱ་གཞག་ལ་བརྟེན་ནས་རིག་ཚན་སོ་སོའི་ནང་དུ་སྔར་མེད་ཀྱི་མིང་བརྡ་གསར་་དུ་དྲངས་ན། མིང་དེས་བསྟན་པའི་རིག་གནས་ཀྱི་ནང་དོན་ཡང་འགྱུར་བྱེད་སྐད་ཀྱི་རིག་གནས་སུ་གྱུར་པ་ཡིན་པས། རིག་གནས་ནི་རྫིང་བུ་ཞིག་ཡིན་པའི་དབང་དུ་བཏང་ན། ལོ་ཙཱ་ནི་རྫིང་བུ་དེ་རུ་འཐེན་པའི་ཡུར་རྐ་དེ་ཡིན་ལ། ལོ་ཙཱར་བརྟེན་ནས་བྱུང་བའི་རིག་གནས་གསར་བ་ནི་ཡུར་རྐ་དེ་རུ་བཞུར་བའི་ལྟག་ཆུ་ཡིན་ནོ། །  

◆ རྩོམ་པ་པོ། གཅོད་པ་འཚོ། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1