སི་ཁྲོན་རྔ་བའི་ཞང་བོད་སྒྱུ་རྩལ་སློབ་གྲྭར་བཅར་འདྲིར་ཕྱིན་ཏེ་ཐང་ག་རྒྱུན་འཛིན་བྱེད་པའི་རྗེས་རབས་པར་རྒྱུས་ལོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-12



        ཟླ་10པའི་ཚེས་8ཉིན། 2019ལོའི“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱིས་ཀྲུང་གོར(སི་ཁྲོན་བོད་རིགས་ས་ཁུལ)ཤེས་རྟོགས་བྱ་བའི་འགྲུལ་སྐྱོད”ཅེས་པའི་བྱེད་སྒོ་རུ་ཁག་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་ཤན་པ་ཡུལ་ཚོ་སྨར་ཡུལ་གྲོང་ཚོར་བསྐྱོད་དེ་ཞང་བོད་སྒྱུ་རྩལ་སློབ་གྲྭ་དང་ཐང་གའི་སྒྱུ་རྩལ་ཁྲིད་སྦྱོང་རྟེན་གཞིར་བཅར་འདྲི་བྱས་པ་མ་ཟད། ཐང་གའི་བཟོ་སྟངས་དང་ཚོན་གཏོང་ཐབས་སོགས་ལ་དངོས་སུ་བལྟས་ཤིང་། ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པ་རེད།

འདི་ནི་ཟུང་ཆུ་རྫོང་ཞང་བོད་སྒྱུ་རྩལ་སློབ་གྲྭ་ཡིན།
       ཟུང་ཆུ་རྫོང་ཞང་བོད་སྒྱུ་རྩལ་སློབ་གྲྭ་ནི་2018ལོའི་ཟླ་9པའི་ཚེས་17ཉིན་ཤན་པ་ཡུལ་ཚོ་སྨར་ཡུལ་གྲོང་ཚོ་རུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། དེ་ནི་ལྷ་རིས་པ་གྲགས་ཅན་ཁྲི་འཛིན་རབ་བརྟན་གྱིས་བཙུགས་པའི་ཚོང་དོན་མ་ཡིན་པའི་དགེ་སྒྲུབ་སྤྱི་ཕན་གྱི་སློབ་གྲྭ་ཞིག་ཡིན་ལ། འཆར་འགོད་བྱེད་འགོ་ཚུགས་པ་ནས་ད་བར་ཏག་ཏག་ལོ་ངོ་6འགོར་ཡོད། ཆུང་དུས་ནས་སྨར་ཡུལ་གྲོང་ཚོ་རུ་འཚོ་བ་སྐྱེལ་མཁན་ཁྲི་འཛིན་རབ་བརྟན་གྱི་ངོས་ནས་བརྗོད་ན། སློབ་གྲྭ་དེ་འཛུགས་པའི་ཐོག་མའི་ཀུན་སློང་ནི་ཐང་གའི་སྒྱུ་རྩལ་དེ་ཕ་ཡུལ་གྱི་རིག་གནས་ཐོན་ལས་སུ་འགྱུར་བར་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད།

འདི་ནི་ནི་ལྷ་རིས་པ་ཁྲི་འཛིན་རབ་བརྟན་ཡིན།
        ཁྲི་འཛིན་རབ་བརྟན་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད་ཅིང་། ཐོག་མར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཀརྨ་སྒར་བྲིས་ལུགས་ཀྱི་འབྲི་རྩལ་ལ་སློབ་སྦྱོང་བྱས་པ་དང་། དེ་རྗེས་སུ་མཚོ་སྔོན་རེབ་གོང་སེང་གེ་གཤོང་མ་འགོ་དགོན་དུ་སྨན་ཐང་ལུགས་ཀྱི་འབྲི་རྩལ་སྦྱངས། སྨན་ཐང་ལུགས་ཀྱི་ཐང་ག་སྔར་བས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་ཆེད། 2007ལོ་ནས་བཟུང་ཁྲི་འཛིན་རབ་བརྟན་ལྷ་སར་ཕེབས་ནས་ལྷ་རིས་པ་ཚེ་བརྟན་རྣམ་རྒྱལ་དང་དགེ་རྒན་ཆེན་མོ་བསྟན་པ་རབ་རྒྱས་རྣམ་གཉིས་ལ་འགྲོགས་ནས་ཐང་གའི་རི་མོའི་རིགས་ཀྱི་གཞུང་ལུགས་དང་ལག་རྩལ་སློབ་སྦྱོང་བྱས་པ་རེད། 2012ལོར་ཁོང་གིས་ལྷ་སར“ཞང་བོད་ཐང་གའི་སྒྱུ་རྩལ་ལྟེ་གནས”བཙུགས། མིང་ལ“ཞང་བོད”ཅེས་བཏགས་པའི་རྒྱུ་མཚན་ནི། འཕྲིན་ལས་རབ་བརྟན་གྱིས་བོད་ལྗོངས་ཀྱི་རིག་གནས་རྒྱུས་ལོན་བྱེད་ན་ཅིས་ཀྱང་གནའ་བོའི་ཞང་ཞུང་རིག་གནས་ནས་འགོ་འཛུགས་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད། 2017ལོའི་བར་ཞང་བོད་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱིས་ལག་རྩལ་བྱང་ཆུབ་པའི་ཕུལ་བྱུང་ལྷ་རིས་པ་བརྒྱ་ལ་ཉེ་བ་ཙམ་གསོ་སྐྱོང་བྱས་པ་རེད།
         ཞང་བོད་སྒྱུ་རྩལ་སློབ་གྲྭ་བསྐྲུན་རྗེས། ཞང་བོད་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱི་ཐང་གའི་ལྷ་རིས་པ་30ལྷག་བློ་བརྟན་འགྱུར་མེད་ངང་ཁྲི་འཛིན་རབ་བརྟན་གྱི་རྗེས་སུ་འབྲངས་ནས་ཟུང་ཆུར་ཡོང་བ་དང་། ཁོང་ཚོའི་ཁྲོད་སློབ་སྦྱོང་བྱེད་ཡུན་རིང་ཤོས་ནི་ལོ་14འགོར་ཡོད་པ་དང་ཐུང་གྲས་ཀྱང་ལོ་གསུམ་བཞི་ཙམ་འགོར་ཡོད། ཁྲི་འཛིན་རབ་བརྟན་གྱིས“ཁོང་ཚོ་མང་ཆེ་བ་ནི་སློབ་ཁྲིད་ཀྱི་ཆུ་ཚད་ལ་སླེབས་ཡོད།”ཅེས་བཤད།

འདི་ནི་ཞང་བོད་སྒྱུ་རྩལ་སློབ་གྲྭའི་ལྷ་རིས་པས་ཐང་ག་བཞེངས་བཞིན་པ་ཡིན།
         ཁྲི་འཛིན་རབ་བརྟན་གྱིས་མཚམས་སྦྱོར་གནང་བ་ལྟར་ན། ཞང་བོད་སྒྱུ་རྩལ་སློབ་གྲྭའི་ཐང་གའི་སློབ་གསོར་དམའ་རིམ་འཛིན་གྲྭ་དང་འབྲིང་རིམ་འཛིན་གྲྭ་བཙུགས་ཡོད་ཅིང་། འཛིན་གྲྭ་འདི་དག་ལ་རིག་གནས་སློབ་ཚན་ཡོད་ལ། ཐང་གའི་འབྲི་ལུགས་མི་འདྲ་བའི་དངོས་སྦྱོང་རི་མོའི་སློབ་ཚན་ཡང་ཡོད། སློབ་ཚན་བཀོད་སྒྲིག་གི་ཐད་ནས་ཐང་གའི་འབྲི་རྩལ་དང་མཛེས་རྩལ། ཡིག་གཟུགས། བརྐོས་རིས། པར་རིས། ལྡེབས་རིས། རྡོ་ཚོན་དང་སྐྱེ་དངོས་ཀྱི་ཚོན་རྫས་སོགས་འདུས་ཡོད། “སློབ་ཞུགས་ལམ་ལུགས་ནི་ལོ་བདུན་ལམ་ལུགས་ཀྱི་སློབ་ཁྲིད་ཡིན། སྔོན་མའི་ལོ་གསུམ་གྱི་ནང་མཛེས་རྩལ་གཞུང་ལུགས་དང་སྐྱ་ཐིག་སྦྱོང་བ།  ལོ་རྗེས་མ་གསུམ་གྱི་ནང་སྲོལ་རྒྱུན་ཐང་གའི་ལག་རྩལ་སློབ་སྦྱོང་དང་ལག་ལེན་བྱེད་དགོས། མཇུག་མཐའི་ལོ་གཅིག་གི་ནང་དུ་སློབ་ཐོན་གྱི་བརྩམས་ཆོས་དང་དཔྱད་རྩོམ་འབྲི་རྒྱུ་དེ་རེད།’’ཅེས་གསུངས་པ་དང་། གཞན་ཡང་སློབ་གྲྭས་བོད་ལྗོངས་སློབ་ཆེན་དང་རྔ་བ་དགེ་འོས་སློབ་གླིང་སོགས་སློབ་ཆེན་དག་ལ་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ནས། སློབ་གྲྭའི་འཕེལ་རྒྱས་དང་རྒྱུན་འཛིན་གྱི་ཐད་ལ་དགེ་རྒན་མཁོ་སྤྲོད་བྱེད་པར་ཁག་ཐེག་བྱས་ཡོད།

འདི་ནི་ཞང་བོད་སྒྱུ་རྩལ་སློབ་གྲྭའི་ལྷ་རིས་པས་ཞ་སྨྱུག་གིས་ཐང་གའི་སྐྱ་ཐིག་ཕབ་བཞིན་པ་ཡིན།
       རྔ་བ་ཁུལ་ནི་བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་གནས་བབ་འགངས་ཆེན་ཞིག་ཡིན།  ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་རྒྱ་ཆེ་ཞིང་ཡིད་དུ་འོངས་པའི་རིག་གནས་གྲུབ་ཆ་མང་པོ་མཉམ་འདྲེས་ཀྱི་མི་རིགས་སྲོལ་རྒྱུན་རིག་གནས་ཤིག་ཆགས་ཡོད། ཉེ་བའི་ལོ་ཤས་རིང་རྔ་བ་ཁུལ་གྱིས་“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོན་ཡོད། མིག་སྔར་ཁུལ་ཡོངས་སུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་ཅིག་བསྐྲུན་ནས་མངོན་མིན་རིག་གནས་ཤུལ་བཞག་རྣམས་རིམ་བགོས་གྱི་སྲུང་སྐྱོང་མངོན་འགྱུར་བྱས་ཐུབ་པ་རེད། དེའི་ནང“ཆའང་རིགས་ལོ་གསར”ཞེས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་གང་མྱུར་སྲུང་སྐྱོབ་དགོས་པའི་མིང་ཐོའི་ནང་བཅུག་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་19རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་73ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་457ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་975རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་རེད། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་13དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་82།  ཁུལ་རིམ་པའི་རྒྱུན་འཛིན་པ་371བཅས་ཡོད་པ་དེའི་ནང་སྲོལ་རྒྱུན་གྱི་རོལ་དབྱངས་དང་སྲོལ་རྒྱུན་གྱི་ཞབས་བྲོ། སྲོལ་རྒྱུན་གྱི་མཛེས་རྩལ། སྲོལ་རྒྱུན་གྱི་ལག་རྩལ་སོགས་རིགས་བཅུ་ལྷག་འདུས་པ་རེད།
 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1