རིག་གནས་རྣམ་བཤད།

མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་ཚེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


ང་ཚོས་འདིའི་སྔོན་དུ་རིག་གནས་ལ་ཚོད་འཛིན་བྱེད་པར། མིའི་ལུས་སྟེང་གི་དགོས་མཁོ་དང་ཡོ་ཆས་ཀྱི་བྱེད་ནུས་ཕྱོགས་གཉིས་ཡོད་ཚུལ་བཤད་ཟིན། དབྱེ་ཚུལ་དེ་ནི་ཆ་ཚང་བ་དང་ཡིད་རྟོན་རུང་བ་ཞིག་ཡིན་ཞེས་ན་བཤད་དཀའ་མོད། འདིར་ང་ཚོས་མི་ཞིག་གི་གོ་གནས་དང་ལས་ཀ་རིགས་མཚོན་བྱེད་ཀྱི་མཁར་བ་ཞིག་ལ་དཔེ་བླངས་ཏེ་བཤད་ན། དེ་ནི་ལག་ཆ་ཁོ་ན་ཞིག་མིན་ལ་མཛད་སྤྱོད་དངོས་པོ་ཞིག་ཀྱང་མིན་པས། ང་ཚོས་དེ་ནི་ཡུལ་སྲོལ་དང་སྐད་རིགས། དད་མོས་ལྟ་བུ་སོགས་བསམ་བློའི་རིག་གནས་ཀྱི་ཁོངས་སུ་གཏོགས་པ་ཞིག་ལས་ལུས་ཁམས་དང་ལས་རིགས་སོགས་ཀྱི་ཁོངས་སུ་གཏོགས་པ་ཞིག་མ་ཡིན་པ་ཤེས་ཐུབ། དེ་བས་ང་ཚོས་དགོས་མཁོ་ཉིད་ཆེས་རྩ་བར་བཟུང་སྟེ་དེ་ལ་དབྱེ་ཞིབ་གསལ་ཐག་ཆོད་པ་ཞིག་བྱ་དགོས།

མི་ཡང་སྲོག་ཆགས་སེམས་ཅན་གཞན་པ་དང་འདྲ་བར། ཐོག་མར་ཟ་མ་ལ་བརྟེན་དགོས་པ་དང་། དེ་ནས་མི་སྒེར་རང་ཉིད་དམ་རིགས་རྒྱུད་སྤྱིའི་རྒྱུད་པ་མི་ཆད་པའི་ཕྱིར། རང་གི་རིགས་རུས་ཀྱི་རྒྱུད་པ་སྤེལ་བར་ཐབས་ལམ་སྣ་ཚོགས་ཤིག་འཚོལ་དགོས། དེ་བཞིན་ནམ་རྒྱུན་རང་བྱུང་ཁམས་དང་། སྲོག་ཆགས་གཅན་གཟན། མི་གཞན་སོགས་ལས་འབྱུང་སྲིད་པའི་ཉེན་ཁ་སྣ་ཚོགས་ལ་སྔོན་འགོག་ཡང་བྱ་དགོས། ཡང་གལ་ཏེ་རང་ཉིད་ཀྱིས་འཚོ་བ་དེ་ལས་ལྷག་པའི་སྐྱིད་པོ་ཞིག་རོལ་བསམ་ན། རང་ཉིད་ཀྱི་སྡོད་གནས་སུ་དྲོད་ཚད་དང་བཞའ་ཚད་སོགས་སྙོམ་ཐབས་བྱེད་པ་དང་། གཙང་སྒྲའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་སོགས་ཀྱང་བྱ་དགོས། གོང་གི་ལུས་ཁམས་ཀྱི་དབང་དུ་བྱས་པའི་དགོས་མཁོ་འདི་དག་སྐོང་བ་ལ། ཡུལ་སྡེ་སོ་སོས་རང་རང་གི་དགོས་མཁོ་དང་འཚམས་པའི་རིག་གནས་ཀྱི་བང་མཛོད་ཞིག་བཟུང་དགོས་ལ། རིགས་རྒྱུད་སྤེལ་ཐབས་ཀྱི་ལུགས་སྲོལ་ཞིག་ཀྱང་ཆགས་ཐབས་བྱ་དགོས། དེ་བཞིན་རང་ཉིད་ཀྱི་བདེ་འཇགས་སྲུང་བྱེད་ཀྱི་སྒྲིག་འཛུགས་ཤིག་དང་སྡོད་གནས་ཀྱི་མ་ལག་སོགས་ཀྱང་བཟུང་དགོས། མིའི་ལུས་ཁམས་ཀྱི་གཞི་རྩའི་དགོས་མཁོ་དེ་རྣམས་རེ་རེ་བཞིན་བསྐང་བ་ན། དེའི་ནུས་པས་འཚོ་བཅུད་དང་འབྲེལ་བའི་དགོས་མཁོ་སྐོང་བྱེད་ཀྱི་རིག་གནས་བང་མཛོད་དང་། ཕོ་མོའི་འབྲེལ་བ་དང་རིགས་རྒྱུད་སྤེལ་ཐབས་ཀྱི་ལུགས་སྲོལ། བདེ་སྲུང་གི་སྒྲིག་འཛུགས། ནམ་རྒྱུན་གྱི་འཚོ་བའི་སྒྲིག་ཆས་སོགས་རིག་གནས་ཐམས་ཅད་ཀྱི་རྩ་བའི་སྒྲིག་གཞི་དེ་དག་འགྲུབ་པར་འགྱུར། དེ་བས། ང་ཚོས་མིའི་རིགས་ཀྱི་སྒྲིག་རིམ་ལྡན་པའི་དགོས་མཁོ་དེ་དག་ལ་རིག་གནས་ཀྱི་སྐྱེད་ཤུགས་ཞེས་བྱ་ལ། སྐྱེད་ཤུགས་དེ་དག་གིས་རྩ་འཛུགས་ཡོད་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་པ་དེ་དག་བསྐྱེད་པ་རེད་ཅེས་བཤད་ཆོག །འོན་ཀྱང་གོང་གི་དཔེ་དེ་དག་ལ་ཆོས་ལུགས་དང་། ལྷ་བ། ཁྲིམས་ལུགས་སོགས་ཀྱི་རྒྱུན་སྐྱོང་ཐབས་དང་དེ་འབྲེལ་གྱི་ཤེས་བྱ་ལྷ་སྒྲུང་དང་བཅས་པའི་མ་ལག་སོགས་རིག་གནས་ཀྱི་ཕྱོགས་གཞན་རྣམས་འདུས་མེད་ལ། འདུས་མེད་པ་དེ་དག་ཀྱང་གོང་གི་དཔེ་དྲངས་པ་དེ་དག་དང་འདྲ་བར་རིག་གནས་ཀྱི་ཕྱོགས་ཐམས་ཅད་ལ་ཁྱབ་ཡོད་པས། དེ་དག་ཀྱང་ང་ཚོས་གཏིང་ཟབ་སའི་དགོས་མཁོ་ཞིག་གམ་རིག་གནས་སྐྱེད་ཤུགས་ཤིག་ལས་བྱུང་བར་མི་འདོད་ག་མེད་ཡིན་ནོ།།

ང་ཚོས་རིག་གནས་ཀྱིས་མི་སྒེར་གྱི་སྐྱེ་ཁམས་ཀྱི་དགོས་མཁོ་ཇི་ལྟར་བསྐང་བའི་ཚུལ་ལ་ཞིབ་ཏུ་བལྟས་ཚེ། རིག་གནས་ཀྱིས་དགོས་མཁོ་དེ་དག་སྐོང་བར་བྱེད་པའི་ཐམས་ལམ་དེ་དག་གིས་ཚད་བཀག་གསར་པ་ཞིག་བསྐྱེད་ངེས་པ་དང་། ཚད་བཀག་དེ་ལས་ཡང་རིག་གནས་ཀྱི་སྐྱེད་ཤུགས་གསར་པ་ཞིག་འབྱུང་སྲིད་པ་སོགས་རྟོགས་ཐུབ། ཡང་མུ་གེ་བྱུང་བ་དང་ཛ་དྲག་གི་དབུལ་འཕོངས་ཀྱིས་མནར་བ་སོགས་གནས་ཚུལ་ཁྱད་པར་ཅན་གྱི་སྐབས་མ་གཏོགས། བཟའ་བཅའི་ཆེད་དུ་མི་རྣམས་ཐད་ཀར་རང་བྱུང་གི་གྲུབ་འབྲས་གསར་པ་ཁོ་ན་ལ་སྤྱོད་པ་ཞིག་ཀྱང་མ་ཡིན་ཏེ། རིག་གནས་གང་དང་གང་ཡིན་ཡང་བཟའ་བཅའ་གཙོ་བོའི་རིགས་ནི་ངེས་པར་དུ་བཙོ་བའམ་གཡོ་སྦྱོར་བྱེད་དགོས་པ་དང་། དེ་དག་ཟ་བའི་སྐབས་སུ་ཟས་སྤྱོད་ཀྱི་འཛེམ་བྱ་ཡང་མང་པོ་ཡོད། ནམ་རྒྱུན་མི་རྣམས་ཀྱིས་མིའི་ཚོགས་སྡེ་གང་དང་གང་དུ་ཟ་མ་ལ་རོལ་སྐབས་གུས་ལུགས་དང་དབང་ཆ། འཛེམ་བྱ་སོགས་མང་པོ་ཞིག་ལ་བརྩི་སྲུང་བྱ་དགོས། བཟའ་བཅའ་འདི་དག་ཇི་ལྟར་ཐོབ་པ་ལ་རྙོག་འཛིང་ཤིན་ཏུ་ཆེ་བའི་མཉམ་སྡེབ་ཀྱི་བརྒྱུད་རིམ་ཞིག་བརྒྱུད་དགོས་ཏེ། གོང་དུ་བསྟན་ཟིན་པའི་ཞིང་ལས་ཀྱི་རིགས་དེ་ལྟ་བུ་རེད། ཡང་སྐབས་རེར་བཟའ་བཅའ་ནི་དངོས་ཟོག་བརྗེ་རེས་དང་སྤྱི་ཚོགས་ཀྱི་མཉམ་འབྲེལ། སྤྱི་གཞུང་གིས་བགོ་བཤའ་སོགས་བྱས་པ་ལས་ཐོབ་པ་ཡང་ཡོད། བརྒྱུད་རིམ་འདི་དག་གི་ཁྲོད་དུ་ང་ཚོས་མི་ནི་བཤད་ཟིན་པ་ལྟར་རྩ་འཛུགས་དང་མཉམ་འབྲེལ། དཔལ་འབྱོར་གྱི་འདུ་ཤེས་དང་མི་ཆོས་བསམ་བློ་སོགས་ལ་བརྟེན་ཡོད་པ་ཞིག་ཡིན་པ་ཤེས་ཐུབ། དེ་བས་མིའི་སྐྱེ་ཁམས་ཀྱི་དགོས་མཁོ་སྐོང་དགོས་པ་མ་ཚད། ད་དུང་དེ་དག་ལས་བསྐྱེད་པའི་རིག་གནས་ཀྱི་སྐྱེད་ཤུགས་གཞན་པ་ཞིག་ཡོད་པ་ཡང་ཤེས་ཐུབ། གཞན་པ་དེ་དག་ནི་ཆེད་དུ་དམིགས་གཞི་ག་གེ་མོ་དག་གི་ཆེད་དུ་གྲུབ་པའི་ཐབས་ལམ་སྣ་ཚོགས་པ་ཞིག་ཡིན་པས། ང་ཚོས་དེ་དག་ལ་རིག་གནས་ཐབས་ལམ་གྱི་སྐྱེད་ཤུགས་ཞེས་བརྗོད་ཆོག དེ་དང་མཉམ་དུ་ང་ཚོས་ཇི་ལྟར་མིའི་འཚོ་བ་ལ་འཚོ་བཅུད་སོགས་ཀྱི་དགོས་མཁོ་སྐོང་བའི་རིག་གནས་ཀྱི་མཛོད་ཁང་ནི་གལ་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན་པ་ཇི་བཞིན། རིག་གནས་ཐབས་ལམ་གྱི་སྐྱེད་ཤུགས་དེ་ཉིད་ཀྱང་མིའི་འཚོ་བ་ལ་གལ་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན་པའི་གནད་འདི་གསལ་པོར་བསྟན་དགོས། རྒྱུ་མཚན་མིའི་རིགས་ནི་དེ་དག་ལ་ངན་གོམས་སུ་སོང་ཡོད་པས། གལ་ཏེ་ཁོང་ཚོའི་དཔལ་འབྱོར་རྩ་འཛུགས་དང་ལག་ཆ་སོགས་མེད་པར་གྱུར་ཚེ། ཁོ་ཚོ་ཡང་ཁོ་ཚོའི་བཟའ་བཅའ་མེད་སོང་པ་ཇི་བཞིན་དེ་མ་ཐག་ཤི་བར་འགྱུར་བས་སོ། །

བཅུ་པ། སྐྱེ་ཁམས་ཀྱི་དགོས་མཁོ་རིག་གནས་ལ་བསྒྱུར་ཚུལ།

མིའི་རིགས་ཀྱི་ཚོགས་སྡེ་ཞིག་ཡིན་ཕྱིན། དགོས་མཁོ་རིམ་པ་གཉིས་པ་ནི་རིགས་རྒྱུད་ཀྱི་རྒྱུན་སྐྱོང་རྒྱུ་དེ་རེད། སྐྱེ་དངོས་རིག་པའི་དངོས་ནས་བཤད་ན། དགོས་མཁོ་དེ་ནི་ཤིན་ཏུ་སྟབས་བདེའི་ཐབས་ལམ་ཞིག་ལ་བརྟེན་ནས་སྐོང་ཐུབ་པར་འདོད་དེ། ཕོ་མོ་གཉིས་ཀྱིས་ཁྱེའུ་གཉིས་སམ་འགའ་རེ་བཙས་ཤིང་། ཕ་མ་གཉིས་ཀ་འདས་རྗེས། རྗེས་མ་གང་རུང་གཉིས་ཀྱིས་ཚབ་བྱས་པ་ཡིན་ན་རིགས་རྒྱུད་ཀྱི་རྒྱུན་སྐྱོང་ཐུབ་པར་ངོས་བཟུང་པ་རེད། གལ་ཏེ་མིའི་རིགས་ཀྱི་མཚན་མ་ལ་སྐྱེ་ཁམས་ཀྱི་རང་བཞིན་ཁོ་ན་ཙམ་གྱིས་ཚོད་འཛིན་ཐེབས་པ་ཡིན་ན། མིའི་རིགས་ཡོངས་ཀྱི་སྐྱེ་ཁམས་ཀྱི་རང་བཞིན་ཡང་གཅིག་མཚུངས་ཡིན་ལ། མི་རྣམས་ཀྱིས་རང་བཞིན་དེ་ཁོ་ན་ཙམ་ལ་བརྩི་སྲུང་བྱས་ཏེ་ཕོ་མོས་ལུས་འབྲེལ་བྱེད་པ་དང་། མངལ་སྦྲུམ་པ། ཕྲུ་གུ་བཙའ་བ་སོགས་རང་བྱུང་གི་རྒྱུད་རིམ་དག་བརྒྱུད་པ་ལ་བརྟེན་ནས་རིགས་རྒྱུད་རྗེས་མ་རྣམས་སྤེལ་ཆོག་པ་ཞིག་རེད། དེ་ལྟ་ན། སྐྱེ་ཁམས་ཀྱི་རང་བཞིན་ཁོ་ན་ལྟར་ཆགས་པའི་མིའི་རིགས་ཀྱི་ཁྱིམ་ཚང་གི་འཚོ་བའི་རྣམ་པ་དག་ནི། སྐྱེ་ལྡན་དངོས་པོའི་རྣམ་པ་ཙམ་ལས་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་སུ་མི་གཏོགས་ཞེས་ཐུར་ཁེན་སོགས་སྤྱི་ཚོགས་རིག་པའི་མཁས་པ་མང་པོས་གསུངས་སོ། །

འོན་ཏེ། ང་ཚོས་དེ་དག་དང་མི་འདྲ་བ་ཅི་ཞིག་རྟོགས་སོང་ཞེ་ན། དེ་ནི་དགའ་རོགས་འཚོལ་བ་དང་། རོགས་སྒྲིག་པ། འདོད་པར་སྤྱོད་པ། ཕན་ཚུན་ལ་ངོས་ལེན་བྱེད་པ་དང་གཉེན་སྡེབ་པ་སོགས་མིའི་རིགས་ཀྱི་སྤྱི་ཚོགས་སུ་རྒྱུན་ཆགས་སུ་སོང་པའི་ཡུལ་སྲོལ་གོམས་གཤིས་ཀྱི་རིགས་དེ་དག་གོ །དེ་དག་ནི་འདི་དང་འདི་གཉིས་གཉེན་སྡེབ་མི་ཆོག་གོ་ཞེས་བཙན་ཤེད་ཀྱིས་འགོག་པ་ལྟ་བུ་རྐྱང་རྐྱང་ཞིག་མིན་ནའང་། མཛེམ་བྱ་དང་འགོག་བྱ། སྒྲུབ་བྱ་དང་དང་ལེན་ཆོག་མི་ཆོག་སོགས་ཀྱི་ཚད་བཀག་དང་རྩ་དོན་ཤིན་ཏུ་མང་། དེ་བཞིན་རིག་གནས་ཀྱི་རྒྱུ་ཆ་ངོ་མ་དག་གིས་མིའི་གདོད་མའི་འདོད་སྲེད་ལ་བཅོས་བསྒྱུར་བྱས་ཏེ། ལེགས་ཉེས་ཡག་གཙོག་གི་ཚད་གཞི་སྣ་ཚོགས་ཤིག་ཆགས་ཡོད་ལ། ཚད་གཞི་དེ་དག་ཀྱང་སྤྱི་ཚོགས་མི་འདྲ་བའི་ནང་དུ་མི་འདྲ་བ་ཡིན་ནོ། །དེ་བས་སྐྱེ་ཁམས་ཀྱི་ངོས་ནས་མིའི་རིགས་ཡོངས་རྫོགས་གཅིག་འདྲ་ཡིན་ནའང་། རིག་གནས་ཀྱི་ཁོངས་སུ་གཏོགས་པའི་ཡུལ་སྲོལ་གོམས་གཤིས་ནི་རྣམ་པ་སྣ་ཚོགས་པ་ཞིག་ཏུ་ཆགས་ཡོད། ཡུལ་སྲོལ་འདི་དག་གིས་ནམ་རྒྱུན་མིའི་རིགས་རིག་པའི་མཁས་པ་རྣམས་ཀྱི་ཡིད་དབང་འགུག་པར་བྱེད་པས་ན། ད་གཟོད་དེ་དག་དང་འབྲེལ་བའི་ནང་དོན་ཡི་གེར་བཀོད་པའང་ཤིན་ཏུ་མང་ལ། ཕོ་མོའི་འབྲེལ་བའི་སྐོར་གྱི་འགོག་བྱ་དང་མཛེམ་བྱ་སོགས་དང་འབྲེལ་བའི་ནང་དོན་ནི་ལྷག་ཏུ་མང་ངོ་། །

མིའི་རིགས་ཀྱི་རིགས་གནས་གང་དང་གང་ལ་མཚོན་ན་ཡང་ གཉེན་སྡེབ་པའི་སྲོལ་ནི་མཚན་མ་མི་འདྲ་བ་གཉིས་མཉམ་དུ་སྡེབ་པའམ་ཕོ་མོ་གཉིས་མཉམ་དུ་འདུས་པ་རྐྱང་རྐྱང་ཙམ་ཞིག་མ་ཡིན་པར། དེ་ནི་ཁྲིམས་ལུགས་ཀྱི་ངོས་ནས་བཞག་པའི་གན་ཆིངས་ལྟ་བུ་ཞིག་སྟེ། ཕོ་མོ་ཕྱོགས་གཉིས་གཞིས་ཁྱིམ་གཅིག་ཏུ་འཚོ་བ་རོལ་བ་དང་འབྱོར་བའི་འདུ་འགོད་ལ་མཉམ་དུ་འགན་ཁུར་བ། ཐོན་སྐྱེད་ལས་ཀར་མཉམ་དུ་ཞུགས་པ། ཁྱོ་ཤུག་གཉིས་སམ་ཁྱིམ་རྒྱུད་གཉིས་བར་མཉམ་འབྲེལ་རོགས་རེས་ཀྱི་འབྲེལ་བ་ཆགས་པ་ཞིག་གོ །དེ་བཞིན་གཉེན་སྡེབ་པ་ནི་ཐམས་ཅད་ཀྱིས་ཤེས་ས་དང་རིག་ས་ཞིག་ནས་སྤེལ་བའི་ཆོ་ག་ཞིག་ཡིན་པས། དེ་ནི་གཉེན་སྒྲིག་མཁན་ཁྱོ་ཤུག་གཉིས་ཀ་ཁོ་ན་ལ་འབྲེལ་བ་ཙམ་ཞིག་མ་ཡིན་པར། དེ་གཉིས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ཚོགས་སྡེ་གཉིས་ཀྱི་བར་དུ་བྱུང་བའི་བྱ་བ་ཞིག་རེད། གཞན་བཟའ་ཐོར་བྱུང་བ་དང་གཉེན་འབྲེལ་ཆད་པ་སོགས་ལ་ཡང་གོམས་སྲོལ་རྙིང་པ་དག་གིས་ཚོད་འཛིན་ཐེབས་བཞིན་ཡོད་དོ། །

མ་དང་བུའི་འབྲེལ་བ་ཡང་སྐྱེ་ཁམས་ཁོ་ནའི་འབྲེལ་བ་ཙམ་ཞིག་རྩ་བ་ནས་མ་ཡིན་ཏེ། མངལ་སྦྲུམ་པའི་བྱ་བ་གཅིག་པུ་ལ་ཡང་སྤྱི་ཚོགས་མི་འདྲ་བ་རེ་རེར་དེ་དང་འབྲེལ་བའི་གཏམ་རྒྱུད་དང་བཤད་སྲོལ་མི་འདྲ་ཤིན་ཏུ་མང་པོ་ཡོད། དེ་ལ་ད་དུང་གཉེན་སྡེབ་ནས་བཙས་པའི་ཕྲུ་གུ་དང་གཉེན་འབྲེལ་མེད་པར་བཙས་པའི་ཕྲུ་གུ་གཉིས་ཀྱི་ཁྱད་པར་སོགས་འབྱེད་པར་བྱེད་པའི་ཁྲིམས་ལུགས་ཀྱིས་འགྲོ་སྟངས་ཀྱང་ཡོད། མངལ་སྦྲུམ་པའི་བྱ་བ་ནི་ནམ་རྒྱུན་མི་ཆོས་ཀྱི་ཁ་དབུགས་སྟུག་པོ་ཞིག་ཏུ་བཏུམས་ཏེ་སྦྲུམ་མ་ཡང་རང་དབང་མེད་པར་འཚོ་བའི་རྣམ་པ་ཁྱད་པར་བ་ཞིག་ཏུ་གནས་བར་བྱས་ཡོད་ལ། ཁྱེའུའི་བདེ་ཐང་གི་ཆེད་དུ་སྦྲུམ་མས་ནམ་རྒྱུན་མཛེམ་བྱའི་རྩ་དོན་མང་པོ་ཞིག་ལ་བརྩི་སྲུང་བྱེད་དགོས། འདི་ལྟ་བུའི་རིག་གནས་ཀྱི་རྩ་དོན་དང་འབྲེལ་བའི་སྦྲུམ་མའི་སློབ་གསོས་མ་བུའི་བར་གྱི་བརྩེ་དུང་ཞིག་ཀྱང་མཚོན་ཡོད། དེ་བས་མ་བུའི་བར་གྱི་འབྲེལ་བ་དང་མ་བུ་དང་སྤྱི་ཚོགས་བར་ཀྱི་འབྲེལ་བ་སོགས་ནི་ཐོག་མཐའ་བར་གསུམ་དུ་རིག་གནས་ཀྱི་ཁ་དབུགས་ཤིག་ཏུ་འཐིམས་ཡོད། ཁྱེའུའི་ཨ་ཕ་ཡང་ཁྱེའུ་བཙའ་བའི་བྱ་བ་ལ་འབྲེལ་བ་ཅི་ཡང་མེད་པ་ཞིག་མིན་ཏེ། སྐད་གྲགས་ཆེ་བའི་སྐྱེད་ཡབ ་ཞེས་པའི་ལུགས་སྲོལ་ནི་ཆེས་མངོན་པར་གསལ་བའི་དཔེ་ཞིག་རེད། ལུགས་སྲོལ་འདི་ནི་སྐྱེད་མ་ལ་མངལ་སྦྲུམ་པའི་སྐབས་སུ་ཁྱེའུའི་ཨ་ཕ་གང་དེས་སྐྱེད་མ་ལ་ལད་མོ་བྱས་ཏེ་མངལ་སྦྲུམ་ཞིང་ཕོ་བ་གཟེར་བའི་བཟོ་ལྟ་སོགས་བྱེད་དགོས་པ་ཞིག་རེད། ཡུལ་སྲོལ་འདི་ནི་ཤིན་ཏུ་ཁྱད་མཚར་བ་ཞིག་ཡིན་ལ། དེ་ལ་རིག་གཞུང་གི་འབྲེལ་སྟངས་ཡང་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། གཞན་ཡང་སྲོལ་རྒྱུན་གྱི་ལུགས་སྲོལ་འདི་དག་གི་ནང་དུ་ཕ་མས་བུ་ཕྲུག་རྣམས་ལ་ཁུར་དགོས་པའི་འོས་འགན་དང་། ཕ་མ་གཉིས་ཀྱི་འོས་འགན་ལྕི་ཡང་གི་ཁྱད་པར། ད་དུང་འོས་འགན་ལ་ལ་ཞིག་ཅུང་ཐག་རིང་བའི་གཉེན་ཉེ་སོགས་ཀྱི་ཁུར་དགོས་པ་གཏན་ཁེལ་བྱས་ཡོད།

གཉེན་འབྲེལ་ཏེ། བུ་ཕྲུག་དང་ཕ་མ་གཉིས་བར་གྱི་འབྲེལ་བ་དང་། ཡང་ན་བུ་ཕྲུག་དང་དེ་དག་གི་ཕ་མ་ཕྱོགས་གཉིས་ཀྱི་གཉེན་ཉེ་དུའི་བར་ཀྱི་འབྲེལ་བ་སོགས་ནི་མགོ་མེད་མཇུག་མེད་ཀྱིས་ཐག་གཅོད་བྱས་ཆོག་པ་ཞིག་གཏན་ནས་མ་ཡིན་པར། གཉེན་གྱི་འབྲེལ་བ་ཚུགས་པའི་བརྒྱུད་རིམ་ནི་སྤྱི་ཚོགས་དེའི་ནང་གི་གོམས་སྲོལ་གྱི་མ་ལག་ཞིག་གིས་ཐག་གཅོད་བྱས་པ་རེད། མ་ལག་དེ་ལ་བརྟེན་ནས་མིའི་སེམས་རྒྱུད་ཀྱི་དགའ་སྐྱོ་ཆགས་སྡང་དང་། སྤྱོད་ལམ་གྱི་འཇུག་ལྡོག ལུགས་སྲོལ་གྱི་དབང་དུ་བྱས་པའི་འགན་ཁྲི་སོགས་མཉམ་དུ་འདུས་པའི་སྒྲིག་གཞི་ཞིག་ཚུགས་ཡོད། དཔེར་ན་ཕ་རྒྱུད་དང་མ་རྒྱུད་ཀྱི་གཉེན་ཕྱོགས་གཉིས་ལ་གཙོ་ཕལ་གྱི་དབྱེ་བ་འབྱེད་པ་ནི། རིག་གནས་ཀྱིས་རང་བྱུང་ཁྲག་རྒྱུད་ཀྱི་འབྲེལ་བ་ལ་བསྒྱུར་བཀོད་བྱས་པ་ཞིག་རེད། གཞན་དོ་སྣང་བྱ་འོས་པ་ཞིག་ནི་རིགས་འབྱེད་གཉེན་འབྲེལ་གྱི་རིགས་དར་འཕེལ་བྱུང་པའི་བརྒྱུད་རིམ་དང་། རུས་ཚོའི་རྩ་འཛུགས་ཀྱི་རྣམ་པ་སོགས་རེད། རུས་ཚོའི་རྩ་འཛུགས་གི་ནང་དུ། ཕན་ཚུན་བར་གཉེན་གྱི་འབྲེལ་བ་ཞིག་ཡོད་ཕྱིན་གཉེན་ཉེ་ངོ་མར་བརྩི་བ་རེད།

སྐབས་འདིར་ང་ཚོས་གོང་གི་དཔྱད་པ་དེ་དག་ལ་ཕྱོགས་སྡོམ་ཞིག་བྱ་སྟེ། གོང་དུ་འཚོ་བཅུད་ཀྱི་བྱེད་ནུས་གླེང་བ་དང་འདྲ་བར། མིའི་རྒྱུད་སྤེལ་གྱི་ནུས་པ་དང་འབྲེལ་བའི་ཕྱོགས་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་སུ་རིག་གནས་ཀྱི་མ་ལག་ཅིག་ཏུ་གྲུབ་ཡོད། རིགས་རྒྱུད་བརྒྱུད་འཛིན་གྱི་དགོས་མཁོ་ནི་སྐྱེ་ཁམས་ཁོ་ནའི་ནུས་པ་ཙམ་ལ་བརྟེན་ནས་སྐོང་ཐུབ་པ་ཞིག་མ་ཡིན་པར། མིའི་སྤྱི་ཚོགས་ཀྱི་ལུགས་སྲོལ་ཆ་ཚང་ཞིག་དང་འབྲེལ་ཡོད་ཀྱི་དངོས་པོའི་རིག་གནས་ཀྱི་ཡོ་ཆས་ཆ་ཚང་ཞིག་གིས་བྱ་བ་བྱས་པ་ལ་བརྟེན་ནས་བསྐང་བ་རེད། ལུགས་མཐུན་གྱིས་གཉེན་སློང་བ་དང་། གཉེན་སྒྲིག་པ། ཕ་མ་དང་བུ་ཕྲུག་གི་འབྲེལ་བ། གཉེན་ཉེ་དང་རུས་རྒྱུད་ཀྱི་སྒྲིག་འཛུགས་ལྟ་བུ་སོགས་སྐྱེ་ཁམས་དང་འབྲེལ་བའི་རིག་གནས་མ་ལག་ནི་སྲོལ་ལུགས ་སྣ་ཚོགས་ཤིག་གིས་གྲུབ་ཡོད་པ་ཇི་བཞིན། འཚོ་བཅུད་དང་འབྲེལ་བའི་རིག་གནས་མ་ལག་ནི་གཟའ་མི་རྣམས་ཀྱིས་ལྷན་དུ་ཟ་མ་ཟ་བ་དང་འདུ་འཛོམས་སྣ་ཚོགས་ལ་རོལ་བ་ལྟ་བུ་སོགས་མཛད་སྤྱོད་སྲོལ་ལུགས་ཤིག་དང་། དེ་བཞིན་རྨོ་འདེབས་དང་། རི་དྭགས་རྔོན་པ། ཉ་འཛིན་ལྟ་བུ་སོགས་ཐོན་སྐྱེད་ཀྱི་སྲོལ་ལུགས། ཚོང་ར་དང་ཚོང་ཁང་ལྟ་བུ་སོགས་ཉོ་ཚོང་གི་སྲོལ་ལུགས་སོགས་རེ་རེ་བཞིན་ཡོད་དོ། །

ང་ཚོས་རྒྱུད་སྤེལ་མ་ལག་ལ་ཉམས་ཞིབ་བྱེད་པའི་ཚེ། མིའི་རིགས་ཀྱི་འདོད་པ་དང་འབྲེལ་བའི་སྤྱོད་ལམ་སྣ་ཚོགས་ནི་སྤྱི་ཚོགས་དང་རིག་གནས་ཀྱི་གོམས་སྲོལ་སྣ་ཚོགས་ཀྱི་དབང་དུ་སོང་བ་ཞིག་ཡིན་པ་རྟོགས་ཐུབ། མི་ཞིག་གིས་གཉེན་སློང་བའམ། ཡང་ན་ས་བརྐོ་བ། ཡང་ན་བརྩེ་དུང་གླེང་བ། ཡང་ན་རི་དྭགས་རྔོན་པ་དང་ཉ་འཛིན་པ་སོགས་ཀྱི་ལས་གང་དང་གང་ལ་འཇུག་པར་བྱེད་པ་ནི། མི་དེའི་རང་བཞིན་གྱི་ནུས་པ་ཞིག་གིས་སྐུལ་བ་མ་ཡིན་པར། སྤྱི་ཚོགས་ཀྱི་གོམས་སྲོལ་ལམ་རྩ་དོན་ལྟ་བུ་ཞིག་གི་དབང་དུ་སོང་པ་ཞིག་རེད། དེ་བཞིན་ང་ཚོས་སྤྱི་ཚོགས་ཀྱི་གོམས་སྲོལ་ལམ་རྩ་དོན་དེ་དག་གིས་མི་རྣམས་ཀྱི་སྐྱེ་ཁམས་ཀྱི་དགོས་མཁོ་ཡོངས་སུ་རྫོགས་པ་བསྐང་ཐུབ་པ་དང་། དགོས་མཁོ་དེ་དག་སྐོང་བྱེད་ཀྱི་རིག་གནས་ཀྱི་ཐབས་ལམ་དེ་དག་ཀྱང་རྩ་བའི་ཆ་ནས་འདྲ་མཚུངས་ཡིན་ནོ། །

དེ་ལ་གལ་ཆེ་བའི་སྡོམ་ཚིག་གཞན་ཞིག་ཡོད་པ་ནི། མིའི་རིགས་ཀྱི་རིག་གནས་ཀྱི་སྲོལ་ལུགས་མང་ཆེ་བར་བྱེད་ནུས་མང་པོ་ལྡན་ངེས་པ་དེའོ།། དཔེར་ན་ཁྱིམ་ཚང་ལྟ་བུ་ཞིག་ལ་ཆ་བཞག་སྟེ་བཤད་ན། ཁྱིམ་ཚང་ནི་རྒྱུད་སྤེལ་ཁོ་ནའི་ཆེད་དུ་ཚུགས་པའི་རིག་གནས་ཀྱི་སྲོལ་ལུགས་ཤིག་མ་ཡིན་པར། དེ་ནི་སློབ་གསོ་ལ་བརྟེན་ནས་མིའི་རིགས་ཀྱི་རིག་གནས་ཀྱི་རྒྱུད་འཛིན་ས་ཞིག་ཀྱང་རེད། དེ་བཞིན་དེ་ནི་དཔལ་འབྱོར་དང་། ཁྲིམས་ལུགས། ཆོས་ལུགས་སོགས་ཕྱོགས་མི་འདྲ་བ་སོ་སོའི་སྡེ་ཚན་ཡང་རེད། འདི་ལྟ་བུའི་བྱེད་ནུས་མི་འདྲ་བ་མང་པོ་སྲོལ་ལུགས་གཅིག་གི་སྟེང་དུ་འདུས་པ་ནི་ལྟོས་མེད་གློ་བུར་བ་ཞིག་གཏན་ནས་མ་ཡིན་ཏེ། མིའི་རིགས་ཀྱི་རྩ་བའི་དགོས་མཁོ་མང་ཆེ་བ་ནི་མཉམ་དུ་འབྲེལ་ཡོད་པ་དང་། དགོས་མཁོ་དེ་དག་བསྐང་བར་སྤྱི་མཐུན་གྱི་ཚོགས་པ་ཞིག་གམ་དངོས་པོའི་རིག་གནས་ཀྱི་སྒྲིག་ཆས་དེ་དག་ལ་བརྟེན་དགོས་པ་ཞིག་རེད། དེ་བཞིན་རིགས་རྒྱུད་ཀྱི་རྒྱུད་པ་སྤེལ་བ་ནི་སྐྱེ་ཁམས་ཁོ་ནའི་དབང་དུ་བྱས་པའི་སྲོག་ཆགས་གཉིས་བསྐྱེད་པ་ཙམ་མ་ཡིན་པར། སྨྲ་ཤེས་དོན་གོ་བའི་མཚན་ལྡན་གྱི་མི་ཞིག་ཏུ་སྐྱེད་སྲིང་བྱ་རྒྱུ་སྟེ། ཐོག་མར་སྐྱེ་ཁམས་ཀྱི་ངོས་ནས་ཕྲུ་གུ་བཙས་རྗེས་ནུ་ཞོ་བསྣུན་པ་དང་། དེ་ནས་རིམ་གྱིས་མིའི་འགྲོ་ལུགས་སྣ་ཚོགས་ཀྱི་སློབ་གསོ་སྤྲོད་པའི་བརྒྱུད་རིམ་དུ་བསླེབས། སྐབས་དེ་དག་ལ་ཕྲུ་གུའི་ཨ་མ་ལ་སྐྱེས་པ་ཞིག་གི་རོགས་རམ་དགོས་པས། ཁྱོ་ཤུག་གཉིས་བར་མཉམ་འབྲེལ་གྱིས་སློབ་གསོ་སྤྲོད་པ་དང་ཕན་ཚན་ལ་རོགས་རེས་བྱེད་པའི་འབྲེལ་བའང་འཆག་པར་འགྱུར། དེ་ལྟར་གཉེན་སྒྲིག་པ་ནི་དཔལ་འབྱོར་དང་སློབ་གསོ། རྒྱུད་སྤེལ་སོགས་ཕྱོགས་མང་པོའི་བྱེད་ནུས་མཉམ་དུ་འདུས་པ་ཞིག་ཡིན་པས། དེ་གཉེན་སློང་བའམ་དགའ་རོགས་སྒྲིག་པའི་བྱ་བ་ལའང་ཤུགས་རྐྱེན་ཐེབས་པ་ཡིན་ནོ། །  


རྩོམ་ཡིག་སྔོན་མ།
བསོད་ནམས་ཆོས་དར
རྩོམ་ཡིག་རྗེས་མ།
བདེ་ཐང་ཤེས་བྱ་སུམ་ཅུ་མ་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1