༄༅།། ཁང་པ་གཅིག་ལ་ཚོང་ཐེངས་གཉིས་བྱས་པ་དེ་དམངས་དོན་མགོ་སྐོར་དང་ཉེས་དོན་ཁ་བསླུས་གཉིས་ལས་གང་ཞིག་ཡིན་ནམ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-12



        གུང་ཅི་ཅིག་གིས་རང་ཉིད་ལ་གནས་སྤོས་བཀོད་སྒྲིག་གནང་བའི་ཁང་པ་(ལོ་ལྔ་ལོན་མེད་)ཉིད་རིན་གོང་སྒོར་ཁྲི་34.8612བྱས་ཏེ་ལི་མི་མིག་ལ་བཙོང་ཞིང་། ལི་མི་མིག་གིས་སྔོན་དུ་ཁང་རིན་སྒོར་ཁྲི་25འཇལ་བ་དང་། ཕྱོགས་གཉིས་པོས་དེ་འཕྲོས་རྣམས་ཁང་ཐོ་སྤོ་སྒྱུར་ཟིན་མཚམས་སྤྲོད་ལེན་བྱ་རྒྱའི་ཁ་དན་བཞག་ཡོད།

         དེའི་རྗེས་སུ། གུང་ཅི་ཅིག་གིས་བུ་ལོན་གསོད་ཕྱིར་དེ་སྔ་རང་ལག་ཏུ་ཉར་ཡོད་པའི་ལྡེ་མིག་བེད་སྤྱད་དེ་རང་འཚམ་ངང་ཁང་པ་དེའི་ཟྭ་བརྗེས་ཤིང་། མི་དམངས་ཤོག་སྒོར་ཁྲི་35ཡི་རིན་གོང་བྱས་ཏེ་ཁང་པ་དེ་བསྐྱར་དུ་གནོད་འཚེ་ཕོག་ཡུལ་ལྱང་མི་མིག་ལ་བཙོང་། ལྱང་མི་མིག་གིས་སྔོན་དུ་ཁང་རིན་སྒོར་ཁྲི་25འཇལ་བ་མ་ཟད་ཁང་ཐོ་བསྒྱུར་ཟིན་འཚམ་འཕྲོས་ལུས་དངུལ་རྣམས་འཇལ་རྒྱུའི་ཁ་དན་བཞག་ཡོད། གུང་ཅི་ཅིག་གིས་སྒོར་ཁྲི་25ཐོབ་འཕྲལ་སྒེར་གྱི་་བུ་ལོན་གསོད་བྱེད་དུ་བཏང་།  ཡང་ལྱང་མི་མིག་གིས་ཁང་པ་དེའི་ལྡེ་མིག་གསར་པ་བླངས་པ་མ་ཟད་གུང་ཅི་ཅིག་ལ་ལབ་ནས་ཁང་པར་མཛེས་བཟོ་བྱས་པ་རེད། མཛེས་བཟོ་བྱེད་རིང་ལྱང་མི་མིག་གིས་གུང་ཅི་ཅིག་ལ་ཁ་པར་བརྒྱབ་སྟེ་ལི་མི་མིག་གིས་མཛེས་བཟོ་བཀག་འགོག་བྱས་ཚུལ་ལབ་ཡོད་ཀྱང་། གུང་ཅི་ཅིག་གིས་ལྱང་མི་མིག་ལ་ཁྱོད་རང་མཛེས་བཟོ་མ་གཏོགས་ཐེ་ཇུས་མི་དགོས། འཕྲོས་ཀྱི་དོན་དག་ཚང་མ་ངས་ལི་མི་མིག་དང་གྲོས་མོལ་བྱེད་ཡོང་ཞེས་བཤད། མཐར་གུང་ཅི་ཅིག་གིས་ཁས་ལེན་ཡི་གེ་ལན་མང་བཞག་ནས། དུས་ཁག་བགོས་ཏེ་ལི་མི་མིག་གི་ཁང་རིན་སྒོར་ཁྲི་25དེ་ཕྱིར་སློག་བྱ་རྒྱུ་ཁས་བླངས་ཡོད་རུང་། སྒོར་ཟུར་གཅིག་ཀྱང་ལག་བསྟར་བྱུང་མེད།
        བཤེར་རིམ་དང་པོའི་ཁྲིམས་ཁང་ནས་ངོས་འཛིན་གནང་གསལ། གྱོད་ཡ་གུང་ཅི་ཅིག་གིས་ཁྲིམས་དང་མ་མཐུན་པར་བདག་ཏུ་འཛིན་རྒྱུའི་དམིགས་ཡུལ་བཅངས་ནས། ཁང་པ་ཉོ་ཚོང་གི་གན་རྒྱ་ལག་བསྟར་བྱེད་པའི་རྒྱུད་རིམ་ནང་དུ་དོ་བདག་ཕར་ཕྱོགས་མགོ་སྐོར་བཏང་སྟེ་ཁོ་པར་གྲངས་འབོར་ཅུང་ཆེ་བའི་རྒྱུ་ནོར་ཐོབ་ཡོད་སྟབས། བྱ་སྤྱོད་དེ་ཉིད་ཉེས་ཁྲིམས་དང་འགལ་ཟིན་ལ་གན་རྒྱ་ཁ་བསླུས་ཀྱི་ནག་ཉེས་སུ་གྲུབ་ཡོད། དེར་ཁྲིམས་ལྟར་དུས་བཙོན་ལོ་གཅིག་དང་ཟླ་བ་གསུམ་ཐག་གཅོད་བྱས་པ་མ་ཟད་དངུལ་ཆད་སྒོར་སུམ་ཁྲི་ཆབས་སྦྲགས་སུ་བཅད་ཡོད།
        ཁང་པ་གཅིག་ཚོང་ཐེངས་གཉིས་བྱས་པ་དེ་གན་རྒྱ་ཁ་བསླུས་ཡིན་མིན་བརྡར་ཤ་གཅོད་སྐབས། ཁ་བསླུས་ཉེས་བསགས་གྲུབ་པའི་མཐུན་རྐྱེན་འཛོམས་དགོས་པ་ཏེ། བྱ་སྤྱོད་སྤེལ་མཁན་གང་དེས་མགོ་སྐོར་གྱི་བྱ་སྤྱོད་སྤེལ་བ།——ཕར་ཕྱོགས་དེར་འཁྲུལ་བློ་སྐྱེ་བ།——ཕར་ཕྱོགས་དེས་འཁྲུལ་བློ་ལྟར་དུ་རྒྱུ་ནོར་ཐག་གཅོད་བྱས་པ།——བྱ་སྦྱོད་སྤེལ་མཁན་ནམ་ཕུང་གསུམ་པས་རྒྱུ་ནོར་ཐག་གཅོད་པ།——གནོད་འཚེ་ཕོག་ཡུལ་ལ་རྒྱུ་ནོར་གྱི་གྱོང་གུན་ཕོག་པ་བཅས་ཡིན།

        ཁང་པ་གཅིག་ཚོང་ཐེངས་གཉིས་བྱས་པ་དེ་《ཚོང་ཁང་ཉོ་ཚོང་གན་རྒྱའི་རྩོད་གླེང་གྱོད་དོན་འདྲི་གཅོད་བྱེད་པར་ཁྲིམས་ལུགས་སྤྱོད་ཕྱོགས་གནད་དོན་ཁ་ཤས་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད་》ཀྱི་གཏན་འབེབས་གཞིར་བཟུང་ནས། ཉོ་མཁན་གྱིས་གན་རྒྱ་ཕྱིར་འཐེན་བྱེད་པ་དང་། སྤྲད་ཟིན་པའི་ཁང་རིན་དང་དེའི་སྐྱེད་ཀ་ཕྱིར་སློག གྱོང་གུན་གསབ་འཇལ་བཅས་ཀྱི་རེ་འདུན་འདོན་འོས་པ་མ་ཟད། ཚོང་མཁན་ལ་སྤྲད་ཟིན་པའི་ཁང་རིན་ལས་ལྡབ་གཅིག་མ་བརྒལ་པའི་གུན་གསབ་འགན་འཁྲི་ཁུར་དགོས་པའི་རེ་འདུན་ཞུ་ཆོག

(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1