ནང་བསྟན་གྱི་བསམ་བློ་བོད་དུ་དར་བའི་དུས་སྐབས་དང་རྒྱུ་རྐྱེན་སྐོར་གྱི་བསམ་གཞིགས་ཐོར་བུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


     སྤྱིར་ལོ་རྒྱུས་ནི་འདས་སོང་གི་མི་སྣའི་ཟིན་ཐོ་དང་།གསང་བ།མི་རིགས་རང་ཉིད་ཀྱི་བསམ་པའི་རིག་གནས་དང་དངོས་པོའི་རིག་གནས་ཀྱི་ཆོས་ཉིད་སྤྱིའི་གླེང་ཕྱོགས་སོགས་ལ་ཁུངས་བཅོལ་ནས་དཔྱད་པ་གཏོང་དགོས་པ་ཞིག་ཡིན་པ་ལས་ད་ལྟའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཁྲ་ཁྲ་རིག་རིག་ལ་ཡིད་རྟོན་དང་རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་ཙམ་ལ་ཞིབ་འཇུག་བྱེད་པ་ནི་ལོ་རྒྱུས་རྩོད་སྒྲུབ་རིག་པའི་ལྟ་བ་དང་ཡན་གར་དུ་སོང་ཞིང་།ཞིབ་འཇུག་གི་གཏན་ཚིགས་ཀྱང་ཉོག་པར་ངེས།བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན་བོད་རང་གི་ལོ་རྒྱུས་ཀྱི་དོན་དངོས་གཞིར་འཛིན་རྒྱུ་གལ་ཆེ་སྙམ་སྟེ།འདིར་ནང་བསྟན་ཆོས་ལུགས་ཀྱི་བསམ་བློ་བོད་དུ་དར་བའི་དུས་སྐབས་དང་རྒྱུ་རྐྱེན་སྐོར་ལ་རང་བློས་དཔོག་ཚོད་ལྟར་ཅུང་ཟད་དཔྱད་པར་བྱའོ།།
  དང་པོ། གྲུབ་མཐའ་དང་ཆོས་འབྱུང་ཁ་ཤས་ཀྱི་འདོད་ཚུལ།  དེ་ཡང་རང་རེའི་ཁ་བ་རི་བའི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་འདི་ཡོངས་གྲགས་སུ་སྤུར་རྒྱལ་གདུང་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་རིང་ལ་དབུ་བརྙེས་པར་འདོད་པ་དཔེར་ན།《བཀའ་ཆེམས་ཀ་ཁོལ་མ》རུ་ནམ་མཁའ་ལ་རོལ་མོའི་སྒྲ་སྣ་ཚོགས་པ་སྒྲོག་པ་གཅིག་བྱུང་ཙ་ན།འཇའ་ཚོན་ཁ་དོག་སྣ་ཚོགས་སུ་སྣང་བ་ཞིག་འཁྱིལ་བྱུང་བས།དེའི་དཀྱིལ་ནས་འོད་ཟེར་རྣམ་པ་ལྔ་རྒྱལ་པོའི་པར་དུ་བྱུང་བས།དེའི་སྣ་ལ་རིན་པོ་ཆེ་ལྔ་ལས་གྲུབ་པ་ཟ་མ་ཏོག་ཅིག་བྱུང་ནས་དེ་རྒྱལ་པོས་ཁ་ཕྱེ་བའི་ནང་ནས།ཤེལ་གྱི་མཆོད་རྟེན་བང་རིམ་བཞི་བ་ཞིག་དང་།གསེར་གྱི་གླེགས་བས་ལ་བཻཌྰུརྱ་ཞུན་མས་བྲིས་པའི་གླེགས་བམ་ཞིག་བྱུང་བས།དེ་རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་།དེ་ངོ་མཚར་ཆེ་བ་ཞིག་འདུག་ནས།དེའི་མིང་ནི་མཉན་པོ་གསང་བ་བྱ་བར་བཏགས་སོ།།དེ་རིན་པོ་ཆེའི་ཁྲི་ལ་བཞུགས་ནས་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད།གསོལ་བ་བཏབ།ལྷ་ཐོ་ཐོ་རིའི་གཉན་ཤེལ་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་དང་།《རྙིང་མ་ཆོས་འབྱུང་》ལས་དགུང་ལོ་བརྒྱད་ཅུའི་དུས་སུ་ཕོ་བྲང་ཡུམ་བུ་བླ་སྒང་གི་ཐོག་ལ་སྤང་ཀོང་ཕྱག་རྒྱ།གསེར་གྱི་མཆོད་རྟེན།སྤྱན་རས་གཟིགས་ཀྱི་མདོ་ཟ་མ་ཏོག་གི་སྙིང་བོ་ཡི་གེ་དྲུག་པ།ཙིནྔྷམ་ཎིའི་སྐོར་ཕོར་རྣམས་ནམ་མཁའ་ནས་བབས་དང་།《ལྡེའུ་ཆོས་འབྱུང》དུ་ལྷ་ཐོ་ཐོ་རི་གཉན་བཙན་ཏེ་འདིའི་རིན་ལ་དམ་པའི་ཆོས་ཀྱི་དབུ་བརྙེས……དང་།《ཉང་ཆོས་འབྱུང་》དུ་མཚན་ཡང་ལྷ་ཐོ་ཐོ་རི་སྙན་ཤལ་དུ་གྲགས་པའོ……རྒྱལ་པོ་དེའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ལགས་ཏེ……《རྒྱ་བོད་ཡིག་ཚང་ཆེན་མོར》རྒྱལ་པོ་དེའི་རིང་ལ།……བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ཞིང་།《གུ་བཀྲའི་ཆོས་འབྱུང》དུ་དེ་ཡང་བཀའ་རྩིས་ལས།རྡོ་རྗེ་གདན་ལ་མཉམ་བཞག་གནས་པའི་ཚེ།།སྤྱན་རས་གཟིགས་ཀྱིས་རབ་སྐུལ་བོད་མཆིས་ཀྱང་།།བོན་གྱིས་དབང་བསྒྱུར་དམ་ཆོས་སྤེལ་དཀའ་ནས།།ལྷ་གཤེན་ཐོད་དཀར་ཅེས་བྱར་སྐུ་སྤྲུལ་ཚེ།།བོད་རྒྱལ་ཐོ་ཐོ་རི་ལ་བཀའ་རྟགས་བསྩལ།།ཆོས་ཕྱོགས་མོས་བསྒྱུར་དགེ་སྡིག་ངོ་ཤེས་ཤིང་།།གཤེན་རབ་རྣམས་ཀྱང་དཀར་མཆོག་བོན་བློར་བསྒྱུར།།སླར་ལོག་རི་པོ་ཏ་ལར་འོངས་ནས་ནི།།མ་ར་ཏི་ཀར་ཏན་ཏྲ་བཅོ་བརྒྱད་ཀྱི།།བོད་ཁམས་རྣམས་ཀྱང་རྒྱུ་འབྲས་ཆོས་གོ་ཙམ།།གདུལ་བྱར་ཆོས་རྒྱལ་སྤྲུལ་བར་བགྱེས།།དགེ་བཅུའི་ཁྲིམས་བཅས་དམ་ཆོས་སྲོལ་ཆེན་གཏོད།།མཐའ་དབུས་གཙུག་ལག་བརྒྱ་དང་རྩ་བརྒྱད་བཞེངས།ཞེས་པ་དང་།ད་དུང་《ཀློང་ཆེན་ཆོས་འབྱུང་》དང་《ཡར་ལུང་ཇོ་བོའི་ཆོས་འབྱུང》《རྦ་བཞེད།》《ཐུའུ་བཀྭན་གྲུབ་མཐའ》《བུ་སྟོན་ཆོས་འབྱུང་》《ཚལ་པའི་དེབ་དམར》སོགས་སུ་ཡང་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དར་བ་ཡིན་པ་གཅིག་མཐུན་ཏུ་འདོད།ཞིབ་ཏུ་བསམ་དགོས་པ་ཞིག་ནི་གོང་གི་ཆོས་འབྱུང་ནང་དུ་སྤྱན་རས་གཟིགས་ཀྱིས་རབ་སྐུལ་བོད་མཆིས་ཀྱང་།།བོན་གྱིས་དབང་བསྒྱུར་དམ་ཆོས་སྤེལ་དཀའ་ནས།།ཞེས་པའི་ཚིག་གི་ཤུགས་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་གོང་ནས་བཟུང་བོད་ལ་ནང་ཆོས་སྤེལ་བའི་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་མྱོང་བ་དང་།འདིར་ད་དུང་ནང་ཆོས་འདི་བོད་རང་གིས་ནང་འདྲེན་བྱས་པའམ།ཡང་ན་རྒྱ་གར་པས་སྤེལ་བ་གང་ཡིན་མི་གསལ་བས་བརྟག་དཔྱད་ཡུན་གྱིས་གཏོང་དགོས་པའི་གནས་ཤིག་གོ།སྐབས་དེར་ཆོས་དབང་བོན་པོས་བཟུང་ཡོད་པས་ནང་བའི་ཆོས་ལུགས་འདི་སྲིད་ཀྱི་གོ་སར་འཛེག་མ་ཐུབ་པ་སུས་ཀྱང་ཁས་ལེན་དགོས་མོད།འོན་ཀྱང་ནང་ཆོས་སྤེལ་བའི་དུས་རིམ་ནང་བན་བོན་བར་ལ་ཆོས་ལུགས་ཀྱི་དབང་རྩོད་ཡུན་རིང་བྱུང་བའི་ལོ་རྒྱུས་ཀྱི་སྐྱ་ཐིག་རིང་མོ་ཞིག་གོང་གི་ཚིག་ཟིན་ལ་བརྟགས་ན་ཤེས་ཐུབ་ཅིང་།དེ་འདྲའི་ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་དུ་བོད་རང་ལ་ནང་ཆོས་ཀྱི་བསམ་བློའི་ཤན་ཞུགས་མི་ཉུང་བ་ཞིག་ཐེབས་ཡོད་པ་ནི་ཆོས་ཉིད་ལས་མ་འདས་སོ།།
 གཉིས་པ།དེང་སྐབས་ཕྱི་ནང་གི་བོད་རིག་པ་ཞིབ་འཇུག་མཁན་དག་གི་འདོད་ཚུལ་སྣ་ཚོགས།
ད་བར་དུ་ཕྱི་ནང་གི་བོད་རིག་པར་ཞིབ་འཇུག་བྱེད་མཁན་དག་གིས་འདིའི་ཕྱོགས་ལ་དཔྱད་རྩོམ་རེ་གཉིས་ཙམ་མ་གཏོགས་མེད་ཕྱིར་ནང་བསྟན་བོད་དུ་དར་བའི་དུས་སྐབས་ཀྱི་ཚོད་དཔག་ཀྱང་བདེན་དཔང་ཆེར་བྱེད་ཐུབ་མེད།དེ་སྔོན་ཞིབ་འཇུག་པ་ཞིག་གིས་ཁྲི་སྲོང་ལྡེ་བཙན་གོང་དུ་རབ་བྱུང་བཙུན་པ་ཡོད་པར་སྒྲུབ་བྱེད་སྣ་ཚོགས་ལུང་རིགས་གཉིས་ཀྱིས་དཔྱད་ཞིབ་བཏང་ཡོད་པ་བདེན་མོད།འོན་ཀྱང་དེ་ལ་ང་ཚོས་ཧོལ་རྒྱུགས་མི་བྱེད་པར་ཡང་དང་ཡང་དུ་བསམ་གཞིགས་བགྱི་དགོས་པ་གནད་ཀྱི་དམ་པ་ལགས་སོ།།(རབ་བྱུང་བ་ཕལ་ཆེར་ཁྲི་སྲོང་ལྡེ་བཙན་སྐབས་བྱུང་བ་བདེན་པར་སེམས།རྒྱུ་མཚན།དེའི་སྐབས་ནས་བཙན་པོའི་མི་རྒྱུད་ཀྱིས་ནང་ཆོས་ཁས་བླངས་ནས་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བརྩིས་ཤིང་ནང་ཆོས་ལ་སྲིད་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པ་གསལ།)
བོད་རིག་པར་ཞིབ་འཇུག་བྱེད་པ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་མཁས་པ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཞིབ་འཇུག་དང་བརྟག་དཔྱད་བྱས་པའི་སྡོམ་ཚིག་ནི་འདི་ལྟ་སྟེ།“འོ་ན་ནང་ཆོས་བོད་དུ་དར་བའི་དུས་ཚིགས་དེ་ཡང་སྙིང་བཙན་པོ་གང་གི་དུས་སུ་འཇོག་དགོས་ཟེར་ན་གོང་དུ་ལུང་དྲངས་པ་བཞིན་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ་བོད་དུ་ནང་ཆོས་དར་འགོ་ཚུགས་ཡོད་པ་དང་།སྐབས་དེ་དུས་བོད་ཀྱི་ཡུལ་དུ་ནི་གཉའ་ཁྲི་བཙན་པོས་སྲིད་སྐྱོང་བཞིན་ཡོད་པ་དང་།ང་ཚོས་གཤམ་གསལ་ལོ་རྒྱུས་ཀྱི་ཟིན་ཐོ་དེའི་ཐོག་ནས་གོང་གི་འདོད་ཚུལ་དེར་ར་སྤྲོད་བྱེད་ཐུབ་པ་སྟེ།《ལྡེའུ་ཆོས་འབྱུང》དུ་རྗེ་གཉའ་ཁྲི་བཙན་པོའི་ཞལ་ནས།ས་མ་ཀི་ན་རྐྱེན་སྣ་ཚོགས་ཡོད།རྐུ་ཡོད།དུག་ཡོད།སྡང་ཡོད།དགྲ་ཡོད།གདོན་ཡོད།རྫུན་ཡོད།སྲི་ཡོད།ཙན་ཡོད།བྱད་སྟེམས་ཡོད།གཡོ་ཡོད།ང་མི་འགྲོ་གསུངས་ནས་མ་གནང་ངོ་།ཡང་བསྐྱར་ཏེ་ཞུས་པ།རྐུ་ལ་ལན་མཆིས།སྡང་ལ་བྱམས་མཆིས།དུག་ལ་སྨན་མཆིས།དགྲ་ལ་ཟིན་མཆིས།གདོན་ལ་ལྷ་མཆིས།རྫུན་ལ་བདེན་མཆིས།སྲི་དང་ཙན་ལ་གནན་ཐབས་མཆིས།བྱད་སྟེགས་ལ་བསྒྲལ་ཐབས་མཆིས།གཡོ་ལ་དྲང་མཆིས།ཞེས་བཀོད་ཡོད་པ་དེ་ནི་སྤྱིར་བཏང་ནང་བའི་ཆོས་ལུགས་ཀྱི་བསམ་བློ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པ་དང་།ང་ཚོས་ནང་ཆོས་ཀྱི་དགེ་བ་བཅུའི་དགོངས་བཞེད་ལ་ཞིབ་འཇུག་བྱེད་པའི་དུས་གོང་གསལ་བཙན་པོ་གཉའ་ཁྲིས་བོད་ཡུལ་དུ་གནད་དོན་ཅི་ཡོད་གསུངས་པའི་བརྗོད་སྙིང་དང་ནང་ཆོས་ཀྱི་སྲོག་ཤིང་ལྟ་བུར་གྱུར་པའི་དགེ་བ་བཅུའི་དགོངས་བཞེད་བར་དུ་ཁྱད་པར་དམིགས་བསལ་མེད་པས་དེས་སྒྲུབ་ནུས་པ་ནི་གཉའ་ཁྲི་བཙན་པོའི་དུས་སུ་ནང་ཆོས་དེ་ཉིད་བོད་ཡུལ་དུ་དར་འགོ་བརྩམས་ཡོད་ཚུལ་དེ་རེད།དེར་མ་ཟད《ལྡེའུ་ཆོས་འབྱུང》དུ་དེ་ནས་ཤེས་པ་མཁན་མི་བཅུ་གཉིས་ནི།ས་མི་སྟེ་རེ།ཨི་མ་ཡེ་ཤེ་ཚུལ་ཡང་དགོངས་དགེ་འདུན་ལ་སོགས་པ་ཤེས་པ་མཁན་མི་བཅུ་གཉིས།ཞེས་གསུངས་པ་དེ་ལས་ཨ་མི་དང་ཡེ་ཤེས།དགེ་འདུན་ཞེས་པའི་ཐ་སྙད་ནི་ནང་ཆོས་ཀྱི་ཐ་སྙད་ཅིག་ཡིན་པ་དང་།དེ་ལ་ཨ་མི་ནི་རྒྱ་གར་ལེགས་སྦྱར་གྱི་སྐད་ཡིག་པར《ལི་ཤིའི་གུར་ཁང》དུ་ཨ་མི་ཏྰ་བྷ་ཞེས་པ་འོད་དཔག་མེད་དེ་ཟུར་ཆག་པས་ཨི་མི་དེ་ཝ་དང་།ཞེས་གསུངས་པའི་ཚིག་ཟུར་དེ་ལས་རྟོགས་ནུས་སོ།།མདོར་ན།དོཊ་སློང་མང་པོ་ཞིག་གི་རྒྱུ་མཚན་ལ་བརྟེན་ཁོ་བོས་བརྗོད་འདོད་པ་ནི་བོད་ཡུལ་དུ་སངས་རྒྱས་ཆོས་ལུགས་དེ་སྤྱི་ལོ་གོང་གི་དུས་རབས་གཉིས་པ་ཡས་མས་སུ་དར་བ་དང་།ལྷ་ཐོ་ཐོ་རི་ནས་བསྟན་པའི་དབུ་བརྙེས་ཟེར་བ་ནི་བཙན་པོའི་མི་རྒྱུད་ཀྱི་ཁྲོད་དུ་སངས་རྒྱས་ཆོས་ལུགས་དེ་ཆོས་སྤེལ་མཁན་ལ་བརྟེན་ཏེ་སྔ་ས་ནས་དར་ཡོད་པ་དང་།བཙན་པོའི་མི་རྒྱུད་དང་དམངས་ཁྲོད་དུ་ཆོས་ལུགས་དར་བའི་ལོ་ཚིགས་ཐད་དབྱེ་འབྱེད་དགོས་པ་མ་ཟད་བོད་ཡུལ་དུ་ནང་ཆོས་དར་བའི་ལོ་ཚིགས་དེ་བཙན་པོའི་མི་རྒྱུད་ཀྱིས་ནང་ཆོས་ལ་ཁས་ལེན་བྱས་པ་ནས་བཟུང་དར་བར་ཆ་འཇོག་བྱས་ཚེ་འགྲིག་མིན་སྐོར་ལའང་མནོ་བསམ་གཏོང་དགོས་པ་ཞིག་རེད།
 ཕྱི་གླིང་བའི་བོད་རིག་པར་ཞིབ་འཇུག་བྱེད་མཁན་འགའ་རེས་སྟོད་མངའ་རིས(གུ་གེ)(དཔྲ་སྡེ)སུ་གནའ་ནས་སངས་རྒྱས་ཆོས་ལུགས་དར་མྱོང་བའི་འདོད་ཚུལ་ཞིག་འཆད་ཀྱིན་ཡོད་པ་གཞན་གྱི་ཟེར་སྒྲོས་ལས་ཐོས་པ་མ་གཏོགས་རང་གི་མཐོང་ཡུལ་དུ་གྱུར་མ་མྱོང་།ཡིན་ཡང་དེ་ལ་ཞིབ་ཏུ་བསམ་ན་གནས་ལུགས་མེད་པ་ཞིག་གཏན་ནས་མ་ཡིན་པས་འིད་ནས་མི་སྤྲོས་པར་འོག་ཏུ་རང་གི་རིགས་པར་ཅུང་ཟད་བསྒྲུབ་པར་བྱ་རྒྱུ་ཡིན།འདི་ལྟར་རེས་གསལ་རེས་མོག་གི་ལོ་རྒྱུས་དང་ཆོས་འབྱུང་མང་པོའི་ཚིག་ཟུར་ལས་ང་ཚོར་དོགས་སློང་གི་དྲི་རྟགས་མང་པོ་ཞིག་ནམ་རྒྱུན་མངོན་བཞིན་ཡོད་མོད།འོན་ཀྱང་འདས་སོང་གི་ལོ་རྒྱུས་དངོས་ཀྱི་སྣང་བརྙན་དེ་འཚོལ་འདོད་དུས་ཀྱག་ཀྱོག་དང་རབ་རིབ་ཇི་འདྲའི་མང་པོ་ཞིག་ལྡན་ཨང་།
 གསུམ་པ།རང་གི་ལྟ་ཚུལ་དང་དེའི་སྒྲུབ་བྱེད་འགའ།
༡ང་རང་ཉིད་ཀྱིས་ཀྱང་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གོང་ལ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་བོད་དུ་དར་ཡོད་པར་འདོད་དེ།རྒྱུ་མཚན་ནི།རྒྱ་གར་གྱི་རྒྱལ་བོ་མྱ་ངན་མེད་ཀྱི་སྐུ་ཚེ་སྟོད་ལ་གྲལ་རིམ་འཐབ་རྩོད་དང་དམག་འཁྲུག་རྒྱུན་མ་ཆད་པར་བྱུང་བ་ལས་འབངས་མི་སེར་མང་པོས་སྡུག་བསྔལ་དང་།གཉའ་གནོན།མུ་གེ་སོགས་ཀྱིས་མ་བཟོད་པར་རྒྱ་གར་བྱང་ཕྱོགས་ཏེ་བོད་ཡུལ་དུ་བྲོས་བྱོལ་ལ་འོངས་ནས་གངས་ཏི་སེའི་ཉེ་འདབས་དང་མངའ་རིས་སོགས་སུ་བོད་མི་དང་འདྲེས་ཏེ་གནས་སྡོད་བྱས་པར་བཤད།དེས་ན་དེ་དག་གི་འཚོ་བའི་གོམས་སྲོལ་དང་།བསམ་བློའི་འདུ་ཤེས།འཇིག་རྟེན་ལྟ་ཚུལ་སོགས་ཕྱོགས་མང་པོར་སངས་རྒྱས་ཆོས་ལུགས་ཀྱི་བག་ཆགས་བསྒོས་ཡོད་པ་མི་རིགས་སོ་སོའི་རིག་གནས་ཀྱི་ཁྱད་ཆོས་ལས་ཐོན་པའི་འབྲས་རྟགས་ཡིན་ལ།དེ་འདྲའི་ཆ་རྐྱེན་འོག་བོད་དང་འདྲེས་སྡོད་ཡུན་རིང་བྱས་པའི་མི་རིགས་འདིས་ནང་ཆོས་ཀྱི་བསམ་བློ་བོད་ལ་བརྒྱུད་སྒྲོག་གམ་ཤན་ཞུགས་ངེས་ཅན་ཞིག་ཐེབས་མྱོང་བ་མཁས་བླུན་སུས་ཀྱང་མ་བརྟགས་ན་ཤེས་ཐུབ་པ་འདི་བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དར་ཡོད་པའི་སྒྲུབ་བྱེད་ཅིག་ཏུ་བགྲང་འོས་པར་བསམ་ལ།དེ་ཡང་《ཀྲུང་གོ་དང་ནུབ་ཕྱོགས་འགྲིམ་འགྲུལ་ལོ་རྒྱུས་དཔྱད་ཡིག་བདམས་བསྒྲིགས》(དེབ་དྲུག་པ)སུ་ཆོས་རྒྱལ་མྱ་ངན་མེད……རྒྱལ་པོ་དེ་དམ་པའི་ཆོས་ལ་དད་པས་སེར་མོ་མ་ཉེ་འབྲེལ་གྱི་རྒྱལ་ཁབ་ཏུ(མི་རིགས་ས་ཁུལ་ཏུ)མངགས་ཏེ་ནང་ཆོས་སྤེལ།ཡུལ་ཐག་ཅུང་ཙམ་རིང་བ་ནི་དཔེར་ན།ཨེ་ཅིབ་དང་།མ་ཆི་ཏུན།བོད་བཅས་སུ་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་རྗེས་ཤུལ་ཡོད་པ་རེད།ཅེས་དང་།ཡང་དེར་སེར་མོ་བའི་སྤྱི་ཚོགས་དེ་ཉིད་ལེགས་བཅོས་འོང་བའི་ཆེད་སི་རི་ཡ་དང་།ཨེ་ཅིབ།མ་ཆི་ཏུན།ཙི་ལན།བོད།པི་ནའོ་སོགས་སུ་ནང་ཆོས་སྤེལ་བ་མ་ཟད་རྒྱ་གར་ཡུལ་གྲུ་ཀུན་ཏུ་དགེ་སྒྲུབ་ཚོགས་བསགས་ཀྱི་དགོངས་དོན་རྒྱ་ཆེར་སྤེལ།ཞེས་གསུངས་ཡོད་པ་འདིས་ཆོས་ལུགས་སྤེལ་བའམ་ཡང་ན་རང་ཉིད་ཀྱིས་ནང་འདྲེན་བྱས་པ་གང་ཡིན་མི་ཤེས་པས་ད་རུང་དཔྱད་དགོས་མོད།འོན་ཀྱང་ནང་ཆོས་བོད་དུ་དར་མྱོང་བའི་ཚུལ་ཡང་དག་པའི་སྒོ་ནས་བསྒྲུབ་ཐུབ་པས་སོ།།
  ༢《ལྡེའུ་ཆོས་འབྱུང་》དུ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ།……ལོ་དུས་སུ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡང་བྱོན་སྐད།ཅེས་པ་འདིར་གཞིགས་ཚེ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ལས་སྔ་བའི་དུས་རབས་ཀྱི་ནང་དུ་དར་བ་འདྲ་སྟེ།རྒྱུ་མཚན་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ནི་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་སྙིང་བོ་ཡིན་པ་དང་བསམ་བློ་དེ་ཉིད་དར་བ་ལ་ནང་བསྟན་ཆོས་ལུགས་ཀྱི་རིག་པའི་རྨང་གཞི་ངེས་ཅན་ཞིག་མཁོ་བ་དང་རྨང་གཞི་དེ་ཉིད་འདིང་བ་ལ་དུས་ཚོད་ཀྱི་རྒྱུན་རིང་པོ་ཞིག་དགོས་པས་ང་ཚོས་བརྗོད་འདོད་པའི་ནང་དོན་རང་ཤུགས་ཀྱིས་ལས་སླ་བོའི་ངང་བསྒྲུབ་ཐུབ་པས་སོ།།
 ༣《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འཛམ་གླིང་བྱང་ཕྱོགས་མཐའ་འཁོབ་གངས་རིའི་ཁྲོད།།ཐེག་ཆེན་དར་བ་གདོང་དམར་བོད་ཀྱི་ཡུལ།།ཆུ་བོ་ལོ་ཧི་ཏ་ཡི་རྒྱུད་འདི་རུ།།རྒྱལ་བསྟན་བྱུང་ཚུལ་ད་ནི་བརྗོད་པར་བྱ།།སྟོན་པས་བྱང་ཆུབ་བརྙེས་ནས་སྟོང་གསུམ་དང་།།ཤུར་ནུབ་རྒྱ་མཚོའི་བར་དུ་ཞབས་ཀྱིས་བཅགས།།ཏི་སེའི་ཕྱོགས་བཞིར་སྟོན་པའི་ཞབས་རྗེས་ཡོད།།དེའི་ཕྱིར་ལྷ་སོགས་བཞིར་སྟོན་པའི་ཞབས་རྗེས་ཡོད།།དེའི་ཕྱིར་ལྷ་སོགས་མཆོག་གི་སྣང་བ་རུ།།བོད་ཡུལ་འདི་ཡང་སྟོན་པའི་ཞབས་ཀྱིས་བཅགས།།……བྱིན་གྱིས་རླབས་པའི་ཡུལ་ཞེས་གྲགས་པ་ཡིན།།ཞེས་གསུངས་པ་འདིས་ད་དུང་གཉའ་ཁྲི་བཙན་པོའི་གོང་ནས་བཟུང་ནང་ཆོས་བོད་དུ་དར་ཡོད་པར་བསྒྲུབ་ནུས་ཏེ།རྒྱུ་མཚན་སྟོན་པ་སྐུ་དངོས་ཀྱིས་ཏི་སེའི་ཕྱོགས་བཞིའམ་བོད་ཡུལ་དུ་ཞབས་ཀྱིས་བཅགས་ཡོད་པ་ཡིན་ན།《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རྭ་གའི་ལྡེ་མིག》ཏུ་སྟོན་པ་ཤྰཀྱ་ཐུབ་པ་སྤྱི་ལོ་སྔོན་གྱི་ལོ༦༢༥ལོར(མེ་སྤྲེལ)འཁྲུངས།སྤྱི་ལོ་སྔོན་གྱི་ལོ༥༤༥ལོར(མེ་འབྲུག)སྐུ་མྱ་ངན་《བསྟན་རྩིས་ཀུན་བཏུས》ལས“གཉའ་ཁྲི་བཙན་པོ་སྤྱི་ལོ་སྔོན་གྱི་ལོ༤༡༧ལོར་འཁྲུངས(སུམ་པ་མཁན་པོའི་ལུགས)”གཉའ་ཁྲི་བཙན་པོ་སྟོན་པ་ཤྰཀྱ་ཐུབ་པ་འདས་ནས་ལོ་ཉིས་བརྒྱ་ཡས་མས་ཀྱི་རྗེས་སུ་འཁྲུངས་པ་ཡིན་པ་གསལ།།གཉའ་ཁྲིའི་གོང་ནས་བཟུང་བོད་རང་ལ་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དར་ཡོད་པ་བསྒྲུབ་ཐུབ།
༤ད་དུང“འདུལ་བའི་གཞུང་དུ་སྟོན་པ་ཤྰཀྱ་ཐུབ་པ་མཚོ་མོ་དྲོས་པའི་འགྲམ་ནས་དབྱར་བཞུགས་གནང་བར་གསུངས་པ་དང་།ངག་རྒྱུན་ཏུ་རྡོ་སྦིས་མཆོད་རྟེན་དཀར་བོ་དེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཆོད་རྟེན་སྟོང་གཅིག(གཞུང་ལ་ལ་ན་བྱེ་བ་གཅིག་ཞེས་གསུང་ཡོད)བཞེངས་པའི་ནང་གི་གཅིག་ཡིན་པར་གསུངས་པ་”སོགས་ལ་ཡང་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན་པར་སེམས།
༥མཉམ་མེད་སྟོན་པ་རིན་པོ་ཆེ་ཡིས་སྤུར་རྒྱལ་གཉའ་ཁྲི་བཙན་པོའི་གོང་ལ་བོད་དུ་ཞབས་ཀྱིས་བཅགས་ཡོད་ཅེས་པའི་ཚིག་གི་ཟུར་ནས་རྟོགས་ནུས་ཤིང་བདེན་དཔང་བྱ་ཐུབ་པ་ནི།སྟོད་ཀྱི་སིལ་བུའི་སྐབས་སམ་ཞང་ཞུང་གི་རྒྱལ་རབས་སྐབས་ནས་བཟུང་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དར་མྱོང་བ་བསྒྲུབ་ནུས་ཏེ།རྒྱུ་མཚན་ནི།བོད་རང་གི་གདོད་མའི་ཆོས་ལུགས་དབོན་པོའི་ཆོས་ལུགས་ཀྱི་འབྱུང་སའམ་གདན་ས་ནི་སྟོད་མངའ་རིས(དཔྲ་སྡེ)གུ་གེའི་ཡུལ་ཡིན་ལ།དེང་སང་བོན་པོའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་ཀྱི་སྤྱིར་བཏང་གི་དགོངས་པའམ་གཞུང་ལུགས་ཀྱི་ཁོག་དབུབ་སྟེང་ནས་སོ་སོར་དགར་མི་ཐུབ་པ་ལྟ་བུའི་འདྲ་ས་དང་མཚུངས་ས་མང་པོ་ཡོད་པ་དཔེར་ན།ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་།ད་དུང་སྡེ་སྣོད་གསུམ་དང་ཡུམ་དུམ་པ་བཅུ་གཉིས་སོགས་མཚུངས་ས་མང་པོ་ཡོད་པ་འདི་ཞང་ཞུང་གི་རྒྱལ་རབས་སྐབས་ནས་བཟུང་རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ་རྒྱུན་མ་ཆད་པར་སྲིད་འབྱོར་རིག་གསུམ་སོགས་གང་ནས་ཀྱང་ཕན་ཚུན་སློབ་སྦྱོང་དང་།མཉམ་མྱོང་ཕྱོགས་སྡོམ་གྱིས་ཁ་གསབ་དང་འཐུས་ཚང་དུ་བཏང་བ་བཅས་ལོ་རྒྱུས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་པ་ལས་ཐོན་པའི་འབྲས་བུ་ཡིན་པར་ར་སྤྲོད་ཐུབ་པ་དང་།ཕྱི་གླིང་བ་འགའ་ཞིག་གིས་ཀྱང་མངའ་རིས་ས་ཁུལ་དུ་གནའ་ནས་བཟུང་ནང་ཆོས་དར་ཡོད་པར་བཤད་པའང་བདེན་པར་འདོད་དོ།།
 མཇུག་བསྡུ་བའི་གཏམ།
 མདོར་ན།བོད་ཀྱི་ཁ་དཔེ་ལ“ལོ་བརྒྱ་སྔོན་གྱི་མི་མེད་རུང་།།བསྐལ་བ་སྟོང་གི་ཚིག་ལོས་ཡོད།།”ཅེས་པའི་དཔེ་ལྟར་བོད་རང་གི་ལོ་རྒྱུས་ཀྱི་ཁྱད་ཆོས་དང་མཁས་པའི་གསུང་སྒྲོས་ཀྱི་ཚིག་ཟུར་མ་ཉམས་པ་དག་ལ་དོགས་སློང་དང་དཔྱད་ཞིབ་བྱས་པ་བརྒྱུད་ནང་བསྟན་གྱི་བསམ་བློ་འདི་ཡང་སྙིང་ཞང་ཞུང་རྒྱལ་རབས་སྐབས་ནས་མི་རིགས་གཉིས་ཀྱི་འབྲེལ་འདྲིས་ལས་རིག་གནས་བརྒྱུད་སྤེལ་དང་།ཕན་ཚུན་གྲོགས་པོ་ནས་དགྲ་ཟླ་དང་དགྲ་ཟླ་ནས་གྲོགས་སུ་གྱུར་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་དར་མྱོང་བར་འདོད།དེ་ནས་སྟོད་ཀྱི་སིལ་བུའི་རྗེས་སུ་རིམ་གྱིས་ཡར་ཀླུང་བོད་གཡག་དྲུག་གི་བཙན་པོའི་རྒྱལ་རྒྱུད་ཀྱིས་མདོ་དབུས་མཐོ་སྒང་ཡོངས་རྫོགས་དབང་དུ་བསྒྱུར་བས་ཞང་ཞུང་གི་གཟི་བརྗིད་ལྡན་ཞིང་མ་ལག་གིས་ཕྱུག་པའི་ཤེས་རིག་ཀྱང་བོད་ཐུན་མོང་གི་རིག་གནས་སུ་གྱུར་པར་འདོད་པ་འདི་བློ་དམར་བདག་གིས་ཅུང་ཟད་དཔྱད་ཁུལ་བྱས་པའི་ལྟ་ཚུལ་ཕྲན་བུ་ལགས་ཤིང་།སྐྱོན་དང་ནོར་འཁྲུལ་ཅི་རིགས་མཆིས་པ་རྣམས་བོད་རིག་པར་ཞིབ་འཇུག་བྱེད་པ་ལ་མཁྱེན་དཔྱོད་ཡངས་པའི་མཁས་པ་དང་ཀློག་པ་པོ་རྣམས་ཀྱིས་སྦ་གསང་མེད་པར་ཕྱག་མཛུབ་ཀེར་ནས་སྟོན་པར་མཁྱེན་ཞེས་ཡང་ན་ཡང་དུ་ཞུའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1