ཞིང་པས་གཞུང་ཞབས་པར་རྒྱུགས་སྤྲད་ཆོག་གམ་།
སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09
2010ལོའི་ཟླ་10པའི་ཚེས་11ཉིན། ཀྲུང་དབྱང་གི་གཞུང་ཞབས་པའི་གཙོ་འགན་འཁུར་མཁན་སྡེ་ཁག་གིས་2011ལོའི་ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱིས་རྒྱུགས་བླངས་ཏེ་གཞུང་ཞབས་པ་བསྡུ་བའི་སྐོར་གྱི་ཆ་འཕྲིན་འགྲེམས་བསྒྲགས་བྱས། བཀོད་སྒྲིག་གཞིར་བཟུང་སྟེ། འགག་སྒོ་དང་རྒྱལ་ཁབ་ཁྲལ་དོན། ལྕགས་ལམ་སྤྱི་བདེ་མ་ལག་བཅས་འབྲེལ་ཡོད་སྡེ་ཚན་གྱི་གོ་གནས་ཁག་ཅིག་ངེས་གཏན་གྱིས་བཟོ་པ་དང་ཞིང་པ་སོགས་ཐོན་སྐྱེད་ལས་གནས་དང་པོའི་མི་སྣ་ཕུལ་བྱུང་ཅན་བསྡུ་ལེན་བྱས། བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་བཟོ་པ་དང་ཞིང་པ་མི་171གིས་གཞུང་ཞབས་པར་རྒྱུགས་སྤྲོད་པའི་མིང་ཐོ་བཀོད་ཡོད། 2012ལོའི་ཟླ་3པའི་ཚེས་18ཉིན། ཀོང་ཏུང་ཞིང་ཆེན་གྱིས་ཡོངས་བསྒྲགས་སྤེལ་ནས་མི་སྣ་རིགས་8ལ་ཁ་ཕྱོགས་ཏེ་གྲོང་གསེབ་དང་གྲོང་རྡལ་གྱི་གཞི་རིམ་གཞུང་ཞབས་པ་ཁ་ཤས་གདམ་སྒྲིག་བྱ་རྒྱུ་ཡིན་པ་དང་། དེའི་ནང་དུ་ས་གནས་དེ་གའི་ཞིང་པ་ཡང་འདུས་ཡོད།
གཞུང་ཞབས་པ་གླེང་བའི་ཚེ་ན། ང་ཚོས་སྤྱིར་བཏང་དུ་སློབ་ཆེན་གྱི་སློབ་མ་ཁོ་ནས་རྒྱུགས་སྤྲོད་ཆོག་པར་འདོད་བཞིན་ཡོད། ཡིན་ནའང་ཉེ་བའི་ལོ་ཤས་རིང་། ས་གནས་མང་པོ་ཞིག་དང་ཐ་ན་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་ཚང་མ་གཞུང་ཞབས་པར་རྒྱུགས་ལེན་པའི་ཚད་གཞི་ཇེ་དམའ་རུ་བཏང་སྟེ། ཞིང་པས་ཀྱང་གཞུང་ཞབས་པར་རྒྱུགས་སྤྲོད་ཆོག། བྱེད་སྟངས་དེའི་རིགས་རང་རྒྱལ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པ་ཡིན་ནམ་ཞེ་ན།
གཞུང་ཞབས་པར་རྒྱུགས་སྤྲོད་པ་ནི་སྤྱི་དམངས་ཀྱིས་སྲིད་ཞུགས་གི་དབང་ཆ་སྤྱོད་པའི་རྣམ་པ་ཞིག་ཡིན། སྲིད་ཞུགས་དབང་ཆ་ཟེར་བ་ནི་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་ཆབ་སྲིད་བྱེད་སྒོར་ཞུགས་པའི་ཁེ་དབང་ལ་ཟེར། བྱེ་བྲག་ཏུ་བཤད་ན་དེའི་ཁོངས་སུ། གདམ་བྱའི་དབང་ཆ་དང་འདེམས་བྱེད་དབང་ཆ། གོ་གནས་འབེབས་པའི་དབང་ཆ་བཅས་འདུས་ཡོད་ལ། གཞུང་ཞབས་པའི་རྒྱུགས་སྤྲོད་དུ་ཞུགས་པ་སོགས་ཀྱང་འདུས་ཡོད། 《 གཞུང་ཞབས་པའི་སྐོར་གྱི་བཅའ་ཁྲིམས།》ཀྱི་གཏན་འབེབས་ནང་གཞུང་ཞབས་པར་ལྡན་དགོས་པའི་ཆ་རྐྱེན་འདི་དག་ཡོད་དེ། ཀྲུང་གོའི་རྒྱལ་ཁོངས་ཡིན་པ་དང་། རང་ལོ་18ལ་སོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་བ། སྤྱོད་ལམ་བཟང་པོ་ཡོད་པ། རྒྱུན་ལྡན་གྱི་འགན་འཁྲི་སྒྲུབ་ཐུབ་པའི་གཟུགས་པོའི་ཆ་རྐྱེན་ལྡན་པ། གོ་གནས་ཀྱི་བླང་བྱ་དང་མཐུན་པའི་རིག་གནས་ཆུ་ཚུད་དང་ལས་ཀ་སྒྲུབ་ནུས་ལྡན་པ་བཅས་ཡིན་དགོས། དེའི་ནང་ངེས་པར་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས་པའི་གཏན་འབེབས་བྱས་མེད། རྩ་ཁྲིམས་དང《གཞུང་ཞབས་པའི་སྐོར་གྱི་བཅའ་ཁྲིམས།》གཉིས་ཀའི་ནང་དུ་སློབ་གཉེར་བརྒྱུད་རིམ་ནི་གཞུང་ཞབས་པར་རྒྱུགས་སྤྲོད་པར་ངེས་པར་ལྡན་དགོས་པའི་ཆ་རྐྱེན་ཡིན་པའི་གཏན་འཁེལ་བྱས་མེད་པས། གཞུང་ཞབས་པར་རྒྱུགས་སྤྲོད་པར་ཡིད་ཐང་ཆད་བྱེད་ཀྱི་ཆ་རྐྱེན་འདི་འདྲ་འདོན་དགོས་དོན་མེད།
མི་ལ་ལའི་བསམ་པར། གཞུང་ཞབས་པ་ནི་བྱང་ཚད་མཐོན་པོ་དང་། བླང་བྱ་མཐོན་པོ། ཚད་གཞི་མཐོན་པོ་བཅས་ཡིན་དགོས་པ་ལས་དེ་དག་བསྐྱུར་ཏེ་ཅུང་ཞན་གྲས་བསྡུ་ལེན་བྱེད་མི་རུང་ལ། དེ་ལྟ་མིན་ཚེ་དེས་སྤྱི་པའི་ཞབས་ཞུ་ཕུལ་དུ་བྱུང་བ་བསྒྲུབ་རྒྱུ་འགན་ལེན་བྱེད་མི་ཐུབ་སྙམ་བཞིན་ཡོད། ལྟ་ཚུལ་དེའི་རིགས་ལ་ངོ་མ་གནས་ལུགས་ཡོད་པ་ལྟར་སྣང་ཡང་། ཞིབ་ཏུ་བསམས་ན་གནས་ཚུལ་དངོས་ལ་བསམ་བློ་བཏང་མེད་ལ། ལྷག་པར་དུ་གཞི་རིམ་དང་། སྤྱིར་བཏང་གི་ལས་གནས་འབོར་ཆེན་གྱི་གནས་ཚུལ་དངོས་ལ་བསམ་བློ་བཏང་མེད་པ་རེད། ལྷམ་རྐང་པར་རན་མིན་རྐང་པར་གྱོན་ན་མ་གཏོགས་མི་ཤེས་ཟེར་བ་ལྟར། དངོས་གནས་ཕན་ནུས་ཆེ་ལ་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་ནི་སློབ་གཉེར་བརྒྱུད་རིམ་མཐོ་བ་དང་སློབ་གཉེར་བསླབ་གནས་ཀྱི་མིང་བཏགས་མཐོ་བའི་མི་སྣ་དང་། ཡང་ན་སློབ་གྲྭ་གྲགས་ཅན་གྱི་མཛེས་རྒྱན་སྤྲས་པའི་མི་སྣ་མ་ཡིན་པར། རང་གནས་སའི་ལས་གནས་ཀྱི་དགོས་མཁོ་དང་ཡོངས་སུ་མཐུན་ཞིང་མཉམ་འདྲེས་ཡོང་ཐུབ་པའི་མི་སྣ་ཡིན་ལ། གཞུང་ཞབས་པ་ཡང་དེ་ལས་མ་འདས། སི་ཁྲོན་ཞིང་ཆེན་ལུའུ་ཧྲན་རྫོང་གི་གསོ་སྤེལ་ཞིང་པ་ལི་ཡན་ནི་ལུའུ་ཧྲན་རྫོང་ཧྲོང་ཧྲི་གྲོང་རྡལ་སྲིད་གཞུང་གི་གཞུང་ཞབས་པར་རྒྱུགས་འཕྲོད། ལས་གནས་ཐོག་མ་ཞུགས་གོང་ལ། ལི་ཡན་ནི་གསོ་སྤེལ་མཁས་པ་ཞིག་རེད། ཁོ་མོས་གྲོང་རྡལ་སྲིད་གཞུང་དུ་ལས་དོན་སྒྲུབ་སྐབས། གལ་ཏེ་ལེགས་སྐྱེས་འབུལ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ཀུན་སློང་ཡོད་ན། ལས་ཀ་ལེགས་པོར་བསྒྲུབ་ཐུབ་ངེས་རེད་ཅེས་བརྗོད།
གལ་ཏེ་རྒྱུགས་བླངས་ནས་གཞུང་ཞབས་པར་བསྡུ་ལེན་བྱེད་སྐབས་སློབ་གཉེར་བརྒྱུད་རིམ་མཐོ་བ་ཁོ་ནར་བསམ་བློ་བཏང་ཚེ། སྐབས་འགར་མི་སྣ་འཚམ་ཤོས་བསྡུ་ཐུབ་པའི་ངེས་པ་མེད་པ་དང་། སློབ་གཉེར་བརྒྱུད་རིམ་མཐོན་པོ་མེད་ཀྱང་ལས་ཀ་བྱེད་ནུས་ཆེན་པོ་ལྡན་པའི་མི་ནི་གདམ་བྱ་དེ་བས་ལེགས་པ་ཡིན། ཞིང་པ་ཞེས་པར་ཐོབ་ཐང་ལ་འཛིན་པའི་འདུ་ཤེས་ཇེ་ཆུང་དུ་གཏང་དགོས་ཏེ། ཞིང་པས་གཞུང་ཞབས་པར་རྒྱུགས་སྤྲོད་རིགས་ཟུར་འབུད་བྱེད་མི་རུང་པ་དང་། ཞིང་པས་གཞུང་ཞབས་པར་རྒྱུགས་སྤྲོད་མི་ཆོག་པའི་ནན་བཤད་བྱེད་མཁན་དེའི་རིགས་ཀྱི་ལྟ་ཚུལ་ནི་དོན་དངོས་ཐོག་ཐོབ་ཐང་གི་ཚད་གཞི་ཇེ་མཐོར་གཏོང་བར་བརྟེན་ནས་སྤྱི་དམངས་ཀྱི་སྲིད་ཞུགས་དབང་ཆར་ཚོད་འཛིན་བྱེད་པ་ཡིན་པས། སྤྱི་ཚོགས་ཀྱི་བླང་བྱ་དང་མི་མཐུན། དེར་བརྟེན་གཞུང་ཞབས་པ་བསྡུ་སྐབས་ཀྱི་ཐོང་ཐང་དང་། སློབ་གཉེར་བརྒྱུད་རིམ། ལས་ཀའི་བརྒྱུད་རིམ་བཅས་ཀྱི་ཚོད་འཛིན་མེད་པར་བཟོས་ནས། སྤྱི་ཚོགས་ཡར་ཐོན་བྱུང་བ་ཡིན་ལ། དཔལ་ཡོན་ཡར་རྒྱས་བྱུང་བ་ཡིན་ཞིང་། རང་དབང་དང་འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་བཅས་མངོན་འགྱུར་བྱུང་བའི་མཚོན་བྱེད་གལ་ཆེན་ཡིན་པར་མ་ཟད། སྤྱི་དམངས་རྣམས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་མཚོན་ཚུལ་ཞིག་ཀྱང་རེད། དྲང་གཞག་དང་དྲང་བདེན། ཡོངས་བསྒྲགས་བཅས་ཀྱིས་ཁྲིད་སྟོན་བྱེད་པའི་བསྒྱུར་བཅོས་དང་གསར་གཏོད་བྱེད་ཐབས་སྔར་ལས་མང་པོ་དོན་འཁྱོལ་བྱས་ན། ད་གཟོད་སྤྱི་དམངས་སོ་སོ་འདྲ་མཉམ་གྱི་ཐོག་ནས་མི་ཚེ་མཚར་སྡུག་ལྡན་པར་བྱེད་པའི་གོ་སྐབས་ལོངས་སུ་སྤྱོད་པའི་འགན་སྲུང་བྱེད་ཐུབ།
(ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།)