༄༅།། གནའ་བོའི་གོ་ཁྲབ་དེང་རབས་མིག་གི་བཅུད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-11






བཙན་པོའི་དུས་སྐབས་ཀྱི་ཁྲབ་རྨོག
       ཀློག་པ་པོ་ལགས། སྤྱི་ཟླ༨པའི་ཟླ་མཇུག་ཏུ།༼བོད་ཀྱི་ཁྱད་ལྡན་ཤང་གྲོང་༽ཞེས་པའི་ཆེད་དོན་བཅར་འདྲི་ཚོགས་པའི་ཁོངས་མི་ཞིག་གི་ཆ་ནས། ང་ཚོ་གསར་འགོད་པ་ཁག་ཅིག་ཡུལ་ཡར་ཀླུང་གི་ཁྱད་ལྡན་ཤང་གྲོང་ཁག་ལ་བཅར་འདྲིར་ཆས་པ་ཡིན། མ་གཞི་ཁྱད་ལྡན་ཤང་གྲོང་གི་འཛུགས་སྐྲུན་འཕེལ་རྒྱས་སྐོར་དང་། དེ་ལ་མངའ་བའི་ལོ་རྒྱུས་རིག་གནས་སོགས་ཀྱི་བཅར་འདྲིའི་རྒྱུ་ཆ་འབེལ་ཐག་ཆོད་ཡོད་རུང་། དེ་དག་ཕལ་ཆེ་བ་ནི་རིགས་འདྲ་མིན་གྱི་གསར་འགྱུར་ཚན་པས་ཡང་སྐོར་བསྐྱར་སྐོར་དུ་ཕར་སློག་ཚུར་སློག་བྱས་ནས་རྒྱ་ཁྱབ་ངང་སྤེལ་ཟིན་པའི་གསར་འགྱུར་ཡིན་པས། སླར་ཡང་སྤེལ་བའི་དགོས་པ་ཅང་མི་འདུག་སྙམ། ཁོ་བོས་རྩེད་ཐང་གྲོང་ཁུལ་གྱི་མཐའ་ན་མངོན་ཆུང་ངང་ཡིབ་པའི་བོད་ཀྱི་གནའ་བོའི་གོ་ཁྲབ་བཟོ་རྒྱུན་ལག་རྩལ་སྐོར་ལ་བཅར་འདྲི་ཞུ་བའི་རྒྱུ་ཆ་དམིགས་བསལ་བ་འདི་བདམས་པ་ཡིན།༼གྲོགས་པོ་ཞིག་གི་ས་ནས་ཐོས་པ་ཙམ་ལས་དེ་སྔ་ཁོ་བོས་ཀྱང་བཅར་འདྲིའི་རྒྱུ་ཆ་འདི་འདྲ་ཞིག་ཡོད་པ་མི་ཤེས།༽

གསར་འགོད་པས་གོ་ཁྲབ་བཟོ་རྩལ་ལ་རྒྱུས་ལོན་བྱེད་བཞིན་པ།
         དེ་ཡང་གོ་ཁྲབ་བམ་ཁྲབ་རྨོག་ནི་འཛམ་གླིང་ན་ཆེས་དར་སྔ་བའི་གནའ་བོའི་གཡུལ་འགྱེད་ཀྱི་གོས་རིགས་ཤིག་རེད། དེ་ནི་གཡུལ་སར་གོ་མཚོན་གཙོ་བོ་མདའ་གྲི་མདུང་གསུམ་སྤྱོད་པའི་དུས་རབས་ནང་དར་བའི་འགོག་སྲུང་རང་བཞིན་གྱི་ལྕགས་གོས་ཤིག་ཡིན་ཞིང་། བོད་ལ་ཡང་བཙན་པོའི་དུས་སྐབས་ནས་གོ་ཁྲབ་དར་ཡོད་ཅིང་། ད་བར་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། འོན་ཀྱང་ལོ་རྒྱུས་འཕྲུལ་གྱི་འཁོར་ལོའི་འཁོར་བགྲོད་དང་། ལྷག་དོན་དུ་མེ་མདའ་སོགས་དེང་རབས་གོ་མཚོན་དར་བ་ནས་བཟུང་། གནའ་བོའི་གོ་ཁྲབ་བཟོ་རྩལ་གྱི་ལག་རྒྱུན་ཟླ་བ་མར་ངོའི་རྒྱུན་ལྟར་རིམ་བཞིན་ཉམས་ཞན་དུ་ཕྱིན་ནས་ཧ་ལམ་མིང་གི་ལྷག་མར་གྱུར་ཟིན། མིག་སྔར་བོད་ལྗོངས་ཡོངས་ལ་དེའི་བཟོ་རྒྱུན་ཤུལ་འཛིན་མཁན་ཧ་ལམ་མི་གཅིག་ལས་ལྷག་མེད་པ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནས་ཡིན་པའི་ནོར་བུ་བསམ་གྲུབ་ལགས་རེད།

ནོར་བུ་བསམ་གྲུབ་ཀྱིས་གོ་ཁྲབ་འཚེམ་བཞིན་པ།
         ནོར་བུ་བསམ་གྲུབ་ལགས་ད་ལོ་ལོ་བཞི་བཅུ་ལྷག་ཙམ་ལ་སོན་ཞིང་། གཟུགས་པོ་རིང་ལ་ཤ་སྐམ་པ་དང་། རྩུབ་ཅིང་ཆེ་བའི་ལག་ཟུང་ལས། ཁོང་གི་འཚོ་བའི་ལམ་སྣེ་ཉིན་ལྟར་གོ་ཁྲབ་བཟོ་རྩལ་དང་འགྲོགས་ནས་ཡོང་བ་མངོན་ཐུབ། ཁོང་གིས་རྩེད་ཐང་གྲོང་ཁུལ་གྱི་མཐའ་རུ་ཁང་པ་གླས་ཏེ། གོ་ཁྲབ་བཟོ་རྩལ་གྱི་བཟོ་གྲྭ་ཞིག་བཙུགས་ནས། ཕ་མེས་ནས་བཞག་པའི་བོད་གནའ་བོའི་གོ་ཁྲབ་བཟོ་རྩལ་གྱི་ལག་རྒྱུན་བསྐྱངས་དང་སྐྱོང་བཞིན་མཆིས།
         ནོར་བུ་བསམ་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བར། ཁོང་གི་སྤོ་བོ་ལགས་སོགས་པའི་ཁྱིམ་རྒྱུད་ཀྱི་མེས་པོ་གོང་མ་རྣམས་གོ་ཁྲབ་བཟོ་བའི་ལག་རྩལ་བྱང་ཆུབ་ཅིང་། ཆུང་བྱིས་པའི་དུས་ནས་ཁོང་གིས་སྤོ་བོ་ལགས་ཀྱི་ས་ནས་གོ་ཁྲབ་བཟོ་བའི་ལག་རྩལ་མཐར་ཕྱིན་པ་སྦྱངས་པ་དང་། སྤོ་ལོ་ལགས་དམ་པའི་ཞལ་ཆེམས་ལྟར་ལག་རྩལ་དེ་མ་བརླགས་པར་ཆུ་མོའི་རྒྱུན་ལྟར་བསྐྱངས་བས། མི་ཚེའི་འཚོ་བའི་ཡོང་སྒོ་གཙོ་བོར་གྱུར་བ་མ་ཟད་སྤྱི་ལོ་༢༠༡༦ལོར་བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དང་། ཁོང་ཡང་བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ཡོད། ཁོང་གིས་གསར་འགོད་པར། ད་ཆ་མི་མང་པོ་ཞིག་གིས་གོ་ཁྲབ་ལ་མཛུབ་མོ་བཙུགས་ནས་ལྕགས་གོས་འདི་ཡང་སྙིང་ཅི་རེད་ཅེས་ཡ་མཚན་ངང་སྐད་ཆ་འདྲི་དུས། ང་ལ་རིག་གནས་མེད་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་དེའི་ལོ་རྒྱུས་དང་དོན་སྙིང་སོགས་འགྲེལ་བཤད་རྒྱག་གི་ཡོད། རྒྱུས་མངའ་ཡོད་མཁན་ཚོས་ནི་དེའི་རིན་ཐང་དང་ལོ་རྒྱུས་སོགས་ཤེས་ནས་མངགས་ཉོ་བྱེད་ཀྱི་འདུག མ་གཞི་ལས་ཀ་འདི་ཧ་ཅང་རྙོག་དྲ་ཚ་པོ་དང་ཞིབ་ཚགས་དགོས་པ། དཀའ་ལས་ཁག་པོ་རེད། གོ་ཁྲབ་གཅིག་བཟོ་བར་མ་མཐར་ཡང་ཟླ་བ་གཅིག་གཉིས་ཀྱི་དུས་ཡུན་འགོར་གྱི་རེད། འོན་ཀྱང་བཟོས་ཚར་རྗེས་དེ་ལ་དཔག་པའི་སྒོར་མོ་ཁྲི་བདུན་ཙམ་གྱི་ཐོབ་ཆ་རག་དུས་བློ་ཡིད་འཚིམ་པོ་འདུག དེ་ལས་གལ་ཆེ་བ་ནི་སྤོ་བོ་ལགས་དམ་པའི་ཞལ་ཆེམས་ལྟར་མི་ལོ་སྟོང་ཕྲག་བརྒྱུད་པའི་གནའ་བོའི་ལག་རྩལ་འདི་རང་གིས་མ་བརླགས་པར་མུ་མཐུད་རྒྱུན་འཁྱོངས་ཐུབ་པས་སེམས་ནང་དགའ་ཚོར་ཆེན་པོ་འདུག་ཅེས་གསུངས།

གསར་འགོད་པས་ནོར་བུ་བསམ་གྲུབ་ལ་བཅར་འདྲི་ཞུ་བཞིན་པ།
          རིག་གནས་སམ་ལག་རྩལ་ཞིག་འཇིག་རྟེན་ཐོག་གནས་ཤིང་ཆུ་མོའི་རྒྱུན་ལྟར་འཕེལ་རྒྱས་སུ་འགྲོ་དགོས་ན་མཐར་ཐུག་རྒྱུན་འཛིན་པའི་དཔུང་ཁག་ལ་རག་ལས་ཡོད། ནོར་བུ་བསམ་གྲུབ་ལགས་ཀྱིས་ཕ་མེས་ནས་བཞག་པའི་གནའ་བོའི་གོ་ཁྲབ་བཟོ་རྩལ་རྒྱུན་འཛིན་དར་སྤེལ་གཏོང་བའི་ཆེད་དུ་དགེ་ཕྲུག་མང་པོ་གསོ་སྐྱོང་གནང་ཡོད་ཅིང་། ད་ལོ་ལོ་སུམ་ཅུར་ཉེ་བའི་ཇོ་དགའ་ལགས་ནི་དེའི་ནང་གི་གཅིག་རེད། ཇོ་དགའ་ལགས་ཀྱི་ཕ་ཡུལ་ཡར་འབྲོག་ནས་ཡིན་ཞིང་། ནོར་བུ་བསམ་གྲུབ་ལགས་ཀྱི་ས་ནས་གོ་ཁྲབ་གཙོས་པའི་ལྷ་གོས་དང་། སྲོལ་རྒྱུན་གྱོན་གོས་ལ་སོགས་པའི་འཚེམ་བཟོའི་ལག་རྩལ་སྦྱངས་བ་དང་། ད་ལྟ་ལག་རྩལ་སྦྱངས་པ་མཐར་ཕྱིན་བྱུང་ནས་རྩེད་ཐང་དུ་རང་ཉིད་ཀྱི་ཚོང་ཁང་ཆུང་ཆུང་ཞིག་གཉེར་བཞིན་ཡོད། ཁོང་གིས་གསར་འགོད་པར། ངས་རྒན་ལགས་ས་ནས་འཚེམ་བཟོའི་ལག་རྩལ་ལོ་ལྔ་ཙམ་སྦྱངས་པ་ཡིན། གོ་ཁྲབ་བཟོ་བའི་ལག་རྩལ་དེ་དངོས་གནས་དཀའ་ལས་ཁག་པོ་འདུག ནམ་རྒྱུན་ལྷ་གོས་དང་སྲོལ་རྒྱུན་གྱོན་གོས་འཚེམ་པའི་ལག་རྩལ་དེ་སྟབས་བདེ་ཞིང་ཁྲོམ་རའི་ཐོག་འགྲོ་རྒྱུག་བདེ་པོ་རེད། འོན་ཀྱང་གོ་ཁྲབ་འཚེམ་པའི་ལག་རྩལ་དེ་ཤེས་མཁན་ཧ་ཅང་དཀོན་པས། ངས་ཐུན་མོང་མ་ཡིན་པའི་ལག་རྩལ་དེ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་འདོད་ཡོད། ལྷག་པར་དུ་ད་ལྟ་རང་ཉིད་ལའང་དགེ་ཕྲུག་ཡོད་པས། ངས་ཁོང་ཚོར་ལག་རྩལ་དེ་སློབ་ནས། ཕ་མེས་ཀྱིས་བཞག་པའི་བཟོ་རྩལ་རིག་གནས་འདི་མ་བརླགས་པ་བྱེད་ཀྱི་ཡིན་ཞེས་གསུངས།

ནོར་བུ་བསམ་གྲུབ་ཀྱིས་བཙེམ་པའི་གོ་ཁྲབ།
          བོད་ཀྱི་གནའ་བོའི་གོ་ཁྲབ་ཀྱི་ལོ་རྒྱུས་ཆུ་མོ་ལས་རིང་ཞིང་། དེར་གནའ་བོའི་ཆབ་སྲིད་དང་། རིག་གནས། ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ཆེན་པོ་ལྡན་ཡོད། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས། ལྷོ་ཁ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། བོད་ཀྱི་གྲགས་ཅན་རྩོམ་པ་པོ་ཨོ་རྒྱན་རྡོ་རྗེ་ལགས་ཀྱིས། བོད་དུ་གོ་ཁྲབ་དར་སྔ་ཤོས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་གྲི་གུམ་བཙན་པོའི་དུས་སུ་སྨར་ཁམས་ནས་བླངས་པར་གྲགས། ༼ཏུན་ཧོང་གཏེར་ཡིག་༽དང་༼རྒྱ་བོད་ཀྱི་ནོར་རྫས་རིགས་བརྟགས་ཤིང་དཔྱད་པའི་དཔྱད་དོན་༽ནང་དུ་གོ་ཁྲབ་ཀྱི་སྐོར་གསལ་པོར་འཁོད་ཡོད། ཡིག་ཚང་དེ་དག་ལས་ལོ་ངོ་ཉིས་སྟོང་ལྷག་གི་སྔ་རོལ་ནས་བོད་དུ་གོ་ཁྲབ་བེད་སྤྱོད་བྱེད་པ་གསལ་པོར་མཚོན།

གསར་འགོད་པས་གྲགས་ཅན་རྩོམ་པ་པོ་ཨོ་རྒྱན་རྡོ་རྗེ་ལ་བཅར་འདྲི་ཞུ་བཞིན་པ།
         མདོར་ན། གནའ་དུས་བོད་དུ་ཁྲབ་དང་རྨོག་དར་སོ་ཤིན་ཏུ་ཆེ་ལ། བྱེ་ཤོག་མ་དང་བྱེ་ཤོག་ཆུང་བ་ལ་སོགས་པའི་གོ་ཁྲབ་ཀྱི་རིགས་མང་བ་དང་། རྒྱལ་པོའི་ཁྲབ་དང་བློན་པོའི་ཁྲབ། བཙུན་མོའི་ཁྲབ་ལ་སོགས་པའི་རིམ་པ་ཡང་མང་དུ་ཡོད་ཅིང་། བོད་ཀྱི་ཁྲབ་དང་མི་རིགས་གཞན་གྱི་ཁྲབ་རྨོག་བར་ཁྱད་པར་ཡང་ཤིན་ཏུ་ཆེ། བོད་ཀྱི་གོ་ཁྲབ་ནི་བོད་གནའ་དུས་ཀྱི་དམག་ཆས་དང་དྲག་ཆས་ཀྱི་རིག་གནས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། དེའི་འཕེལ་རིམ་དང་སྤྱོད་སྒོར་བལྟས་ན་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཧྲིལ་པོར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཀྱང་ཡིན། འོན་ཀྱང་ད་ལྟའི་ཆར་གོ་ཁྲབ་དེ་དག་རང་ཅག་གི་མིག་ལམ་དུ་མངོན་པ་ནི་འོང་སྐོར་སོགས་དུས་ཆེན་ཆེ་གྲས་ཀྱི་སྐབས་སུ་གོ་རྩེད་རྩེད་མཁན་གྱིས་གྱོན་པ་དང་། ཕྱི་རྒྱལ་གྱི་བཤམས་སྟོན་ཁང་དང་ནང་སའི་གནའ་རྫས་བསྡུ་ཉར་མཁན། དེ་མིན་དགོན་སྡེ་ཉུང་ཤས་སོགས་སུ་ཉར་ཚགས་བྱས་ཡོད་པ་དེ་དག་ཙམ་ཡིན་ལ། ད་ལྟ་བོད་ལྗོངས་ན་དེའི་བཟོ་རྩལ་ཤུལ་འཛིན་མཁན་ནོར་བུ་བསམ་གྲུབ་ཙམ་ལས་ཤིན་ཏུ་དཀོན་པར་འདུག་ཅེས་ངོ་སྤྲོད་གནང་བ་རེད།

ཁྲབ་རྨོག་གྱོན་པའི་གནའ་བོའི་ཡུལ་འགྱེད་རྣམ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1